PJCW-KABUM-02-KHA-004

From Khyentse Lineage - A Tsadra Foundation Project
Revision as of 08:52, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་བསྡུས་དོན་ས་བཅད་བཞུགས་སོ། །


བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱགས་འཚལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འདི་འཆད་པ་ལ་སྤྱི་དོན་གསུམ་སྟེ། རྗོད་བྱེད་དོན་ལྡན་གྱི་མཚན། བརྗོད་བྱ་དེ་ལྡན་གྱི་གཞུང་། གང་གིས་བསྒྱུར་བའི་འགྱུར་བྱང་ངོ་། །དང་པོ་ལ་གསུམ། མཚན་བསྒྱུར། མཚན་བཤད། མཚན་གྱི་དགོས་པའོ། ། དང་པོ་ནི། རྒྱ་གར་སོགས། གཉིས་པ་ནི། བོད་སྐད་སོགས། གསུམ་པ་ནི་ཤེས་རབ་ཀྱི་སོགས། ཞར་བྱུང་འགྱུར་ཕྱག་ནི། སངས་རྒྱས་དང་སོགས། གཉིས་པ་གཞུང་དོན་ལ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་བྱ་བ་དང་། བརྩམ་བྱ་བསྟན་བཅོས་ཀྱི་རང་བཞིན་གཉིས་ལས། དང་པོ་ལ་གདུལ་བྱ་དྭངས་བ་བསྐྱེད་པའི་ཡན་ལག་མཆོད་བརྗོད། རྟོགས་ལྡན་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་དང་གཉིས་ལས། དང་པོ་ནི། ཉན་ཐོས་སོགས། གཉིས་པ་དགོས་འབྲེལ་ནི། རྣམ་པ་ཐམས་ཅད་སོགས། གཉིས་པ་བརྩམ་བྱ་གཞུང་གི་རང་བཞིན་ལ་གསུམ། རྒྱས་པ་ལ་དད་པ་ལ་བརྒྱད། འབྲིང་ལ་དད་པ་ལ་དྲུག །བསྡུས་པ་ལ་དད་པ་ལ་གསུམ་དུ་དབྱེ་བའོ། །དང་པོ་ལ་ལུས་རྣམ་པར་བཞག་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་ལུས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཤེས་རབ་ཕ་རོལ་སོགས། གཉིས་པ་རྒྱས་བཤད་ནི། སེམས་བསྐྱེད་སོགས། གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གསུམ། ཤེས་བྱ་མཁྱེན་གསུམ། ཉམས་ལེན་སྦྱོར་བཞི། འབྲས་བུ་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། ཐོབ་བྱའི་རྣམ་མཁྱེན། ཐོབ་བྱེད་ལམ་ཤེས། སྤང་བྱ་གཞི་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་རྣམ་མཁྱེན་བཤད་པ་ལའང་བཞི། ལམ་གྱི་རང་བཞིན་སེམས་བསྐྱེད་པ། སེམས་བསྐྱེད་དག་བྱེད་གདམས་ངག་ནོད་པ། གདམས་པའི་འབྲས་བུ་ངེས་འབྱེད་ཡན་ལག །གདམས་པའི་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པའོ། །དང་པོ་སེམས་བསྐྱེད་ལ་མཚན་ཉིད་དང་། རབ་དབྱེ་གཉིས་ལས། དང་པོ་ལའང་མཚན་ཉིད་དངོས་དང་། དེ་མདོ་དང་སྦྱར་བའོ། །དང་པོ་ནི། སེམས་བསྐྱེད་པ་ནི་སོགས། གཉིས་པ་ནི། དེ་དག་དེ་ནི་སོགས། གཉིས་པ་རབ་དབྱེ་ནི། དེ་ཡང་ས་གསེར་སོགས། གཉིས་པ་སེམས་བསྐྱེད་དག་བྱེད་གདམས་ངག་ནོད་པ་ལ། གདམས་ངག་སྤྱིར་བསྟན། རྟོགས་དཀའ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྒྲུབ་དང་བདེན་སོགས། གཉིས་པ་ནི། དབང་པོ་རྟུལ་དང་སོགས། གསུམ་པ་གདམས་པའི་འབྲས་བུ་ངེས་འབྱེད་ཡན་ལག་ལ། ངོ་བོ་མདོར་བསྟན་ཁྱད་ཆོས་རྒྱས་པར་བཤད་པའོ། །དང་པོ་ནི། དམིགས་པ་དང་ནི་སོགས། གཉིས་པ་རྒྱས་པར་བཤད་པ་ལ་དམིགས་རྣམ་རྒྱུ་གསུམ། ལྡན་ཆོས་རྟོགས། ཡོངས་འཛིན་དགེ་བཤེས་རྒྱས་པར་བཤད་པའོ། །དང་པོ་ནི། དམིགས་པ་མི་རྟག་སོགས། གཉིས་པ་ལྡན་ཆོས་རྟོགས་པ་ནི། གཞི་དང་དེ་ཡི་སོགས། གསུམ་པ་ཡོངས་འཛིན་དགེ་བཤེས་ཀྱི་ཁྱད་པར་ནི། སེམས་འགོང་སོགས། གདམ་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ལ་བཞི། སྒྲུབ་རྟེན་དམིགས་པ། ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོའོ། །དང་པོ་ལ་གཉིས། རིགས་ཀྱི་དབྱེ་བ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། རྟོགས་པ་ཡི་ནི་སོགས། གཉིས་པ་རྩོད་སྤང་ནི། ཆོས་ཀྱི་དབྱིངས་སོགས། གཉིས་པ་སྒྲུབ་པའི་དམིགས་པ་ནི། དམིགས་པ་ཆོས་རྣམས་སོགས། གསུམ་པ་ཆེད་དུ་བྱ་བ་ནི། སེམས་ཅན་ཀུན་སོགས། བཞི་པ་བསྒྲུབ་པ་རང་གི་ངོ་བོ་བཤད་པ་ལ་བཞི། བསམ་པས་གོ་བགོ་བའི་སྒྲུབ་པ་གོ་སྒྲུབ། སྦྱོར་བས་དངོས་སུ་འཇུག་པ་འཇུག་སྒྲུབ། ཞུགས་པ་མཐར་ཐུག་བྱེད་པ་ཚོགས་སྒྲུབ། མཐར་ཕྱིན་པའི་སྒྲུབ་པ་ངེས་འབྱུང་སྒྲུབ་པ་དང་བཞི་ལས། དང་པོ་ནི། དེ་དག་སོ་སོར་སོགས། གཉིས་པ་འཇུག་སྒྲུབ་ནི། བསམ་གཏན་གཟུགས་མེད་སོགས། གསུམ་པ་ཚོགས་སྒྲུབ་ལ་སྤྱིར་བསྟན་པ་དང་། རྟོགས་དཀའ་བྱེ་བྲག་ཏུ་བཤད་པ་གཉིས་ལས། །དང་པོ་ནི། བརྩེ་དང་སྦྱིན་ལ་སོགས། གཉིས་པ་རྟོགས་དཀའ་བྱེ་བྲག་ཏུ་བཤད་པ་ལ། སའི་ཚོགས་དང་། གཉེན་པོའི་ཚོགས་གཉིས། དང་པོ་ལ་དགུ་ལས། ས་དང་པོའི་ཡོངས་སྦྱོང་ནི། ཡོངས་སུ་སྦྱོང་བ་སོགས། ས་གཉིས་པའི་ཡོངས་སྦྱོངས་ནི། ཚུལ་ཁྲིམས་བྱས་པ་སོགས། ས་གསུམ་པའི་ཡོངས་སྦྱོང་ནི། ཐོས་པས་མི་ངོམ་སོགས། ས་བཞི་པའི་ཡོངས་སྦྱོང་ནི། ནགས་གནས་འདོད་ཆུང་སོགས། ས་ལྔ་བའི་ཡོངས་སྦྱོང་ནི། འདྲིས་དང་ཁྱིམ་ལ་སོགས། ས་དྲུག་པའི་ཡོངས་སྦྱོང་ནི། སྦྱིན་དང་ཚུལ་ཁྲིམས་སོགས། ས་བདུན་པའི་ཡོངས་སྦྱོང་ནི། བདག་དང་སེམས་ཅན་སོགས། ས་བརྒྱད་པའི་ཡོངས་སྦྱོང་ནི། སེམས་ཅན་ཀུན་ཡིད་སོགས། ས་དགུ་པའི་ཡོངས་སྦྱོང་དང་བཅུ་བའི་གནས་ཚུལ་ནི། སྨོན་ལམ་དག་ནི་སོགས། གཉིས་པ་གཉེན་པོའི་ཚོགས་ནི། མཐོང་དང་སྒོམ་པའི་སོགས། བཞི་པ་ངེས་འབྱུང་སྒྲུབ་པ་ནི། ཆེད་དུ་བྱ་དང་སོགས། ཤེས་རབ་ཀྱི་སོགས། སྐབས་དང་པོའི་མཚན་ནོ། ། ༈ གཉིས་པ་ཐོབ་བྱེད་ལམ་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ། ལམ་ཤེས་ཀྱི་ཡན་ལག །ཡན་ལག་ཅན་གྱི་ལམ་ཤེས་གཉིས་ལས། དང་པོ་ནི། ལྷ་རྣམས་རུང་བར་སོགས། གཉིས་པ་ཡན་ལག་ཅན་གྱི་ལམ་ཤེས་ལ། ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའི་ལམ་ཤེས་སོ། །དང་པོ་ལའང་ལམ་གྱི་ངོ་བོ་དང་། དེའི་རྒྱུ་ངེས་ཆ་གཉིས་ལས། དང་པོ་ནི། ལམ་ཤེས་ཉིད་ཀྱི་སོགས། གཉིས་པ་ངེས་འབྱེད་ནི། འཕགས་པ་ཉན་ཐོས་སོགས། གཉིས་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ་གསུམ། བགྲོད་པ་པོ་རྟེན་གྱི་ཁྱད་པར། བགྲོད་བྱ་ལམ་གྱི་ངོ་བོ། དེའི་རྒྱུ་ངེས་འབྱེད་ཆ་མཐུན་ནོ། །དང་པོ་ལ་གཉིས། དངོས་དང་དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། རང་བྱུང་བདག་ཉིད་སོགས། གཉིས་པ་ནི། གང་གང་དོན་ནི་སོགས། གཉིས་པ་བགྲོད་བྱ་ལམ་གྱི་ངོ་བོ་ནི། གཟུང་དོན་རྟོག་པ་སོགས། གསུམ་པ་རྒྱུ་ངེས་འབྱེད་ཆ་མཐུན་ནི། བཏང་བའི་ཆོས་ཉིད་སོགས། གསུམ་པ་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ལ་གཉིས། མཐོང་ལམ་དང་། བསྒོམ་ལམ་མོ། །དང་པོ་ལ་ངོ་བོ་མདོར་བསྟན་པ་དང་། སྒོམ་ཚུལ་གྱི་རྣམ་པ་རྒྱས་པར་བཤད་པའོ། །དང་པོ་ནི། བདེན་དང་བདེན་ལ་སོགས། གཉིས་པ་ལ་རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་བཞི་ལས། དང་པོ་སྡུག་བདེན་གྱི་རྣམ་པ་ནི། དེ་བཞིན་ཉིད་དང་སོགས། གཉིས་པ་ཀུན་བདེན་གྱི་རྣམ་པ་བཞི་ནི། མཐའ་མེད་དང་སོགས། གསུམ་པ་འགོགས་པའི་རྣམ་པ་བཞི་ནི། སྟོང་ཉིད་དང་སོགས། བཞི་པ་ལམ་གྱི་རྣམ་པ་བཞི་ནི། མྱ་ངན་འདས་འཛིན་སོགས། གཉིས་པ་དོན་བསྡུ་ནི། ལམ་ཤེས་ཉིད་སོགས། གཉིས་པ་སྒོམ་ལམ་ལ། སྒོམ་ལམ་གྱི་བྱེད་པ་དང་། སྒོམ་ལམ་དངོས་གཉིས་སོ། །དང་པོ་ནི། ཀུན་ནས་ཞི་དང་སོགས། གཉིས་པ་སྒོམ་ལམ་དངོས་ལ། ཟག་བཅས་སྒོམ་ལམ་དང་། ཟག་མེད་གཉིས་ལས། དང་པོ་ལ་མོས་པ། བསྔོ་བ། ཡི་རང་གསུམ། དང་པོ་ལ་དངོས་དང་ཕན་ཡོན་གཉིས། དང་པོ་ནི། མོས་པ་རང་གི་སོགས། གཉིས་པ་ཕན་ཡོན་ནི། ཤེས་རབ་ཕ་རོལ་སོགས། གཉིས་པ་བསྔོ་བ་བསྒོམ་ལམ་ནི། ཡོངས་སུ་བསྔོ་བ་སོགས། གསུམ་པ་ཡི་རང་བསྒོམ་ལམ་ནི། ཐབས་དང་མི་དམིགས་སོགས། གཉིས་པ་ཟག་མེད་བསྒོམ་ལམ་ལ། ཡོན་ཏན་མངོན་པར་སྒྲུབ་པ་དང་། དྲི་མ་རྣམ་པར་དག་པའི་བསྒོམ་ལམ་གཉིས། དང་པོ་ནི། དེ་ཡི་ངོ་བོ་སོགས། གཉིས་པ་རྣམ་དག་སྒོམ་ལམ་ལ། རྒྱུ་དང་རང་བཞིན་གཉིས་ལས། དང་པོ་ནི། སངས་རྒྱས་བསྟེན་དང་སོགས། གཉིས་པ་ལ་རྣམ་དག་སྒོམ་ལམ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འབྲས་བུ་དག་པ་སོགས། བྱེ་བྲག་ཏུ་བཤད་པ་ལ། ལམ་གྱི་དབྱེ་བ་དངོས་དང་། མཐར་ཐུག་ལམ་གྱི་ཁྱད་པར་རོ། །དང་པོ་ནི། ཉོན་མོངས་ཤེས་བྱ་སོགས། གཉིས་པ་ལ་ལམ་གྱི་ཁྱད་པར་དངོས་དང་། རྩོད་པ་སྤངས་བའོ། །དང་པོ་ནི། ས་དགུ་ལ་ནི་སོགས། གཉིས་པ་ནི། དེ་ལ་ཀླན་སོགས། ཤེས་རབ་ཀྱི་སོགས། སྐབས་གཉིས་པའི་མཚན་ནོ། ། ༈ གསུམ་པ་སྤང་བྱ་གཞི་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ་དྲུག །གཞི་ཤེས་ཀྱི་རང་བཞིན། ཉེ་རིང་དུ་འཇོག་པའི་རྒྱུ་མཚན། སྤང་བྱ་དང་གཉེན་པོའི་རབ་དབྱེ། ཇི་ལྟར་ཉམས་སུ་ལེན་པའི་ཚུལ། དེ་ལྟར་ཉམས་སུ་བླང་བའི་འབྲས་བུ། མཁྱེན་གསུམ་གྱི་མཇུག་བསྡུ་བའོ། །དང་པོ་གཞི་ཤེས་ཀྱི་རང་བཞིན་ནི། ཚུ་རོལ་ཕ་རོལ་སོགས། གཉིས་པ་ཉེ་རིང་དུ་འཇོག་པའི་རྒྱུ་མཚན་ནི། དེ་ནི་མཚན་མ་སོགས། གསུམ་པ་སྤངས་གཉེན་གྱི་རབ་དབྱེ་ལ། གཞི་ལམ་དང་འབྲས་བུ་ལ་མཚན་འཛིན་གྱི་སྤངས་གཉེན། དེ་དག་གི་མཇུག་བསྡུ་བའོ། །དང་པོ་ལ་སྤང་བྱ་དང་གཉེན་པོ་གཉིས། དང་པོ་སྤང་བྱ་ནི། གཟུགས་སོགས་ཕུང་པོ་སོགས། གཉིས་པ་གཉེན་པོ་ནི། སྦྱིན་ལ་སོགས་ལ་སོགས། གཉིས་པ་འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན། ཆགས་པའི་རྒྱུ་མཚན། གཉེན་པོ། རྒྱུ་མཚན་ལས་འཕྲོས་དོན་ནོ། །དང་པོ་ནི། རྒྱལ་ལ་སོགས་ལ་སོགས། གཉིས་པ་རྒྱུ་མཚན་ནི། ཆོས་ཀྱི་ལམ་ནི་སོགས། གསུམ་པ་གཉེན་པོ་ནི། ཆོས་རྣམས་རང་བཞིན་སོགས། བཞི་པ་ལ་རྟོགས་དཀའ་བ་དང་། ཟབ་པའི་རྒྱུ་མཚན་ནོ། །དང་པོ་ནི། མཐོང་བ་ལ་སོགས་སོགས། གཉིས་པ་ནི། གཟུགས་ལ་སོགས་པ་སོགས། གསུམ་པ་དེ་དག་གི་མཇུག་བསྡུ་བ་ནི། དེ་ལྟར་ཀུན་ཤེས་སོགས། བཞི་པ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ། ཉམས་སུ་ལེན་ཚུལ་གྱི་སྦྱོར་བའི་ངོ་བོ་དང་། དེ་དག་གི་མཉམ་ཉིད་དོ། །དང་པོ་ནི། གཟུགས་སོགས་དེ་མི་སོགས། གཉིས་པ་ནི། གཟུགས་ལ་སོགས་ལ་སོགས། ལམ་དེ་ལྟར་ཉམས་སུ་བླང་བའི་འབྲས་བུ་ལ་མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ་ནི། སྡུག་བསྔལ་ལ་སོགས་སོགས། གཉིས་པ་རྒྱས་པར་བཤད་པ་ལ་སོ་སོར་བཤད་པ་དང་། དོན་བསྡུ་བ་གཉིས། དང་པོ་སྡུག་བདེན་གྱི་རྣམ་པ་བཞི་ནི། གཟུགས་རྟག་ཆད་མ་ཡིན་སོགས། གཉིས་པ་ཀུན་འབྱུང་གི་རྣམ་པ་ནི། མཁའ་འདྲ་ཆགས་པ་སོགས། གསུམ་པ་འགོགས་བདེན་གྱི་རྣམ་པ་བཞི་ནི། གང་ཕྱིར་འདི་དོན་སོགས། བཞི་པ་ལམ་བདེན་གྱི་རྣམ་པ་བཞི་ནི། ངན་སོང་ཆ་དང་སོགས། དོན་བསྡུ་ནི། ཀུན་ཤེས་ཉིད་སོགས། དྲུག་པ་མཁྱེན་གསུམ་གྱི་མཇུག་བསྡུ་བ་ནི། དེ་ལྟར་འདི་དང་སོགས། ཤེས་རབ་ཀྱི་སོགས། སྐབས་གསུམ་པའི་མཚན་ནོ། ། ༈ གཉིས་པ་ཉམས་ལེན་སྦྱོར་བ་བཞིའི་ཡན་ལག་རྒྱས་པར་བཤད་པ་ལ། དབང་དུ་བྱ་བ་དང་། བརྟན་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དབང་དུ་བྱེད་པའི་རྒྱུ་རྣམ་ཀུན་དང་། དབང་དུ་བྱ་བའི་འབྲས་བུ། རྩེ་མོའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་རྣམ་ཀུན་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པ་དང་། སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་པའི་སྒོམ་རིམ་མོ། །དང་པོ་ལ་བཞི། སྦྱོར་བའི་རྣམ་པ། སྦྱོར་པ་པོའི་གང་ཟག །སྦྱོར་བ་རང་གི་ངོ་བོ། སྦྱོར་བའི་སྔོན་འགྲོའི་ཆོས་སོ། །དང་པོ་རྣམས་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། གཞི་ཤེས་པ་ཡི་སོགས། གཉིས་པ་རྒྱས་བཤད་ལ་གཞི་ཤེས་དང་། ལམ་ཤེས་དང་། རྣམ་མཁྱེན་གྱི་རྣམ་པ་རྒྱས་པར་བཤད་པ་དང་གསུམ་ལས་དང་པོ་ནི། མེད་པའི་རྣམ་པ་སོགས། གཉིས་པ་ལམ་ཤེས་ཀྱི་རྣམ་པ་རྒྱས་པར་བཤད་པ་ནི། རྒྱུ་དང་ལམ་དང་སོགས། གསུམ་པ་རྣམ་མཁྱེན་གྱི་རྣམ་པ་ནི། དྲན་པ་ཉེར་བཞག་སོགས། གཉིས་པ་སྦྱོར་བ་པོའི་གང་ཟག་བསྟན་པ་ནི། སངས་རྒྱས་རྣམས་ལ་སོགས། གསུམ་པ་སྦྱོར་བའི་ངོ་བོ་ནི། གཟུགས་ལ་སོགས་ལ་སོགས། བཞི་པ་སྦྱོར་བའི་སྔོན་འགྲོའི་ཆོས་ལ། ཐོབ་བྱ་ཡོན་ཏན། དོར་བྱ་སྐྱོན། ཤེས་བྱ་མཚན་ཉིད། རྒྱུད་ལ་བསྟེན་བྱ་ཐར་པ་ཆ་མཐུན་ནོ། །དང་པོ་ནི། བདུད་ཀྱི་མཐུ་བཅོམ་སོགས། གཉིས་པ་ནི། སྐྱོན་ནི་བཅུ་ཚན་སོགས། གསུམ་པ་ཤེས་བྱ་མཚན་ཉིད་ལ། ངོ་བོའི་སྒོ་ནས་མདོར་བསྟན། དབྱེ་བའི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། གང་གིས་མཚོན་དེ་སོགས། གཉིས་པ་དབྱེ་བའི་སྒོ་ནས་རྒྱས་པར་བཤད་པ་ལ། ཤེས་པ། ཁྱད་པ། བྱེད་པ། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །དང་པོ་ལ་གསུམ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་གྱི་ཤེས་མཚན་ནོ། །དང་པོ་གཞི་ཤེས་ཀྱི་ཤེས་མཚན་ནི། དེ་བཞིན་གཤེགས་པ་སོགས། གཉིས་པ་ལམ་ཤེས་ཀྱི་ཤེས་མཚན་ནི། སྟོང་ཉིད་མཚན་མ་སོགས། གསུམ་པ་རྣམ་མཁྱེན་གྱི་ཤེས་མཚན་ནི། དེ་ནི་ཉིད་ཀྱི་སོགས། གཉིས་པ་ཁྱད་པར་གྱི་མཚན་ཉིད་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི། བསམ་མི་ཁྱབ་སོགས་སོགས། གཉིས་པ་རྒྱས་པར་བཤད་པ་ནི། བསམ་མི་ཁྱབ་དང་སོགས། གསུམ་པ་སྒྲུབ་པའི་བྱེད་པ་ནི། ཕན་དང་བདེ་དང་སོགས། བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ནི། ཉོན་མོངས་རྟགས་དང་སོགས། བཞི་པ་ཐར་པ་ཆ་མཐུན་ལ་ངོ་བོ་དང་དབྱེ་བ་གཉིས། དང་པོ་ནི། མཚན་མེད་རབ་ཏུ་སོགས། གཉིས་པ་དབྱེ་བ་ལ་ངོ་བོ་དང་། རྒྱུད་ཀྱི་དབྱེ་བ་གཉིས་ལས། དང་པོ་ནི། སངས་རྒྱས་སོགས་དམིགས་སོགས། གཉིས་པ་རྒྱུད་ཀྱི་དབྱེ་བ་ནི། རྫོགས་པའི་བྱང་ཆུབ་སོགས། གཉིས་པ་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་སྒོམ་རིམ་ལ། སྦྱོར་བ་ཁྱད་པར་ཅན་སྐྱེ་བའི་དུས། སྐྱེ་བའི་རྟེན་གྱི་གང་ཟག །གང་ཟག་དེའི་སྒོམ་རིམ་མོ། །དང་པོ་ནི། དྲོ་བ་རྣམས་ཀྱི་སོགས། གཉིས་པ་ལ་སྦྱོར་བ་རྒྱུད་ལ་སྐྱེས་པའི་གང་ཟག་གི་རྟགས་ཡོད་པའི་སྒོ་ནས་མདོར་བསྟན། ཡོད་ཆོས་རྟགས་ཀྱི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། ངེས་འབྱེད་ཡན་ལག་སོགས། གཉིས་པ་ལ་གསུམ། སྦྱོར་ལམ་པ། མཐོང་ལམ་པ། སྒོམ་ལམ་པ། ཕྱིར་མི་ལྡོག་པའི་རྟགས་སོ། །དང་པོ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། གཟུགས་ལ་སོགས་ལས་སོགས། གཉིས་པ་ནི། གཟུགས་ལ་སོགས་ལས་སོགས། གཉིས་པ་ཐུན་མོང་ཕྱིར་མི་ལྡོག་པའི་རྟགས་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། མཐོང་བའི་ལམ་ལ་སོགས། གཉིས་པ་རྒྱས་བཤད་ནི། གཟུགས་སོགས་འདུ་ཤེས་སོགས། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པ་ལ་ཞར་བྱུང་དང་། དཀྱུས་མའི་དོན་གཉིས། དང་པོ་ལ་གསུམ། སྒོམ་ལམ་གྱི་ཁྱད་པར། ཁྱད་གཞི་སྒོམ་ལམ། དེའི་རབ་དབྱེའོ། །དང་པོ་ནི། སྒོམ་པའི་ལམ་ནི་སོགས། གཉིས་པ་སྒོམ་ལམ་རང་གི་ངོ་བོ་ནི། ངེས་འབྱེད་ཡན་ལག་སོགས། གསུམ་པ་དབྱེ་བ་ལ་དངོས་དང་དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། དེ་ནི་རྒྱུན་ཆགས་སོགས། གཉིས་པ་རྩོད་སྤང་ལ། གཉེན་པོ་གྲངས་ངེས་དང་། བྱེད་པ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གྲངས་མེད་སོགས། གཉིས་པ་བྱེད་པ་ལ་རྩོད་སྤང་ལ། རྩོད་པ་དང་ལན་གཉིས། དང་པོ་ནི། དངོས་པོ་བརྗོད་དུ་སོགས། གཉིས་པ་ལན་ལ་དངོས་ལན་དང་དེ་ལ་རྩོད་སྤང་གཉིས། དང་པོ་ནི། བྱང་ཆུབ་ཇི་ལྟར་སོགས། གཉིས་པ་ལ་རྩོད་པ་དང་ལན་གཉིས་དང་པོ་ནི། སེམས་ནི་སྔ་མས་སོགས། གཉིས་པ་ལན་ལ་དངོས་དོན་དང་། གཞན་ཡང་མཚོན་པའི་ཚུལ་ལོ། དང་པོ་ནི། མར་མེའི་དཔེ་ཡི་སོགས། གཉིས་པ་ནི། ཟབ་མོ་ཆོས་ཉིད་སོགས། གཉིས་པ་སྒོམ་ལམ་ཕྱིར་མི་ལྡོག་པའི་རྟགས་ཀྱི་དོན་དཀྱུས་མ་བཤད་པ་ནི། སྐྱེ་བ་དང་ནི་སོགས། གསུམ་པ་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་གང་ཟག་དེའི་སྒོམ་རིམ་ལ། བརྟེན་པ་སངས་རྒྱས་ཐོབ་པར་བྱེད་པ། རྟེན་ཞིང་དག་པར་བྱེད་པ། སངས་རྒྱས་ཀྱི་ཞིང་དེར་དོན་མཛད་པའི་རྒྱུའོ། །དང་པོ་ལ་དངོས་ཀྱི་དོན་དང་དེ་ལ་ཀླན་ཀ་སྤང་བའོ། །དང་པོ་ནི། ཆོས་རྣམས་རྨི་ལམ་སོགས། གཉིས་པ་ནི། ལས་མེད་ལ་སོགས་སོགས། གཉིས་པ་རྟེན་ཞིང་དག་པར་བྱེད་པ་ནི། སེམས་ཅན་འཇིག་རྟེན་སོགས། གསུམ་པ་ཞིང་དེར་འགྲོ་དོན་མཛད་པའི་རྒྱུ་ཐབས་ལ་མཁས་པ་ནི། ཡུལ་དང་སྦྱོར་བ་སོགས། ཤེས་རབ་སོགས། སྐབས་བཞི་བའི་མཚན་ནོ། ། ༈ གཉིས་པ་དབང་དུ་བྱ་བའི་འབྲས་བུ་རྩེ་སྦྱོར་གྱི་ཡན་ལག་རྒྱས་པར་བཤད་པ་ལ་བཞི། སྦྱོར་ལམ། མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་རྩེ་མོའོ། །དང་པོ་ལ་བཞི། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་གི་རྩེ་མོའོ། །དང་པོ་ནི། རྨི་ལམ་ན་ཡང་སོགས། གཉིས་པ་ནི། འཛམ་བུ་གླིང་སོགས། གསུམ་པ་ནི། ཀུན་མཁྱེན་ཉིད་གསུམ་སོགས། བཞི་པ་ནི། གླིང་བཞི་ས་དང་སོགས། གཉིས་པ་མཐོང་ལམ་རྩེ་སྦྱོར་ལ་མི་མཐུན་ཕྱོགས། གཉེན་པོ་གཉིས། དང་པོ་ལ་མདོར་བསྟན་རྒྱས་པར་བཤད་པ་གཉིས། དང་པོ་གཟུང་རྟོག་མདོར་བསྟན་ནི། འཇུག་པ་དང་ནི་སོགས། གཉིས་པ་འཛིན་རྟོག་མདོར་བསྟན་ནི། སོ་སོའི་སྐྱེ་བོ་སོགས། གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་གཟུང་རྟོག་རྒྱས་པར་བཤད་པ་ནི། ངོ་བོ་ཉིད་དང་སོགས། གཉིས་པ་འཛིན་རྟོག་རྒྱས་པར་བཤད་པ་ནི། འཛིན་པ་དང་ནི་སོགས། གཉིས་པ་གཉེན་པོ་བཤད་པ་ལ། ཞར་བྱུང་དང་། དཀྱུས་མ་གཉིས། དང་པོ་ལ་མཐོང་ལམ་རྩོམ་པའི་གྲོགས། དེའི་འབྲས་བུའོ། །དང་པོ་ནི། བྱང་ཆུབ་ལ་གཞན་སོགས། གཉིས་པ་འབྲས་བུ་ལ་དོན་ལ་གནས་པའི་བྱང་ཆེན་བསྟན། རྟོག་པས་བཏགས་པའི་བྱང་ཆེན་དགག་པའོ། །དང་པོ་ནི། དྲི་མ་ཟད་དང་སོགས། གཉིས་པ་ལ། དངོས་པོར་སྨྲ་བའི་ལུགས་དགག་པ། སྟོང་བར་སྨྲ་བའི་ལུགས་བཞག་པའོ། ། དང་པོ་ལ་ཁྱབ་བྱེད་ལ་དམིགས་པ་དང་། ཁས་བླང་ནང་འགལ་གྱིས་དགག་པ་གཉིས། དང་པོ་ནི། འགོགས་པ་མེད་པའི་སོགས། གཉིས་པ་ཁས་བླང་ནང་འགལ་གྱི་དགག་པ་ནི། གཞན་གྱི་ཆོས་རྣམས་སོགས། གཉིས་པ་སྟོང་པར་སྨྲ་བའི་ལུགས་བཞག་པ་ནི། འདི་ལ་བསལ་བྱ་སོགས། གཉིས་པ་དཀྱུས་མའི་དོན་བཤད་པ་ལ། མཐོང་རྩེ་དངོས་དང་། དེ་ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི། སྦྱིན་པ་ལ་སོགས། གཉིས་པ་ནི། དེ་ནས་སེང་གེ་སོགས། གསུམ་པ་སྒོམ་ལམ་རྩེ་སྦྱོར་ལ་རྟེན་སྒོམ་ལམ། སྤང་བྱ་རྣམ་རྟོག །བརྟེན་པ་ཡོན་ཏན་ནོ། དང་པོ་ནི། འགོགས་དང་བཅས་པའི་སོགས། གཉིས་པ་ལ་གཟུངས་རྟོག་འཛིན་རྟོག་གཉིས། དང་པོ་ནི། མདོར་བསྡུས་རྒྱས་དང་སོགས། གཉིས་པ་འཛིན་རྟོག་ནི། སེམས་ཅན་བཏགས་པའི་སོགས། གསུམ་པ་བརྟེན་པ་ཡོན་ཏན་ནི། ཡམ་ནད་འདི་རྣམས་སོགས། བཞི་པ་བར་ཆད་མེད་པའི་རྩེ་མོ་ལ། ངོ་བོ། རྒྱུ། སྤང་བྱའོ། །དང་པོ་ངོ་བོ་ནི། སྟོང་གསུམ་སྐྱེ་བོ་སོགས། གཉིས་པ་རྒྱུ་ནི། འདི་ཡི་དམིགས་པ་སོགས། གསུམ་པ་སྤང་བྱ་ལོག་རྟོག་ལ་མདོར་བསྟན་དང་རྒྱས་བཤད་གཉིས། དང་པོ་ནི། འདི་ལ་ནི། རབ་ཏུ་སོགས། གཉིས་པ་རྒྱས་བཤད་ནི། དམིགས་པ་འཐད་དང་སོགས། ཤེས་རབ་སོགས། སྐབས་ལྔ་པའི་མཚན་ནོ། ། ༈ གཉིས་པ་བརྟན་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ། བརྟན་པའི་རྒྱུ་མཐར་གྱིས་པ་དང་། བརྟན་པའི་འབྲས་བུ་སྐད་ཅིག་མའི་ཡན་ལག་རྒྱས་པར་བཤད་པའོ། ། དང་པོ་བརྟན་པའི་རྒྱུ་མཐར་གྱིས་པའི་ཡན་ལག་རྒྱས་པར་བཤད་པ་ནི། སྦྱིན་པ་ཤེས་རབ་སོགས། ཤེས་རབ་སོགས། སྐབས་དྲུག་པའི་མཚན་ནོ། ། ༈ གཉིས་པ་བརྟན་པའི་འབྲས་བུ་སྐད་ཅིག་མའི་སྦྱོར་བ་ལ། ཡོན་ཏན་མངོན་དུ་བྱེད་པ་དང་། ཡུལ་གྱི་རང་བཞིན་རྟོགས་ཚུལ་གྱི་དབང་དུ་བྱས་པའི་སྐད་ཅིག་མ་གཉིས། དང་པོ་ལའང་། རྣམ་སྨིན་མ་ཡིན་པ་དང་། རྣམ་སྨིན་གྱི་སྐད་ཅིག་མ་གཉིས་ལས། དང་པོ་རྣམ་སྨིན་མ་ཡིན་པ་ལ་དངོས་ཀྱི་དོན་དང་། དེ་མཚོན་པའི་དཔེ་གཉིས་ལས། དང་པོ་ནི། སྦྱིན་པ་ལ་སོགས་སོགས། གཉིས་པ་ནི། ཇི་ལྟར་སྐྱེས་བུས་སོགས། གཉིས་པ་རྣམ་སྨིན་གྱི་སྐད་ཅིག་མ་ནི། གང་ཚེ་ཆོས་དཀར་སོགས། གཉིས་པ་ཡུལ་གྱི་རང་བཞིན་རྟོགས་ཚུལ་གྱི་དབང་དུ་བྱས་པའི་སྐད་ཅིག་མ་ལ་མཚན་མ་མེད་པ་དང་། གཉིས་སུ་མེད་པའི་སྐད་ཅིག་མ་གཉིས་ལས། དང་པོ་ནི། སྦྱིན་པ་ལ་སོགས་སོགས། གཉིས་པ་གཉིས་སུ་མེད་པའི་སྐད་ཅིག་མ་ནི། རྨི་ལམ་དང་ནི་སོགས། ཤེས་རབ་སོགས། སྐབས་བདུན་པའི་མཚན་ནོ། ། ༈ གསུམ་པ་ཞུགས་འབྲས་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པ་ལ། སྐུ་དང་མཛད་པ་གཉིས། དང་པོ་ལ་ངོ་བོ་ཉིད་དང་། ཡེ་ཤེས་ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་དང་བཞི་ལས། དང་པོ་ནི། ཐུབ་པའི་ངོ་བོ་སོགས། གཉིས་པ་ཡེ་ཤེས་ཆོས་སྐུ་ལ། དངོས་ཀྱི་དོན་དང་། དེའི་ཁྱད་པར་བཤད་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། བྱང་ཆུབ་ཕྱོགས་མཐུན་སོགས། གཉིས་པ་དེའི་ཁྱད་པར་བཤད་པ་ལ། ཉོན་མོངས་མེད་པ་དང་། སྨོན་ནས་ཤེས་པའི་ཁྱད་པར་གཉིས། དང་པོ་ནི། ཉན་ཐོས་ཉོན་མོངས་སོགས། གཉིས་པ་ནི། སངས་རྒྱས་སྨོན་ནས་སོགས། གསུམ་པ་རྩོད་པ་སྤང་བ་ལ། ཆོས་སྐུ་རྟག་པ་དང་། ཁྱབ་རྟག་གཉིས་ཀའི་རྩོད་པ་སྤང་བའོ། །དང་པོ་ལ་དངོས་དང་། དེ་དཔེས་སྒྲུབ་པའོ། །དང་པོ་ནི། རྒྱུ་ནི་ཡོངས་སུ་སོགས། གཉིས་པ་ནི། ལྷ་ཡི་རྒྱལ་པོ་སོགས། གཉིས་པ་རྟག་ཁྱབ་གཉིས་ཀ་ལ་རྩོད་པ་སྤང་བ་ནི། དེ་ལྟར་མཛད་པ་སོགས། གསུམ་པ་ལོངས་སྐུ་ལ། རང་བཞིན་མདོར་བསྟན་ཡོན་ཏན་རྒྱས་པར་བཤད་པ་གཉིས། དང་པོ་ནི། མཚན་ནི་སུམ་ཅུ་སོགས། གཉིས་པ་ཡོན་ཏན་རྒྱས་པར་བཤད་པ་ལ། མཚན་དང་། དཔེ་བྱད་གཉིས་ལས། དང་པོ་ལ་དངོས་དང་། དེ་བསྐྱེད་པའི་རྒྱུ་གཉིས་ལས། དང་པོ་ནི། ཕྱག་ཞབས་འཁོར་ལོའི་སོགས། གཉིས་པ་ནི། འདི་ལ་མཚན་ནི་སོགས། གཉིས་པ་དཔེ་བྱད་ནི། ཐུབ་པའི་སེན་མོ་སོགས། བཞི་པ་སྤྲུལ་སྐུ་བསྟན་པ་ནི། གང་གིས་སྲིད་པ་སོགས། གཉིས་པ་ཕྲིན་ལས་ལ་གསུམ། དུས་ཀྱི་སྒོ་ནས་མདོར་བསྟན། དབྱེ་བའི་སྒོ་ནས་རྒྱས་པར་བཤད། གྲངས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། དེ་བཞིན་འཁོར་བ་སོགས། གཉིས་པ་དབྱེ་བ་ལ། ལམ་གྱི་རྟེན་དང་། ལམ་དངོས། དེའི་འབྲས་བུ་ལ་དགོད་པའོ། །དང་པོ་ནི། འགྲོ་རྣམས་ཞི་བའི་སོགས། གཉིས་པ་ནི། བསྡུ་རྣམ་བཞི་ལ་སོགས། གསུམ་པ་འབྲས་བུ་ལ་དགོད་པ་ནི། མྱ་ངན་འདས་ལ་སོགས། གསུམ་པ་གྲངས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། ཆོས་ཀྱི་སྐུ་ཡི་སོགས། ཤེས་རབ་སོགས། སྐབས་བརྒྱད་པའི་མཚན་ནོ། །གཉིས་པ་འབྲིང་ལ་དད་པ་ལ་དྲུག་ཏུ་དབྱེ་བ་ནི། མཚན་ཉིད་དེ་ཡི་སོགས། གསུམ་པ་བསྡུས་པ་ལ་དད་པ་ལ་གསུམ་དུ་བསྡུ་བ་ནི། ཡུལ་ནི་རྣམས་པ་སོགས། གསུམ་པ་བསྒྱུར་བྱང་ལ། མཛད་བྱང་བསྒྱུར་བྱང་གཉིས་ལས། དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་སོགས། རྫོགས་སོ། །གཉིས་པ་ནི། རྒྱ་གར་སོགས། ཕབ་པའོ། ། འདིས་ཀྱང་བསྟན་འགྲོ་ལ་མྱུར་དུ་ཕན་ཐོག་པར་གྱུར་ཅིག །