PJCW-KABUM-06-CHA-009

From Khyentse Lineage - A Tsadra Foundation Project
Revision as of 09:52, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །ཞབས་དཀར་སྤྲུལ་སྐུ་མྱུར་འབྱོན་བཞུགས།


གང་གིས་ཐོག་མེད་བསྐལ་པའི་དུས་རིང་ནས། །མཁའ་ཁྱབ་འགྲོ་ལ་བུ་གཅིག་ལྟར་བརྩེ་བའི། །ཐུགས་རྗེའི་སྤྱན་གྱིས་གཟིགས་པ་མི་འདོར་བ། །སྤྱན་རས་གཟིགས་དབང་བླ་མའི་ཞབས་ལ་འདུད། །མགོན་ཁྱོད་སྙིགས་མའི་དུས་འདིར་བསམ་བཞིན་དུ། །འགྲོ་བའི་དོན་དུ་གཟུགས་སྐུ་བསྟན་ལགས་ན། །ལས་ངན་གདུལ་བྱ་ཡུན་རིང་མི་སྐྱོང་བར། །ཞི་བའི་དབྱིངས་སུ་གཟིམ་པ་ཇི་ལྟར་འོས། །འདི་ནི་མོས་གུས་གདུང་བའི་མིག་གཉིས་པོ། །མཆི་མས་རབ་ཏུ་བརླན་ཞིང་གསོལ་འདེབས་ངག །བུས་པས་མ་ལ་ཇི་བཞིན་བརྩེར་འབོད་པའི། ། ལས་ངན་ཐ་མའི་གདུལ་བྱ་ལུས་བཞིན་དུ། །གློ་བུར་ཆོས་སྐུར་གཟིམ་པ་བདེན་ནམ་ཅི། ། མགོན་ཁྱོད་ཁོ་ན་དྲན་པའི་གདུང་ཡུས་ཀྱིས། །ཉིན་མཚན་མྱ་ངན་མེ་ཡིས་སྙིང་བསྲེགས་པའི། ། མི་ལུས་དམྱལ་མྱོང་འོ་དོད་འབོད་བཞིན་དུ། །རྒྱང་ནས་ཡལ་བར་འདོར་བ་རིགས་སམ་ཅི། ། ཀྱི་ཧུད་ཉིན་མཚན་ཆ་ཡང་དབྱེར་མ་ཤེས། །སྐྱབས་མགོན་ཐུགས་རྗེའི་ཉི་འོད་ཀྱིས་བཏང་བའི། །ལས་ངན་མགོན་མེད་འགྲོ་བ་བདག་སོགས་ཀུན། །སུ་ལ་གང་དུ་ཇི་ལྟར་རེ་ལྟོས་བྱ། ། ཟུག་ངུས་ཟིན་པའི་སྙིང་འདི་ཁོང་བ་ན། །བྱེ་ཚན་བཏོན་པའི་ཉ་བཞིན་འགྲེ་ཞིང་ལྡོག །སྐལ་དམན་འདི་འདྲ་མ་མཐོང་གོང་དུ་བདག །ཕ་རོལ་མི་ཁྲིད་འཆི་བདག་སྙིང་རྗེ་མེད། །མགོན་ཁྱོད་བཀའ་དྲིན་ལྷ་ཆོས་མ་འགྲུབ་ན། །གཡོ་བའི་རོ་འདི་བྱ་ཁྱིས་ཟོས་ཀྱང་རུང་། །ཁྱོད་ཞལ་བལྟ་བའི་སྐལ་པ་མི་ལྡན་ན། །དཔྲལ་སྐྱེས་ཆུ་བུར་འདིས་ཀོ་ཅི་ཞིག་བྱ། །ད་ནི་མི་ཚེའི་ལྷག་མ་ཅི་ཙམ་པར། །སྙིང་པོའི་སྒྲུབ་ལ་གཞོལ་བར་དམ་འཆའ་ན། །མགོན་ཁྱོད་དག་པའི་ཞིང་ཁམས་གར་བཞུགས་ཀྱང་། །ཐུགས་རྗེའི་སྤྱན་གྱིས་དབྱེར་མེད་གཟིགས་སུ་གསོལ། །ལས་ངན་བདུད་ཀྱིས་ཁྱེར་རམ་གཡེངས་པས་བསླུས། །འཁྲུལ་སྣང་ཚེ་འདིར་ཞེན་པའི་བློ་ནམ་སྐྱེས། །ཁྱོད་སྐུའི་སྣང་བ་དངོས་ཉམས་རྨི་ལམ་དུ། །བསྟན་ནས་ཡང་དག་ལམ་ལ་བསྐུལ་དུ་གསོལ། །ཇི་ལྟར་སྤྲེའུ་མི་ཡི་ལད་མོ་བཞིན། །མགོན་པོ་ཁྱེད་ཀྱི་རྣམ་ཐར་རྗེས་བསླབ་སྟེ། ། བྱང་ཆུབ་སེམས་གཉིས་བསྒོམ་པའི་བློ་སྐྱེས་ཚེ། །ཐུགས་རྗེ་མཆོག་གིས་མ་ཡིས་བུ་བཞིན་སྐྱོངས། །གཏུམ་མོ་སྒྱུ་ལུས་འོད་གསལ་རྨི་བར་འཕོ། །ཟབ་དོན་རྫོགས་ཆེན་ཀ་དག་ལྷུན་གྲུབ་གནད། །རྩེ་གཅིག་སེམས་ཀྱིས་དབེན་པ་ཉམས་ལེན་ཚེ། །ཉམས་རྟོགས་རྩལ་བསྐྱེད་གེགས་སེལ་བསམ་དོན་སྩོལ། །ཁྱེད་ཐུགས་ཆོས་སྐུའི་དགོངས་པ་འགགས་མེད་ལས། ། སྣ་ཚོགས་གཟུགས་སྐུའི་རྣམ་རོལ་མཐའ་ཡས་པ། །སྣ་ཚོགས་གདུལ་བྱའི་བློ་དང་སྐལ་བ་བཞིན། །ཡང་ཡང་མཚན་དཔེའི་སྐུ་མཆོག་བསྟན་དུ་གསོལ། །རིང་ནས་མཁའ་མཉམ་འགྲོ་ཕྱིར་ཐུགས་བསྐྱེད་དེ། །ད་དུང་མཁའ་མཉམ་སྡུག་བསྔལ་འགྲོས་བརྟེན་ན། །ཁྱེད་ཐུགས་ཆོས་སྐུའི་ཀློང་དུ་མ་དགྱེས་པར། །བྱང་ཆུབ་སྤྱོད་པའི་དངོས་འབྲས་མངོན་མཛད་གསོལ། ། མགོན་ཁྱོད་རྟག་ཏུ་གཞན་ཕན་དགོངས་པ་ལ། །ཡང་དང་ཡང་དུ་བསྐུལ་ལྟ་མི་འཚལ་ཡང་། ། བདག་བློ་གདུང་བའི་ཤུགས་འདི་མ་བཟོད་པར། །གསོལ་བ་བཏབ་འདི་མངོན་སུམ་མཛད་དུ་གསོལ། །ཞེས་སྐྱབས་མགོན་ཞབས་དཀར་རིན་པོ་ཆེའི་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པ་ཐོས་ཚེ། རྗེ་དེ་ཉིད་ཀྱི་སློབ་བུ། མདོ་སྔགས་རྒྱ་མཚོ་དང་། བསོད་ནམས་རྣམ་རྒྱལ་གཉིས་ཀྱིས་ཀྱང་བསྐུལ་ཏེ་དཔལ་དགེ་མཆོག་སྤྲུལ་རིན་པོ་ཆེས་གསུངས་པའོ། །དགེའོ། །