DKYD-DZINDROL-001

From Khyentse Lineage - A Tsadra Foundation Project
Revision as of 15:41, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། འདིར་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་དོན་སྙིང་པོར་དྲིལ་པ་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས་འབྱུང་བ་འདི་ལྟ་སྟེ། ཉེ་བར་ལེན་པའི་རྒྱུ༷་རྣམ༷་པ་བཞི་༷ཡིས༷་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྐྱེས་པའི་བྱང༷་ཆུབ༷་སེམ༷ས་དཔའ༷་ཐབས་ལ་མཁས༷་པ་རྣམས་མི་མཐུན་ཕྱོགས་ཀྱིས་བརྫི་བར་ནུས་པ་མིན་པས་མཐུ་སྟོབ༷ས་དང་ལྡན༷་པ་ཉིད་དེ། ཕུང་འཆི་ཉོན་མོངས་ལྷ་བུ་དང་ཐོགས་བཅས་ཐོགས་མེད་དགའ་བྲོད་སྙེམ་བྱེད་ཀྱི་བདུད༷་བཞི༷ས་ཐུབ༷་པར༷་དཀ༷འ་ཞིང༷་རྒྱུད་བསྐྱོད༷་པ༷ར་མི༷་ནུས༷་ཏེ༷། རྒྱུ་བཞིའང་དངོས་གཞི་དབྱིངས་རིག་བསྲེ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ལྟ་བའི་དགོངས་པ་སྐྱོང་བས་སྟོང༷་པར༷་གནས༷་པ་དང༷་། ཕུང་པོ་གཟན་དུ་བསྐྱུར་བ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོམ་པ་སྙིང་རྗེ་ཆེན་པོས་སེམ༷ས་ཅན༷་རྣམས་ཡོངས༷་སུ༷་མི༷་གཏོང༷་བ་དང་༷། དེ་དག་བཞིན་དུ་གཟུང་འཛིན་སྙེམ་ཐག་བཅད་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྤྱོད་པ་སྤྱད་ཅིང་། རྗེས་ཀྱི་རིམ་པ་རྣམས་ཀྱིས་ཇི་༷སྐད༷་སྨྲས༷་པ་དེ་བཞིན༷་དུ་བྱེད༷་པ་དང༷་། སྦྱོར་བའམ་སྔོན་འགྲོ་སྐྱབས་སེམས་ཚོགས་གསག་བླ་མའི་རྣལ་འབྱོར་གྱིས་བདེ༷་གཤེག༷ས་སྲས་བཅས་ཀྱི་རྡོ་རྗེ་གསུམ་གྱི་བྱིན༷་རླབ༷ས་རྒྱུད་ལ་ཞུགས་པ་ཅ༷ན་ཏེ། དེ་ལྟར་སྔོན་འགྲོའི་རིམ་པ་དང་། དངོས་གཞི་ཤེས་རབ་སྟོང་པ་ཉིད་ཡུམ་དོན་དང་། ཐབས་སྙིང་རྗེ་ཟུང་དུ་འབྲེལ་བ་དཀར་དམར་འགྱེད་བཅས་སོགས་དང་། རྗེས་དང་བཞིས་ཤེར་ཕྱིན་འོ་མའི་རྒྱ་མཚོ་གཅོད་ཡུལ་མར་དུ་འདྲིལ་བ་ནི་ངེས་པའོ། །དེ་སྐད་གཅོད་ལ་མོས་པ་ལམ་བྱེད་མཁན། །རྨོངས་རྟུལ་འཇམ་དབྱངས་གྲགས་པས་ཅུང་ཟད་ཙམ། །ཇི་ལྟར་ནུས་བཞིན་བཀྲལ་པའི་རྣམ་དཀར་དགེས། །འགྲོ་ཀུན་ཆོས་སྐུ་ཡུམ་ཆེན་གནས་ཐོབ་ཤོག། །།