PJCW-KABUM-01-KA-031
༄༅། །མཐར་ཐུག་རྫོགས་པ་ཆེན་པོ་སངས་རྒྱས་པའི་ཐབས་ཟབ་མོ་བསྒོམ་པ་རང་གྲོལ་ཞེས་བྱ་བ་བཞུགས་སོ། །
ཨ་བུ་ཧྲལ་པོའི་སྙིང་གཏམ་ཚིགས་སུ་བཀོད་པ་ཨི་གོ་ཨི་གོ །ཨེ་མ་ཧོ། རྣམ་དག་ཆོས་སྐུའི་ངང་ལས་མ་གཡོས་ཤིང་། །འཁྲུལ་བའི་རྩ་བ་རྩེ་ནས་ཡེ་སངས་རྒྱས། །ཀུན་བཟང་ཁྱེད་ཀྱི་དགོངས་པ་ཅི་ལྟ་བ། །ནོར་མེད་དེ་བཞིན་བདག་གིས་མྱུར་རྟོགས་ཤོག །བུ་སྐལ་ལྡན་བྱང་ཆུབ་ཐོབ་འདོད་ན། །སྤྲང་འཁྱམས་པོ་ཁྱི་རྒན་དཔལ་སྤྲུལ་གྱིས། །དོན་མ་ནོར་སྙིང་གཏམ་ཚིག་གསུམ་བཤད། །བུ་སྙིང་རུས་ཅན་རྣམས་ཉམས་ལེན་ཞུ། །སྟོང་ཉིད་ཆོས་སྐུ་ཞེས་བྱ་བ། བླ་མ་གྲུབ་ཐོབ་ཐམས་ཅད་ཀྱི་ཐུགས་དམ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ཡི་དམ་ཐམས་ཅད་ཀྱི་སྲོག་རྩ། མཁའ་འགྲོ་ཐམས་ཅད་ཀྱི་སྙིང་ཁྲག །ཆོས་སྐྱོང་ཐམས་ཅད་ཀྱི་རྟེན་གནས། མདོ་རྒྱུད་ཐམས་ཅད་ཀྱི་ཉིང་ཁུ། གསང་སྔགས་རིགས་སྔགས་ཐམས་ཅད་ཀྱི་ཡང་བཅུད། ཕྱག་རྫོགས་དབུ་གསུམ་གཅིག་ཏུ་བསྟན་པ། ཆོས་སྐུ་རང་སེམས་དབྱེར་མེད་ངོ་སྤྲད་པ། གཅིག་ཤེས་ཀུན་གྲོལ། གཅིག་ཆོག་རྒྱལ་པོ། ཆོས་ཉིད་ཀྱི་ཕྱག་རྒྱ་ཆེན་པོ། ནང་རྟོགས་ན་ནང་སངས་རྒྱས། ནུབ་རྟོགས་ན་ནུབ་སངས་རྒྱས། ཞེས་བྱ་བ། མིང་ཆེ་ལ་དོན་ཆེ་བ། འདི་ཉིད་ནི་རང་སེམས་སྟོང་པ་མ་བཅོས་རང་ཤར་ཐོག་ཏུ་བཞག་པ་རང་ལ་ཟེར་བ་ཡིན་ནོ། །རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཡང་དག་པའི་ལྟ་བ་མ་ནོར་བ་ཞིག་རྟོགས་པར་བྱེད་ན། སེམས་མ་བཅོས་སྟོང་པའི་ངང་དུ་གསལ་ལྷང་ངེར་ཞོག །སེམས་འདུག་ན་འདུག་པའི་ཐོག་ཏུ་མ་བཅོས་པར་ཞོག །མ་དྲན་ན་མ་དྲན་པའི་ཐོག་ཏུ་མ་བཅོས་པར་ཞོག །མདོར་ན་སེམས་མ་བཅོས་གང་ཤར་ཐོག་ཏུ་ཞོག །བཅས་བཅོས་དགག་སྒྲུབ་གང་ཡང་མ་བྱེད། ཅི་བྱུང་ན་བྱུང་ཐོག་ཏུ་མ་བཅོས་པར་ཞོག །རང་སེམས་ཚུར་ལ་མ་བཞག །བལྟ་རྒྱུ་ཕར་ལ་མ་བཙལ། བལྟ་མཁན་བསམ་མཁན་སེམས་ཁོ་རང་ཐོག་ཏུ་མ་བཅོས་པར་ཞོག །རང་སེམས་ཚུར་ལ་མ་བཞག །
བསྒོམ་རྒྱུ་ཕར་ལ་མ་བཙལ། སྒོམ་བྱེད་མཁན་སེམས་ཁོ་རང་ཐོག་ཏུ་མ་བཅོས་པར་ཞོག །
རང་སེམས་བཙལ་བས་མི་རྙེད་སེམས་ཉིད་ཡེ་ནས་སྟོང་། བཙལ་ཡང་མི་དགོས་བཙལ་མཁན་དེ་ཉིད་ཡིན། བཙལ་མཁན་ཁོ་རང་ཐོག་ཏུ་མ་ཡེངས་པར་ཞོག །ཨི་ཤེས་མི་ཤེས་བལྟ་རྒྱུ་གདའམ་མི་གདའ་ཡིན་ནམ་མ་ཡིན་གང་བྱུང་ན་ཡང་། བསམ་མཁན་ཁོ་རང་ཐོག་ཏུ་མ་བཅོས་པར་ཞོག །བཟང་ངན་ཡག་བཙོག་དགའ་སྡུག་ཅི་དྲན་བྱུང་ན་ཡང་། སྤང་བླང་མི་བྱེད་པར་དྲན་མཁན་ཁོ་རང་ཐོག་ཏུ་མ་བཅོས་པར་ཞོག །འདོད་མི་འདོད་ཅི་བྱུང་ན་ཡང་།
བྱུང་ཐོག་ཏུ་མ་བཅོས་པར་ཞོག །དེ་ཡང་སྙན་རྒྱུད་ལས། གཞི་མ་བཅོས་ཕྱག་རྒྱ་ཆེན་པོ་ཡིན། ལམ་མ་བཅོས་དབུ་མ་ཆེན་པོ་ཡིན། འབྲས་བུ་མ་བཅོས་རྫོགས་པ་ཆེན་པོ་ཡིན། ཞེས་གསུངས་སོ། །མ་བཅོས་པ་དེ་ཡི་གེགས་སེལ་ཅུང་ཟད་བྱེད་པ་ནི། སེམས་རྩུབ་མོ་མི་དྲན་དགུ་དྲན་བྱུང་བའི་དུས་སུ། ལུས་ངག་ཡིད་གསུམ་ལྷོད་ཤིག་གེ་ཞོག །དེ་ཉིད་ངང་ནས་སེམས་མི་དྲན་དགུ་དྲན་དེ་ལ་ཕྱོགས་སྲུང་ཕྱོགས་འཚོ་གྱིས་ལ་ཡེངས་མ་ཤོར་ངང་དུ་སྡོད། སེམས་ཕྲ་མོ་དྲན་མགྱོགས་པ་རིག་ཙམ་མི་རིག་ཙམ་དེ་འདྲ་བྱུང་དུས། རིག་པ་ཧྲིལ་གྱིས་སྒྲིམ་ལ་གསལ་ལྷང་ངེར་ཞོག །སེང་ངེར་ཡེ་རེ་སྡོད། སེམས་བྱིང་རྨུགས་འཐིབ་གསུམ་བྱུང་བའི་དུས། བདེ་གསལ་གྱི་ཉམས་ལ་མ་ཆགས་པར། བཅས་བཅོས་མི་བྱེད་པར་རང་སར་ཞོག་ལ་སྡོད། སེམས་དགའ་སྡུག་བྱུང་དུས་དགའ་དགའ་སྡུག་སྡུག་བྱེད་མཁན་ཁོ་རང་ཐོག་ཏུ་མ་ཡེངས་ཞོག་ལ་སྡོད། དགའ་བྲོད་སྐྱིད་རྒྱག་བཀུར་བསྟི་བྱུང་དུས། དགའ་བྲོད་བདུད་ཀྱི་དབང་དུ་སྣང་བ་མཐོ་ལིང་ངེ་འབྲང་སྟེ་མ་བཏང་བར་མགོ་བོ་ཁུག །སྣང་བ་ཕོབ་ལ་ལུས་སེམས་དལ་ཞིག་གེ་སྡོད། ན་ཚ་སྡུག་བསྔལ་རྐུ་འཕྲོག་ཚིག་ངན་སྨད་བཤའ་རྐྱེན་ངན་མུ་གེ་དེ་རྣམས་བྱུང་དུས་སུ་མགོ་བོ་མ་ཁུག །ངོ་མདངས་མ་ཤོར། མཆི་མ་མ་བཏང་ལ། དགའ་ཡ་ལེ་སྤྲོ་སེང་ངེ་འཛུམ་མུ་ལེ་སྡོད། སེམས་ཀྱི་མཚང་བསྟན་པ་ནི། སྒོམ་ཆེན་ཕོ་མོ་ལ་ལས། སེམས་ངོ་ཤེས་རྒྱུ་མ་རེད་བསམ་ནས་སྡུག་ཏེ་མཆི་མ་ཤར་ཤར་འབབ་ནས་འོང་སྟེ། སྡུག་མི་དགོས། མི་ཤེས་རྒྱུ་ཅི་ཡང་མེད། སེམས་ངོ་ཤེས་རྒྱུ་མ་རེད་བསམ་མཁན་ཁོ་རང་གི་ཐོག་ཏུ་ཞོག་དང་དེ་རང་ཡིན། སྒོམ་ཆེན་ལ་ལས་སེམས་ངོ་བསྲུང་བ་ལ་དཀའ་མོ་གདའ་ཟེར་ཏེ། དཀའ་མོ་ཅི་ཡང་མེད། སྒོམ་མི་ཤེས་པའི་སྐྱོན་ཡིན། སྒོམ་བཙལ་ནི་མི་དགོས། ཉོ་ནི་མི་དགོས། བསྒྲུབ་ནི་མི་དགོས། འགྲོ་ནི་མི་དགོས། ལས་ནི་མི་དགོས། རང་གི་སེམས་ལ་གང་བྱུང་གང་ཤར་ངང་དུ་བཞག་པས་ཆོག །རང་གི་སེམས་ནི་ཡེ་ནས་རང་ལ་ཡོད། བོར་རྒྱུ། རྙེད་རྒྱུ། ཡོད་རྒྱུ། མེད་རྒྱུ་ནི་ཅི་ཡང་མེད། ཡེ་ནས་ཡོད་པའི་སེམས་འདི་ནི་དྲན་དུས་དྲན་མི་དྲན་དུས་མི་དྲན་འདུག་འདུག་མི་འདི་ནི་རང་ཡིན། སེམས་ཁོ་རང་ཅི་དྲན་བྱུང་ན་ཡང་། ཅི་བྱུང་ཐོག་ཏུ་མ་བཅོས་པར་ལྷོད་དེ་མ་ཡེངས་པར་སྐྱོང་དང་ཆོག །བདེ་མོ་སླ་མོ་ཤུགས་ལ་འོང་བ་ཡིན། ཆོས་ལ་དཀའ་སྣང་བྱུང་ན་རང་སྡིག་སྒྲིབ་ཆེ་བའི་རྟགས་ཡིན། སྒོམ་ཆེན་ལ་ལས་དགོས་པའི་སེམས་རང་ཐོག་ཏུ་མི་བཞག་ནས། མི་དགོས་པའི་སེམས་ཀྱིས་ཕར་བལྟ་ཚུར་ཉུག་མང་པོ་བྱེད་པ་གདའ་སྟེ། ཕར་བལྟ་ཚུར་ཉུག་བྱས་པས་སེམས་མི་རིག་མི་རྙེད་དོན་མ་གོ་བའི་སྐྱོན་ཡིན། ཕར་བལྟ་ཚུར་ཉུག་ཅི་མི་དགོས་ཕར་བལྟ་ཚུར་ཉུག་བྱེད་མི་སེམས་ཁོ་རང་ཐོག་ཏུ་ཞོག་དེ་རང་ཡིན། སྒོམ་ཆེན་ལ་ལས་སེམས་དྲན་ན་དྲན། མི་དྲན་ན་མི་དྲན་པའི་ཐོག་ཏུ་མ་བཞག་ནས་ལོག་གཅིག་ནས་ཡོང་བསམ་ནས། ཕར་བཙལ་ཚུར་ཉུག་བྱེད་པ་གདའ་སྟེ། ཕར་བཙལ་ཚུར་ཉུག་བྱས་པས་སེམས་ངོ་མི་ཤེས་མི་རྟོགས། ཕར་བཙལ་ཚུར་ཉུག་བྱེད་མི་དགོས། སེམས་དྲན་ན་དྲན་མ་དྲན་ན་མ་དྲན་ཐོག་ཏུ་ཞོག་དང་དེ་རང་ཡིན། སྒོམ་ཆེན་ལ་ལས་རང་གི་སེམས་སྟོང་པ་ཉིད་ལ། རང་སེམས་ཡིད་མ་ཆེས་ནས། ཨི་ཡིན་མི་ཡིན་བསམ་ནས་ཐེ་ཚོམ་བྱེད་པ་ཡང་གདའ་སྟེ། དེ་ཡིས་དོན་མ་གོ་བའི་སྐྱོན་ཡིན། ཐེ་ཚོམ་བྱེད་མི་དགོས། རང་སེམས་ཡེ་ནས་སྟོང་པ་ཡིན་པས། སྟོང་པའི་ངང་དུ་ཞོག་དང་དེ་རང་ཡིན། ཐེ་ཚོམ་བྱུང་ན་ཐེ་ཚོམ་ཁོ་རང་ཐོག་ཏུ་ཞོག་དང་དེ་རང་ཡིན། སྒོམ་ཆེན་ལ་ལས་དྲན་མཁན་སེམས་ལ་མི་བལྟ་བར། དྲན་པའི་ཡུལ་རྒྱུ་ཟོག་ས་རྡོ་རྣམས་ལ་བལྟ་མི་ཡང་མང་པོ་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། གཉིས་འཛིན་གྱི་ལྟ་བ་ཡིན། དྲན་མཁན་ཁོ་རང་ཐོག་ཏུ་ཞོག་ལ་ལྟོས། སྒོམ་ཆེན་ལ་ལས་སྣང་སེམས་དབྱེར་མེད་དུ་མི་བཞག་ནས། སྣང་བ་རང་འདེད་ཅིང་འགྲོ་མི་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། གཉིས་སྣང་གི་ལྟ་བ་ཡིན། སྣང་བ་ཕར་ལ་མ་དེད། དངོས་པོ་ཚུར་ལ་མ་བཀུག་སྣང་སེམས་དབྱེར་མེད་དུ་ཞོག །སྒོམ་ཆེན་ལ་ལས་སེམས་རང་སར་མི་བཞག་ནས། བྱི་ལས་བྱི་བ་སྒུག་པ་ལྟར། རྣམ་རྟོག་ཅི་བྱུང་བལྟ་འདུག་མི་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། དྲན་པ་སྔོན་བསུ་ཡིན། རྣམ་རྟོག་བྱུང་ན་བྱུང་མ་བྱུང་ན་མ་བྱུང་ཐོག་ཏུ་ཞོག །སྒོམ་ཆེན་ལ་ལས་སེམས་རང་ཐོག་ཏུ་བཞག་མ་ཤེས་ནས། སྔ་མ་དྲན་པའི་རྗེས་སུ་ལྟ་ཞིང་འགྲོ་མི་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། དྲན་པའི་རྗེས་གཅོད་ཡིན། དྲན་པའི་རྗེས་མི་གཅོད་པར་གཅོད་མཁན་ཁོ་རང་ཐོག་ཏུ་ཞོག །སྒོམ་ཆེན་ལ་ལས་སེམས་ཅི་གནས་གང་ཤར་ཐོག་ཏུ་མི་བཞག་ནས། སྒོམ་བཟང་པོ་ཞིག་འདོད་ནས་སེམས་གན་བཅར་མདུན་ཚུག་ཧྲིག་ཧྲིག་མང་པོ་བྱེད་པ་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། སེམས་བཅོས་མ་ཡིན། སེམས་བཟོ་བཅོས་གང་ཡང་མི་བྱེད་པ་རང་གནས་ཅི་བྱུང་གང་ཤར་ངང་དུ་ཞོག །
སྒོམ་ཆེན་ལ་ལས་གང་དྲན་མི་བཅུག་པར་ཤེད་ཕྱུང་ནས་སེམས་བཟུང་འདུག་མི་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། སེམས་བཀག་པ་ཡིན། སེམས་གནས་ན་གནས་ཐོག་ཞོག །འགྱུ་ན་འགྱུ་ཐོག་ཞོག །སྒོམ་ཆེན་ལ་ལས་ཁྱད་གསོད་ལྟར་སེམས་ཧང་ཧང་བྱེད་འདུག་པ་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། སེམས་ཧང་ལྟས་ཡིན། སྟོང་པའི་ངང་དུ་གསལ་ལྷང་ངེར་ཞོག །སྒོམ་ཆེན་ལ་ལས་སེམས་ཉིད་འདི་སྟོང་པ་ཡིན་བསམ་ནས་སྒོམ་པ་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། སྟོང་པ་བཟོ་སྒོམ་ཡིན། སྟོང་པ་ཉིད་བསམ་མཁན་ཐོག་ཏུ་ཞོག །སྒོམ་ཆེན་ལ་ལས་བདེ་ཤིག་གེ་སྟོང་སང་སང་གསལ་ཧྲིག་ཧྲིག་བྱུང་དུས་བལྟ། རྩུབ་ཟིན་ཟིན། ན་ཁ་ཁ། སྟོང་འཕྱང་འཕྱང་། ལྟ་རྒྱུ་མེད་པ་དེ་འདྲ་བྱུང་དུས་མི་བལྟ་མཁན་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། སྤང་བླང་ཡིན། སྤང་བླང་གང་ཡང་མ་བྱེད་པར་གང་བྱུང་ཐོག་ཏུ་ཞོག །སྒོམ་ཆེན་ལ་ལས་བཟང་པོ་དྲན་བྱུང་དུས་བལྟ། ངན་པ་བཙོག་པོ་དྲན་བྱུང་དུས་མི་བལྟ་མཁན་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། བཟང་བལྟ་ངན་བསྐྱུར་ཡིན། བཟང་བལྟ་ངན་བསྐྱུར་མ་བྱེད་པར། བཟང་ངན་གང་དྲན་བྱུང་ན་ཡང་། དེ་ཡི་ཐོག་ཏུ་མ་ཡེངས་པར་ཞོག །སྒོམ་ཆེན་ལ་ལས་སེམས་བདེ་མོ་བྱུང་ན་དགའ། རྣམ་རྟོག་རྒོད་པོ་བྱུང་ན་རང་གི་སེམས་ལ་ཞེ་སྡང་བྱེད་པ་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། གང་ཤར་གྱི་ངོ་བོ་སྐྱོང་མ་ཤེས་པའི་སྐྱོན་ཡིན། རྣམ་རྟོག་རྒོད་པོ་བྱུང་དུས་སེམས་གློད་གློད་ངང་ནས་རྒོད་པོ་ཁོ་རང་གི་ཐོག་ཏུ་ཞོག །སྒོམ་ཆེན་ལ་ལས་དགོས་མི་དགོས་མེད་པར་སྒྲིམ་ལྷོད་གང་ཡང་མི་བྱེད་པ་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། བཅོས་མ་ཅུང་ཟད་ཕོག་འགྲོ་བ་ཡིན། སེམས་གནས་མ་ཤེས་པའི་སྐྱོན་ཡིན། དགོས་པའི་དུས་སྒྲིམ་ལྷོད་ཀྱིས། མི་དགོས་པའི་དུས་སུ་སྒྲིམ་ལྷོད་མི་བྱ་བར་རང་བབས་སུ་གསལ་ལྷང་ངེར་ཞོག །སྒོམ་ཆེན་ལ་ལས་ཟས་སྐོམ་ཞིམ་མངར་གྱི་རོ་དྲན་དུས་སྒོམ་མི་ཚུག་ནས། ཡར་ལངས་ནས་ཟས་སྐོམ་ཞིམ་མངར་ཅན་ཞིག་ཨི་ཐོབ་མི་ཐོབ་བྱེད་ནས་ཟས་སྐོམ་ཞིམ་མངར་ལ་ལོངས་སྤྱོད་པ་གདའ་སྟེ། དེ་འདྲ་བྱས་ན་བསམ་གཏན་འཚོ་བ་ཟ་བའི་སྒོམ་ཆེན་ལེགས་པོ་ཞིག་མི་འོང་། ཁ་ཞིམ་ལྟོ་སྐྱིད་ཀྱིས་སྒོམ་ཆེན་སྡུག་བྲེད་ཅན་གཅིག་འོང་། དེ་ཕྱིར་ཟས་སྐོམ་ཞིམ་མངར་གྱི་རོ་ལ་མ་ཆགས་པར་བསམ་གཏན་གྱི་འཚོ་བ་ཟ་དགོས་པ་ཡིན། སྒོམ་ཆེན་ལ་ལས་སྐྱིད་རྒྱག་ལོངས་སྤྱོད་ཆེ་བསྟོད་དེ་འདྲ་བྱུང་དུས་སྒོམ་བྱེད་མི་ཚུག་པ་དགའ་དགའ་སྐྱིད་སྐྱིད་ཆེར་བྱེད། སྡུག་བསྔལ་རྐྱེན་ངན་ན་ཚ་སྨད་བཤའ་ཁ་མཆུ་དེ་འདྲ་བྱུང་དུས་སྒོམ་བྱེད་མི་ཐུབ་ནས་ཁ་ངོ་སྤྲིན་ནག་ལྟར་བསྡུས་ནས་ཁ་ཡིས་སྡུག་རབ་བཤད་མིག་ནས་མཆི་མ་བཏང་མཁན་ཡང་གདའ་སྟེ། དེ་འདྲ་བྱས་ན་དགའ་སྡུག་རོ་སྙོམས་ཐུབ་པའི་ཆོས་པ་ལེགས་པོ་ཞིག་མི་འོང་། དགའ་སྡུག་ཆོས་བརྒྱད་ཀྱི་དབང་དུ་ཤོར་བའི་ཆོས་མེད་ཐ་མལ་སྡུག་བྲེད་གཅིག་འོང་བ་ཡིན། དེའི་ཕྱིར་དགའ་སྡུག་གང་ཡང་རོ་སྙོམས་ནས་ལམ་ཁྱེར་དགོས་པ་ཡིན།
༈ སེམས་ཀྱི་རྣམ་ཐར་བཤད་པ་ནི། ཨེ་མ་ཧོཿ སེམས་ཉིད་ཡེ་ནས་དངོས་པོ་མེད། །བལྟས་པས་མི་མཐོང་སྟོང་པར་འགྱུར། །སྟོང་པ་མ་ཡིན་རིག་ཅིང་གསལ། །རིག་སྟོང་དབྱེར་མེད་མཁའ་ལྟར་ཁྱབ། །བཞག་ཀྱང་གཏད་མེད་ཟང་ཐལ་འགྲོ། །མ་བཞག་བཏང་ཡང་རང་སར་འཁོར། །རྐང་ལག་མེད་ཀྱང་ཀུན་ཏུ་རྒྱུག །བཏང་ཡང་མི་འགྲོ་རང་སར་འཁོར། །མིག་ནི་མེད་ཀྱང་ཐམས་ཅད་རིག །རིག་པའི་སྣང་བ་སྟོང་པར་འགྲོ། །སེམས་ཀྱི་ངོ་བོ་འདི་ཞེས་མེད། །
མེད་ཀྱང་དྲན་རིག་སྣ་ཚོགས་འཆར། །ཡོད་པ་མ་ཡིན་སྟོང་པར་འགྲོ། །མེད་པ་མ་ཡིན་དྲན་རིག་སྣང་། །སྣང་སྟོང་ཟུང་འཇུག་འོད་ཟེར་འབར། །སྟོང་གསལ་ཆོས་སྐུ་རང་མདངས་གསལ། །
ཡེ་ཤེས་ལྔ་ལྡན་རབ་ཏུ་རྒྱས། །ཀ་དག་གནས་ལུགས་ལྷུན་གྲུབ་དང་། །སྐུ་དང་ཞིང་ཁམས་འགག་མེད་འཆར། །འོད་གསལ་མ་བུ་གཅིག་ཏུ་འདྲེས། །སེམས་ཀྱི་གནས་ལུགས་དེ་འདྲ་བ། །རྟོགས་པར་འདུག་གམ་རྟོགས་ལྡན་རྣམས། །ཤེས་པར་འདུག་གམ་སྒོམ་ཆེན་རྣམས། །
ཉམས་ལེན་མཛོད་ཅིག་རྣལ་འབྱོར་རྣམས། །འཁྲུལ་བ་རང་གྲོལ་གྱི་གདམས་ངག་གིས། །
དུག་སྨན་དུ་བསྒྱུར་བ་ལྟ་བུ་ནི། །སྟོང་པ་ཉིད་ལ་སེར་སྣ་མེད། །འཁྲུལ་བའི་དབང་གིས་སེར་སྣ་ལང་། །མི་འཁྲུལ་སེར་སྣ་ལང་མཁན་ལྟོས། །ལྟོས་ཤིག་སྐྱོངས་དང་མ་ཡེངས་དང་། །སེར་སྣ་སངས་ནས་སྟོང་པར་འགྱུར། །སྟོང་པའི་ངང་དུ་མ་ཡེངས་ཞོག །དེ་ནི་སེར་སྣ་རྣམ་དག་ཡིན། །
སྦྱིན་པ་དེ་བས་གོང་ན་མེད། །དེ་རྟོགས་རྣལ་འབྱོར་ཨེ་མ་ཧོ། །སྟོང་པ་ཉིད་ལ་ཆགས་ཞེན་མེད། །འཁྲུལ་བའི་དབང་གིས་ཆགས་ཞེན་ལང་། །མ་འཁྲུལ་ཆགས་ཞེན་ལང་མཁན་ལྟོས། །
ལྟོས་ཤིག་སྐྱོངས་ལ་མ་ཡེངས་དང་། །ཆགས་ཞེན་སངས་ནས་སྟོང་པར་འགྱུར། །སྟོང་ཉིད་ངང་དུ་མ་ཡེངས་ཞོག །དེ་ནི་ཆགས་ཞེན་རྣམས་དག་ཡིན། །ཚུལ་ཁྲིམས་དེ་བས་གོང་ན་མེད། །དེ་རྟོགས་རྣལ་འབྱོར་ཨེ་མ་ཧོ། །སྟོང་པ་ཉིད་ལ་ཁོང་ཁྲོ་མེད། །འཁྲུལ་པའི་དབང་གིས་ཁོང་ཁྲོ་ལོང་། །མ་འཁྲུལ་ཁོང་ཁྲོ་ལང་མཁན་ལྟོས། །ལྟོས་ཤིག་སྐྱོངས་ལ་མ་ཡེངས་དང་། །ཁོང་ཁྲོ་སངས་ནས་སྟོང་པར་འགྱུར། །སྟོང་ཉིད་ངང་དུ་མ་ཡེངས་ཞོག །དེ་ནི་ཁོང་ཁྲོ་རྣམ་དག་ཡིན། །
བཟོད་པ་དེ་བས་གོང་ན་མེད། །དེ་རྟོགས་རྣལ་འབྱོར་ཨེ་མ་ཧོ། །སྟོང་པ་ཉིད་ལ་ལེ་ལོ་མེད། །
འཁྲུལ་པའི་དབང་གིས་ལེ་ལོ་འབྱུང་། །མ་འཁྲུལ་ལེ་ལོ་འབྱུང་མཁན་ལྟོས། །ལྟོས་ཤིག་སྐྱོངས་ལ་མ་ཡེངས་དང་། །ལེ་ལོ་སངས་ནས་སྟོང་ཉིད་འགྱུར། །སྟོང་ཉིད་ངང་དུ་མ་ཡེངས་ཞོག །དེ་ནི་ལེ་ལོ་རྣམ་དག་ཡིན། །བརྩོན་འགྲུས་དེ་བས་གོང་ན་མེད། །དེ་རྟོགས་རྣལ་འབྱོར་ཨེ་མ་ཧོ། །སྟོང་པ་ཉིད་ལ་གཡེང་བ་མེད། །འཁྲུལ་བའི་དབང་གིས་གཡེང་བ་འབྱུང་། །མ་འཁྲུལ་གཡེང་བ་འབྱུང་མཁན་ལྟོས། །ལྟོས་ཤིག་སྐྱོངས་ལ་མ་ཡེངས་དང་། །གཡེང་བ་སངས་ནས་སྟོང་ཉིད་འགྱུར། །སྟོང་ཉིད་ངང་ལ་མ་ཡེངས་ཞོག །དེ་ནི་རྣམ་གཡེང་རྣམ་དག་ཡིན། །བསམ་གཏན་དེ་བས་གོང་ན་མེད། །དེ་རྟོགས་རྣལ་འབྱོར་ཨེ་མ་ཧོ། །སྟོང་པ་ཉིད་ལ་གཏི་མུག་མེད། །
འཁྲུལ་བའི་དབང་གི་གཏི་མུག་ལང་། །མ་འཁྲུལ་གཏི་མུག་འབྱུང་མཁན་ལྟོས། །ལྟོས་ཤིག་སྐྱོངས་ལ་མ་ཡེངས་དང་། །གཏི་མུག་སངས་ནས་སྟོང་ཉིད་འགྱུར། །སྟོང་ཉིད་ངང་དུ་མ་ཡེངས་ཞོག །དེ་ནི་གཏི་མུག་རྣམ་དག་ཡིན། །ཤེས་རབ་དེ་བས་གོང་ན་མེད། །དེ་རྟོགས་རྣལ་འབྱོར་ཨེ་མ་ཧོ། །སྟོང་པ་ཉིད་ལ་རློམས་སེམས་མེད། །འཁྲུལ་པའི་དབང་གིས་རློམས་སེམས་ལང་། །
མ་འཁྲུལ་རློམས་སེམས་ངོ་བོ་ལྟོས། །ལྟོས་ཤིག་སྐྱོངས་ལ་མ་ཡེངས་དང་། །རློམས་སེམས་སངས་ནས་སྟོང་ཉིད་འགྱུར། །སྟོང་ཉིད་ངང་དུ་མ་ཡེངས་ཞོག །དེ་ནི་རློམས་སེམས་རྣམ་དག་ཡིན། །ཆོག་ཤེས་དེ་བས་གོང་ན་མེད། །དེ་རྟོགས་རྣལ་འབྱོར་ཨེ་མ་ཧོ། །ཉོན་མོངས་རང་གྲོལ་གྱི་མན་ངག་ནི། །ཉོན་མོངས་ཡེ་ཤེས་སུ་བསྒྱུར་བས་ན། །ཡེངས་མེད་ངང་ལ་སྡུག་བསྔལ་
མེད། །འཁྲུལ་པའི་དབང་གིས་སྡུག་བསྔལ་འབྱུང་། །མ་ཡེངས་སྡུག་བསྔལ་ངོ་བོ་ལྟོས། །ལྟོས་ཤིག་མ་ཡེངས་སྐྱོངས་མཛོད་ལ། །སྡུག་བསྔལ་མེད་ནས་སྟོང་པར་འགྱུར། །སྟོང་གསལ་ངང་དུ་མ་ཡེངས་ཞོག །དེ་ནི་སྡུག་བསྔལ་རྣམ་དག་ཡིན། །བདེ་ཆེན་ཆོས་སྐུ་དེ་ལ་ཟེར། །ཡེངས་མེད་ངང་ལ་ཉོན་མོངས་མེད། །ཡེངས་པའི་སྐྱོན་གྱིས་ཉོན་མོངས་ལང་། །མ་ཡེངས་ཉོན་མོངས་ངོ་བོ་ལྟོས། །ལྟོས་ཤིག་བསྒོམ་ལ་མ་ཡེངས་དང་། །ཉོན་མོངས་དེ་ནི་སྟོང་པར་འགྲོ། །སྟོང་པའི་ངང་དུ་མ་ཡེངས་ཞོག །དེ་ནི་ཉོན་མོངས་རྣམ་དག་ཡིན། །སྐྱེ་མེད་ཆོས་སྐུ་དེ་ལ་ཟེར། །ཡེངས་མེད་ངང་ལ་ཞེ་སྡང་མེད། །ཡེངས་པའི་སྐྱོན་གྱིས་ཞེ་སྡང་ལང་། །མ་ཡེངས་ཞེ་སྡང་ངོ་བོ་ལྟོས། །
ལྟོས་ཤིག་བསྒོམ་ལ་མ་ཡེངས་དང་། །ཞེ་སྡང་མེད་ནས་སྟོང་པར་འགྲོ། །སྟོང་གསལ་ངང་ལ་མ་ཡེངས་ཞོག །དེ་ནི་ཞེ་སྡང་རྣམ་དག་ཡིན། །མེ་ལོང་ཡེ་ཤེས་དེ་ལ་ཟེར། །ཡེངས་མེད་ངང་ལ་ང་རྒྱལ་མེད། །ཡེངས་པའི་སྐྱོན་གྱིས་ང་རྒྱལ་ལང་། །མ་ཡེངས་ང་རྒྱལ་ངོ་བོ་ལྟོས། །ལྟོས་ཤིག་བསྒོམ་ལ་མ་ཡེངས་དང་། །ང་རྒྱལ་མེད་ནས་སྟོང་གསལ་འགྲོ། །སྟོང་གསལ་ངང་དུ་མ་ཡེངས་ཞོག །དེ་ནི་ང་རྒྱལ་རྣམ་དག་ཡིན། །མཉམ་ཉིད་ཡེ་ཤེས་དེ་ལ་ཟེར། །ཡེངས་མེད་ངང་ལ་འདོད་ཆགས་མེད། །ཡེངས་པའི་སྐྱོན་གྱིས་འདོད་ཆགས་ལང་། །མ་ཡེངས་འདོད་ཆགས་ངོ་བོ་ལྟོས། །ལྟོས་ཤིག་བསྒོམ་ལ་མ་ཡེངས་དང་། །འདོད་ཆགས་མེད་ནས་སྟོང་གསལ་འགྲོ། །
སྟོང་གསལ་ངང་དུ་མ་ཡེངས་ཞོག །དེ་ནི་འདོད་ཆགས་རྣམ་དག་ཡིན། །སོར་རྟོག་ཡེ་ཤེས་དེ་ལ་ཟེར། །ཡེངས་མེད་ངང་ལ་ཕྲག་དོག་མེད། །ཡེངས་པའི་སྐྱོན་གྱིས་ཕྲག་དོག་ལང་། །མ་ཡེངས་ཕྲག་དོག་ངོ་བོ་ལྟོས། །ལྟོས་ཤིག་བསྒོམ་ལ་མ་ཡེངས་དང་། །ཕྲག་དོག་མེད་ནས་སྟོང་གསལ་འགྲོ། །སྟོང་གསལ་ངང་ལ་མ་ཡེངས་ཞོག །དེ་ནི་ཕྲག་དོག་རྣམ་དག་ཡིན། །བྱ་གྲུབ་ཡེ་ཤེས་དེ་ལ་ཟེར། །ཡེངས་མེད་ངང་ལ་གཏི་མུག་མེད། །ཡེངས་པའི་སྐྱོན་གྱིས་གཏི་མུག་ལང་། །
མ་ཡེངས་གཏི་མུག་ངོ་བོ་ལྟོས། །ལྟོས་ཤིག་བསྒོམ་ལ་མ་ཡེངས་དང་། །གཏི་མུག་མེད་ནས་སྟོང་གསལ་འགྲོ། །སྟོང་གསལ་ངང་དུ་མ་ཡེངས་ཞོག །དེ་ནི་གཏི་མུག་རྣམ་དག་ཡིན། །ཆོས་དབྱིངས་ཡེ་ཤེས་དེ་ལ་ཟེར། །ཡེངས་མེད་ངང་ལ་བྱིང་རྨུག་མེད། །ཡེངས་པའི་སྐྱོན་གྱིས་བྱིང་རྨུག་འཐིབ། །མ་ཡེངས་བྱིང་རྨུག་ངོ་བོ་ལྟོས། །ལྟོས་ཤིག་བསྒོམ་ལ་མ་ཡེངས་དང་། །བྱིང་རྨུག་མེད་ནས་སྟོང་གསལ་འགྲོ། །སྟོང་གསལ་ངང་ལ་མ་ཡེངས་ཞོག །དེ་ནི་བྱིང་རྨུག་རྣམ་དག་ཡིན། །སྟོང་གསལ་ཡེ་ཤེས་དེ་ལ་ཟེར། །ཡེངས་མེད་ངང་ལ་འཐོར་རྒོད་མེད། །ཡེངས་པའི་སྐྱོན་གྱིས་འཐོར་རྒོད་ལོང་། །མ་ཡེངས་འཐོར་རྒོད་ངོ་བོ་ལྟོས། །ལྟོས་ཤིག་བསྒོམ་ལ་མ་ཡེངས་དང་། །འཐོར་རྒོད་མེད་ནས་སྟོང་གསལ་འགྲོ། །སྟོང་གསལ་ངང་དུ་མ་ཡེངས་ཞོག །དེ་ནི་འཐོར་རྒོད་རྣམ་དག་ཡིན། །འགྱུར་མེད་ཡེ་ཤེས་དེ་ལ་ཟེར། །ཡེངས་མེད་ངང་དུ་དུག་གསུམ་མེད། །ཡེངས་པའི་སྐྱོན་གྱིས་དུག་གསུམ་ལང་། །མ་ཡེངས་དུག་གསུམ་ངོ་བོ་ལྟོས། །ལྟོས་ཤིག་བསྒོམ་ལ་མ་ཡེངས་དང་། །དུག་གསུམ་མེད་ནས་སྟོང་གསལ་འགྲོ། །སྟོང་གསལ་ངང་དུ་མ་ཡེངས་ཞོག །དེ་ནི་དུག་གསུམ་རྣམ་དག་ཡིན། །སྐུ་གསུམ་ཡེ་ཤེས་དེ་ལ་ཟེར། །
༈ ངེས་ཤེས་བསྐྱེད་པའི་དོན་དུ་སེམས་ཀྱི་འོང་ལུགས་བཤད་པ། སྒོམ་ཆེན་གྱི་སེམས་ལ་ཐང་རེ་ཅི་ཡང་མི་བསམ་པ་སྟོང་ཧོང་ངེ་འདུག་པ་འོང་། དེ་འདྲ་བྱུང་དུས་བཅས་བཅོས་མི་བྱེད་པར་རང་ཐོག་ཏུ་ལྷང་ངེར་ཞོག །ཐང་རེ་གསལ་ལྷང་ངེ་བདེ་འབོལ་ལེ་འདུག་པའི་དུས་འོང་། དེ་འདྲ་བྱུང་དུས་སེམས་དེ་གསལ་ལྷང་ངེར་ཞོག །ཐང་རེ་སེམས་དེ་ནག་ཐོམ་ཐོམ་སྟོང་ཧང་ཧང་གསལ་མི་ཐུབ་པའི་དུས་འོང་། དེ་འདྲ་བྱུང་དུས་རིག་པ་གསལ་གྱིས་བཏོན་ལ་རྗེན་ཧུ་རེར་ཞོག །ཐང་རེ་སེམས་ལ་སྡུག་ལྷང་གིས་འོང་། དེ་འདྲ་བྱུང་དུས་སྤྲོ་སེང་ངེ་གློད་ཤིག་གེ་དགའ་ཡ་ལེ་སྡོད། ཐང་རེ་ཡུད་ཙམ་ཡུད་ཙམ་འདུག་ཅིང་ཡུན་རིང་མི་འདུག་པ་ཞ་བི་ཞི་བི་དྲན་འགྲོ་བ་འོང་། དེ་འདྲ་བྱུང་དུས་སེམས་ཁ་བསྒྲིམ་ལ་ཁོང་ལྷོད་ལ་ཞོག །ཐང་རེ་སེམས་རིག་ཙམ་མི་རིག་ཙམ་དེ་འདྲ་འོང་། དེ་འདྲ་བྱུང་དུས་སེམས་མར་ལོག་ནང་ནས་སྤུ་བཏོན་པ་ལྟར་གསལ་ཧྲིག་གིས་ཕྱུང་ནས་མ་ཡེངས་པ་ཧུ་རེར་ཞོག །ཐང་རེ་མི་དྲན་དགུ་དྲན་བྱེད་ནས་ཡར་འཕྱོང་མར་འཕྱོང་བྱེད་ཅིང་ཡུད་ཙམ་འདུག་མི་ཐུབ་པ་ཡང་འོང་། དེ་འདྲ་བྱུང་དུས་ལུས་ལྷོད་སེམས་ལྷོད་ཀྱི་ངང་ནས་ཡེངས་མ་ཤོར་བར་ཕྱོགས་འཚོ་ཕྱོགས་སྐྱོང་གྱིས་ལ་ཞོག །ཐང་རེ་བསྒོམ་སྙིང་མི་འདོད་པ་སྙིང་ན་བ་འདུག་མི་ཚུགས་པ་དེ་འདྲ་ཡང་འོང་། དེ་འདྲ་བྱུང་དུས་བླ་མ་ལ་གསོལ་བ་ལྷང་ལྷང་བཏབ་ཅིང་སྣང་བ་བདེ་ལྷང་ངེར་སྐྱིད་ལྷང་ངེར་ཞོག །ཐང་རེ་བདེ་བདེ་ལྷན་ལྷན་གསལ་བ་དང་། དགའ་ལྷག་ལྷག་བྲོ་འཁྲབ་འདོད་པ་ཡང་འོང་། དེ་འདྲ་བྱུང་དུས་རང་སེམས་ལ་འཛིན་པ་མ་ཞུགས་པར་ལྷོད་མེ་རེར་སྡོད། སེམས་ཀྱི་འོང་ལུགས་དེ་རྣམས་ནི། ལས་དང་པོ་པ་གནས་ལུགས་གཏན་ལ་མ་འབེབས་པའི་དུས་འོང་བ་ཡིན། གཏན་ལ་འབེབས་ཐུབ་པ་རྣམས་ལ་དེ་འདྲ་འོང་རྒྱུ་མེད། དེ་ཡང་ཟུར་ཙམ་བཤད་པར་བྱ་སྟེ། གནས་ལུགས་གཏན་ལ་འབེབས་པའི་དུས། །ལྟ་ཡང་མི་དགོས་འོད་གསལ་རང་བཞིན་འཆར། །བསྒོམ་ཡང་མི་དགོས་སེམས་ཉིད་རང་ས་ཟིན། །ཡེངས་ཀྱང་མི་ཡེངས་སེམས་ཉིད་རང་ཚོད་བཟུང་། །
འགྱུར་ཡང་མི་འགྱུར་དྲན་རིག་མཁའ་ལྟར་ཁྱབ། །བཅས་བཅོས་མི་དགོས་འོད་གསལ་ངང་ལ་གནས། །རང་སེམས་ཡེངས་མེད་ཆོས་སྐུ་དང་། །སངས་རྒྱས་དགོངས་པའི་ཆོས་སྐུ་དང་། །
དབྱེར་མེད་འོད་གསལ་ངང་ནས་འདྲེས། །ཡེངས་མེད་རང་ས་ཟིན་ནས་ཀྱང་། །སྟོང་ཉིད་ཆོས་སྐུའི་ངང་ཉིད་ལས། །ལྷུན་གྲུབ་འོད་གསལ་ཤར་བའི་དུས། །རང་སེམས་སངས་རྒྱས་དབྱེར་མི་འབྱེད། །སྐུ་དང་ཞིང་ཁམས་འབྲལ་མེད་འབྱུང་། །རེ་དོགས་བདག་འཛིན་དགའ་སྡུག་མེད། །
སྤང་བླང་ཐེ་ཚོམ་སྣ་ཚོགས་བྲལ། །སེམས་ཉིད་གཏན་ལ་ཕབས་ན་དེ་ལྟར་འབྱུང་། །
༈ སྤྱོད་ལམ་རྣམ་བཞི་ཁྱེར་ཚུལ་ནི། སྒོམ་ཆེན་འགྲོ་བའི་དུས་སུ་ནི། །སྨྱོ་འཕྱོང་རྒྱུག་འཕྱོང་མི་བྱེད་པར། །ལུས་སེམས་དལ་བའི་ངང་ཉིད་ལས། །རང་སེམས་གཡེལ་མེད་སྲུང་བཞིན་འགྲོ། །སྒོམ་ཆེན་འདུག་པའི་དུས་སུ་ནི། །བསམ་བློ་བགྲང་ཕྲེང་མི་བཏང་བར། །ལུས་གནད་དྲང་པོར་བསྲང་ནས་ཀྱང་། །རང་སེམས་གཅེར་བུར་ཕུད་ནས་སྡོད། །སྒོམ་ཆེན་ཉལ་བའི་དུས་སུ་ནི། །གཏི་མུག་རོ་བཞིན་མི་ཉལ་བར། །སེང་གེ་ཉལ་སྟབས་བྱེད་ནས་ཉལ། །
ཡེངས་མེད་འོད་གསལ་ངང་དུ་བསྲེ། །སྒོམ་ཆེན་བཟའ་བཏུང་ཟ་བའི་དུས། །གཟའ་བཏུང་བདུད་རྩིར་བྱིན་གྱིས་རླབས། །རང་ལུས་མཁའ་འགྲོའི་༼ཞི་ཁྲོའི༽ལྷ་ཚོགས་བསྒོམ། །སེམས་ཉིད་ཡེངས་མེད་ངང་ལ་བཟའ། །འགྲོ་འདུག་ཉལ་བ་ཅི་བྱེད་ཀྱང་། །སྟོང་ཉིད་དབྱེར་མེད་ངང་ནས་གྱིས། །རང་སེམས་སངས་རྒྱས་དབྱེར་མེད་པ། །འཆི་ཁ་མི་འགྱོད་པ་ཞིག་འདོད་ན། འདི་ལྟ་བུ་ཞིག་ཉམས་ལེན་དགོས་པ་ཡིན། མཚན་ཉིད་ལྡན་པའི་བླ་མ་བསྟེན་ཤེས་དགོས། །འཇིག་རྟེན་སྤྲོས་དང་བྲལ་བའི་བྱ་བཏང་ཞིག་ནི་དགོས། །གཅིག་པུར་རི་ཁྲོད་ཐུབ་པའི་སྡུག་བསྲན་ཞིག་ནི་དགོས། །ཟས་གོས་ཞེན་པ་བཅད་པའི་བཀའ་སྤྱད་ཞིག་ནི་དགོས། །
སྐད་ཅིག་ཡེངས་པ་མེད་པའི་བརྩོན་འགྲུས་ཞིག་ནི་དགོས། །གང་ཡང་གཉིས་སྣང་མེད་པའི་ལྟ་བ་ཞིག་ནི་དགོས། །ཡེངས་མེད་འོད་གསལ་ཁོར་ཡུག་བསྒོམ་པ་ཞིག་ནི་དགོས། །བྱ་རྩོལ་སྤང་བླང་བྲལ་བའི་སྤྱོད་པ་ཞིག་ནི་དགོས། །རང་སེམས་སངས་རྒྱས་དབྱེར་མེད་འབྲས་བུ་ཞིག་ནི་དགོས། །ཆགས་འཛིན་ངོས་ལྐོག་མེད་པའི་དམ་ཚིག་ཞིག་ནི་དགོས། །ཀུན་ལ་འདོད་པའི་རློམས་སེམས་མེད་པ་ཞིག་ནི་དགོས། །དགོས་རབ་ཉམས་ལེན་མཛོད་ཅིག་སྐལ་ལྡན་ཆོས་མཛད་རྣམས། །ཡང་བསྒོམ་གྱི་གྲོགས་གོ་ཆ་བཟང་པོ་ཞིག་འདོད་ན་འདི་ལྟར་འཛོད། གཡོག་འཁོར་མང་པོའི་དཔོན་པོ་བྱེད་པ་སྤང་། །རྒྱུ་ཟོག་མང་པོའི་བདག་པོ་བྱེད་པ་སྤང་། །
རྟ་ནོར་མང་པོའི་འཚོ་སྐྱོང་བྱེད་པ་སྤང་། །ཉེ་བ་མང་པོའི་མགོ་འདྲེན་བྱེད་པ་སྤང་། །དགྲ་གཉེན་གཉིས་ལ་ཆགས་སྡང་བྱེད་པ་སྤང་། །ལས་དཀའ་སོ་ནམ་བཟོ་རིགས་བྱེད་པ་སྤང་། །
ལོངས་སྤྱོད་ཁེ་གྲགས་འཚོ་སྐྱོང་བྱེད་པ་སྤང་། །ཆེ་ཐབས་གྲགས་ཐབས་མི་ཐབས་བྱེད་པ་སྤངས། །དེ་རྣམས་མ་སྤང་སེམས་ཉིད་གཡེང་བས་ཁྱེར། །དེ་རྣམས་སྤང་ན་སེམས་ཉིད་བཙན་ས་ཟིན། །སེམས་ཉིད་བཙན་ས་ཟིན་ན་སངས་རྒྱས་དངོས། །དེང་སང་དུས་ཀྱི་གནས་སྐབས་ལ། །བླ་མ་སློབ་མཁས་སློབ་མ་བསྒོམ་མཁས་ཀྱིས། །རང་སེམས་འདི་ནི་རྟོགས་མི་མང་པོ་གདའ། །ཡང་དག་དོན་ནི་རྟོགས་མི་མང་པོ་གདའ། །སེམས་ཉིད་སྟོང་གསལ་ངོ་བོ་ནི། །མི་གཅིག་ལ་འཆར་རྒྱུ་ཀུན་ལ་འཆར། །དེ་ཤེས་མི་ཀུན་ལ་དྲིས་དང་གསལ་བ་ཡིན། །མཁས་པ་མང་པོར་དྲིས་དང་ཤེས་ནས་འོང་། །ཐེ་ཚོམ་མེད་པར་གྱིས་ལ་བསྒོམ། །ཡང་སྒོམ་ཆེན་ལ་ཞལ་གདམས་གནད་ཆེ་བ་ཞིག་ཡོད་དེ་བཤད་པར་བྱ། དེང་སང་དུས་ཀྱི་གནས་སྐབས་ལ། །བླ་མ་སློབ་མ་ལ་ལ་ཡིས། །བླ་མས་སློབ་ཉེས་སློབ་མས་བསྒོམ་ཉེས་ཀྱིས། །མི་ལོ་བདུན་ཅུ་བརྒྱད་ཅུ་བསྒོམ་ན་ཡང་། །ཉམས་རྟོགས་མ་སྐྱེས་མིའང་མང་པོ་གདའ། །ཡང་དག་དོན་ནི་མ་རྟོགས་མང་པོ་གདའ། །མིན་པ་ཡིན་སྣང་བྱེད་མི་མང་པོ་གདའ། །མི་ཤེས་བླུན་སྒོམ་བྱེད་པ་མང་པོ་གདའ། །དོན་མེད་བརྩོན་འགྲུས་བྱེད་པ་མང་པོ་གདའ། །བླ་མ་སློབ་མཁས་སློབ་མ་བསྒོམ་མཁས་ཀྱིས། །རང་ཆེ་མ་བྱེད་མཁས་པ་རྣམས་ལ་དྲིས། །རང་བཟོ་མ་བྱེད་རང་སེམས་ཕུ་ཐག་ཆོད། །རང་མགོ་མ་བསྐོར་ཐེ་ཚོམ་མེད་པར་མཛོད། །རྫོགས་སོ། །སླར་སྨྲས་པ། ཨ་ཧོ། རང་སེམས་གཞི་ཡི་གནས་ལུགས་སྤྲོས་བྲལ་བས། །ལྟ་བ། འགག་མེད་ཐུགས་རྗེའི་དཀྱིལ་འཁོར་ལྷ་ཚོགས་བཞེངས། སྒོམ། སྣ་ཚོགས་ཁྲོ་བོ་ཁྲོ་མོའི་ཟློས་གར་བསྒྱུར། །སྤྱོད་པ། མཁའ་ཁྱབ་འགྲོ་ཀུན་འདྲེན་པའི་དཔལ་དུ་ཤོག ། །།ཅེས་ལྷུན་གྲུབ་སྟེང་གྲྭ་མང་ལྷ་རྗེ་འཇམ༷་དབྱངས༷་བཟང༷་པོ༷ས་སྤར་གྱི་འཕྲུལ་འཁོར་སྤེལ་བའི་སྐབས་སུ་སྨོན་ཚིག་ཏུ་བྲིས་པ་མངྒ་ལཾ།