DKYD-DZINDROL-010

From Khyentse Lineage - A Tsadra Foundation Project
Revision as of 15:47, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

སྔོན་འགྲོའི་རིམ་པ་ལ། སྔ་བར་རྩ་སྟོང་རླུང་རིག་དྭངས་པའི་ཚེ། རྣམ་སྣང་ཆོས་བདུན་དང་བཅས། རང་གི་སྤྱི་བོར་བླ་མ་ཧེ་རུ་ཀའི་རྣམ་པར་སྒོམ་ལ་གསོལ་བ་གདབ་པ་ནི། ཨེ་མ་ཧོ། སངས་རྒྱས་ཀུན་འདུས་བླ་མ་ཆོས་ཀྱི་སྐུ། །མ་ཅིག་ཡུམ་ཆེན་དབྱེར་མེད་བཀའ་དྲིན་ཅན། །སྙིང་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །མ་རིག་མུན་པ་སེལ་བར་བྱིན་གྱིས་རློབས། །ཞེས་གསོལ་བ་ཅི་ནུས་བཏབ་རྗེས་དམིགས་གནད་དང་ལྡན་པས་རླུང་རོ་བསལ། སྤྲུག་ལན་གསུམ་བྱ་ཞིང་སྒོ་གསུམ་གྱི་སྡིག་སྒྲིབ་དག་པར་བསམ། རྒྱུན་དུ་གསོལ་འདེབས་ནི། གོང་གི་ཚིག་རྗེས་མ་དོར་ལ། འཁྲུལ་སྣང་སྙེམས་བྱེད་བདུད་བཞི་ལས་རྒྱལ་ཞིང་། །སྐྱེ་མེད་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །ཞེས་མོས་གུས་ཀྱིས་གསོལ་བ་འདེབས་ཤིང་རླུང་འབྱུང་འཇུག་གནས་གསུམ་ཡི་གེ་གསུམ་དུ་སྦྱང་བས་བར་རླུང་བུམ་པ་ཅན་དང་མ་བྲལ་བ་གནད་དམ་པའོ། །དགེའོ།། །། ༈ གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། །གཉན་ས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །བདག་འཛིན་རྣམ་རྟོག་ཆོམས་པར་བྱིན་གྱིས་རློབས། །ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །རོ་སྙོམས་ལམ་དུ་ལོངས་པར་བྱིན་གྱིས་རློབས། །ཆོས་སྐུའི་རྒྱལ་ས་ཟིན་པར་བྱིན་གྱིས་རློབས། །ཞེ་ཆེན་རྒྱལ་ཚབ་གསུང་འབུམ་ལས་སོ།། །།