DKYD-DZINDROL-008

From Khyentse Lineage - A Tsadra Foundation Project
Revision as of 15:47, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་ཡོངས་རྫོགས་ཀྱི་གསོལ་འདེབས་བྱིན་རླབས་མཐུ་ཆེན་ཞེས་བྱ་བ་བཞུགས་སོ། །ཕྱོགས་དུས་རྒྱལ་བ་སྲས་དང་སློབ་མར་བཅས། །སྐྱེད་མཛད་ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན་མ། །སྟོན་པ་བཅོམ་ལྡན་ཤཱཀྱ་ཐུབ་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཚུགས་པ་མེད་པ་འཇམ་དཔལ་སྨྲ་བའི་སེང་། །ཟབ་མོ་ལྟ་བའི་འགྲེལ་བྱེད་འཕགས་པ་ལྷ། །ཕ་རྒྱུད་ཐབས་ཀྱི་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཁོར་བ་ལས་སྒྲོལ་ཨཱརྻ་ཏཱ་རེ་དང་། །ཟག་མེད་བདེ་བརྙེས་སུ་ཁ་སིདྡྷིའི་མཚན། །མ་རྒྱུད་ཤེས་རབ་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དཔལ་ལྡན་རྡོ་རྗེ་འཆང་ཆེན་རྣམ་སྣང་མཛད། །གསང་བའི་བདག་པོ་གྲུབ་ཐོབ་ཐབས་ཤེས་ཚོགས། །གཉིས་མེད་དོན་གྱི་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བརྒྱུད་གསུམ་ལ་ཐུག་ཞིི་བྱེད་ཤིང་རྟ་ཆེ། །ཕ་གཅིག་དམ་པ་སངས་རྒྱས་སྐྱོ་སྟོན་པ། །ལུགས་གསུམ་སྲོལ་འབྱེད་མ་ཅིག་ལབ་ཀྱི་སྒྲོན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཁུ་སྒོམ་ཆོས་སེང་རྒྱལ་བ་དོན་གྲུབ་དང་། །ཐོད་སྨྱོན་བསམ་འགྲུབ་ཁམ་བུ་ཡ་ལེ་སོགས། །སྐལ་ལྡན་ཉམས་དང་སྲས་ཀྱི་བརྒྱུད་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བཀའ་བརྒྱུད་ཀུན་འདུས་དཀྱིལ་འཁོར་ཀུན་གྱི་བདག །དཔའ་བོ་རྣལ་འབྱོར་མ་ཚོགས་ཀུན་གྱི་རྗེ། །འཁྲུལ་རྟོག་གཅོད་མཁས་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་ལྟར་གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ལ། །སྒོ་གསུམ་གུས་པས་གསོལ་བཏབ་བྱིན་རླབས་མཐུས། །བྱ་བྱེད་གཞི་དང་ལམ་ལ་གཅོད་ཡུལ་གྱིས། །གེགས་སེལ་བོགས་ཐོན་སྒྲུབ་པའི་སྲང་འཇུག་ཤོག །ཅེས་རྨོངས་རྟུལ་འཇམ་དབྱངས་གྲགས་པས་ཤེར་ཕྱོགས་ཀྱི་ཚེས་བཅུར་གསོལ་བ་བཏབ་ཅིང་གཅོད་ཡུལ་པ་ཀརྨ་བསྟན་འཛིན་རབ་རྒྱས་ལ་བསྟབས་པ་དགེ་ལེགས་འཕེལ། །ཡུམ་ཆེན་ལབ་ཀྱི་སྒྲོན་མ་ཡི། །ཐུགས་བཅུད་ཁྱད་ཆོས་གཅོད་ཡུལ་ལ། །ཐུག་ས་གསུམ་དང་ལུགས་གསུམ་དང་། །བརྒྱུད་འཛིན་གསུམ་དུ་མཁྱེན་པར་མཛོད། །གང་ལ་བྱང་ཆུབ་སེམས་མཆོག་དང་། །ཏིང་འཛིན་གསུམ་གྱི་ལྟ་སྒོམ་སྤྱོད། །མངའ་ན་གཅོད་ཡུལ་བར་ངེས་པས། །ཆོས་ཚུལ་དེ་ལ་འཇུག་པར་མཛོད། །ཅེས་པའང་ཞར་བྱུང་དུའོ། །བཀའ་བརྒྱུད་འཕེལ།། །།