DKYD-DZINDROL-033

From Khyentse Lineage - A Tsadra Foundation Project
Revision as of 15:47, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

རྗེ་བཙུན་འཕགས་མ་སྒྲོལ་མ་ལཿ དོན་བསྟོད་བྱིན་རླབས་ཆར་རྒྱུན་བཞུགསཿ ཨོཾ་སྐྱེ་བ་མེད་པའི་མཁའ་དབྱིངས་སུཿ ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མ་བཞུགསཿ མ་སེམས་ཅན་ཀུན་ལ་བདེ་སྟེར་མཿ བུ་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགསཿ ཏཱ་ཐུགས་རྗེ་ཡེ་ཤེས་སྒྲོལ་མ་ཡིསཿ ལས་ཉོན་མོངས་མ་རིག་མུན་འཐིབས་པའིཿ ཡོངས་འགྲོ་བའི་མ་རིག་མུན་པའི་སྨགཿ ཀུན་སེལ་མཛད་མ་ལ་ཕྱག་འཚལ་བསྟོདཿ རེ་ཚད་མེད་ཐུགས་རྗེའི་གདུང་ཤུགས་ཀྱིསཿ ཁོང་རིགས་དྲུག་སེམས་ཅན་ཐམས་ཅད་དངཿ བདག་མོས་པའི་བུ་ཡི་དོན་ལ་དགོངསཿ མ་གློག་ལྟར་མྱུར་ལ་ཕྱག་འཚལ་བསྟོདཿ ཏཱཾ་རང་ལས་སྤྲུལ་པའི་ཉི་ཤུའི་འཁོརཿ ཚུལ་ཞི་རྒྱས་དབང་དང་དྲག་པོ་ཡིསཿ བདག་འཇིགས་པ་བརྒྱད་དང་བཅུ་དྲུག་སོགསཿ མ་རྟག་ཏུ་སྐྱོབ་ལ་ཕྱག་འཚལ་བསྟོདཿ སྭཱ་མི་འགྱུར་ཚེ་དང་བསོད་ནམས་སྟོབསཿ རིགས་དབང་ཐང་བུ་དང་ལོངས་སྤྱོད་ནོརཿ མི་བདག་དང་བསྲུང་བྱར་གྱུར་ཀུན་ལཿ མ་དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོདཿ ཧཱ་རྟོགས་པར་དཀའ་བ་རིག་པའི་གཤིསཿ ཡུལ་འཁྲུལ་སྣང་དྲག་པོས་མ་བསླུས་ཤིང་། དོན་ལྟ་སྒོམ་སྤྱོད་པའི་སྒྲོག་ལས་གྲོལཿ མ་རང་ངོ་འཕྲོད་ལ་ཕྱག་འཚལ་བསྟོདཿ ཡུམ་རྗེ་བཙུན་ཨཱརྻ་ཏཱ་རེ་མཿ རྩལ་ཐུགས་རྗེའི་སྤྲུལ་སྒྱུར་ཉི་ཤུའི་འཁོརཿ དུས་རྟག་ཏུ་ཐུགས་རྗེས་གཡེལ་མེད་སྐྱོངསཿ མ་ནམ་ཞིག་འདྲེན་ལ་ཕྱག་འཚལ་བསྟོདཿ དཔལ་སངས་རྒྱས་ཐམས་ཅད་བསྐྱེད་མཛད་ཡུམཿ མ་ཁྱོད་ལ་ཆ་ཙམ་བསྟོད་པ་ཡིསཿ བུ་བདག་དང་འབྲེལ་བས་བསྡུས་པ་ཀུནཿ ཞིང་བདེ་བ་ཅན་དང་པོ་ཊ་ལཿ གནས་གཡུ་ལོ་བཀོད་པར་བརྫུས་ཏེ་སྐྱེསཿ མཆོག་མངོན་པར་རྫོགས་པར་སངས་རྒྱས་ནསཿ མ་ཁྱོད་དང་འགྲོ་དོན་མཉམ་པར་ཤོགཿ ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱཿ རྗེ་བཙུན་འཕགས་པ་སྒྲོལ་མ་ལཿ དོན་བསྟོད་བྱིན་རླབས་མྱུར་འགྲུབ་འདིཿ ཌཱཀྐི་མ་ཡིས་ཡང་ཡང་བསྐུལཿ རྟ་ལོ་རྟ་ཟླའི་ཡར་ཚེས་ལཿ འོད་གསལ་ཉམས་ཀྱི་སྣང་བའི་ངོརཿ ཏཱ་རེ་ལྷ་མོའི་ཞལ་གཟིགས་ཚེཿ ཁྲག་འཐུང་བདེ་བའི་རྡོ་རྗེས་བཀོདཿ ཡི་གེ་རིག་པའི་ཡེ་ཤེས་ཀྱིསཿ བཀོད་པས་བྱིན་རླབས་ཤིན་ཏུ་ཆེཿ དགོངས་གཏེར་ཐུགས་ཐིག་ཆ་ལག་གོཿ དགེའོ།། །།