DKYD-KABUM-07-JA-067

From Khyentse Lineage - A Tsadra Foundation Project
Revision as of 09:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

ཆཱྂཿ གསང་བའི་བཀའ་སྲུང་དམ་ཚིག་ཅན་གྱི་གསོལ་མཆོད་དགྲ་གདོན་གཡུལ་འཇོམས་བཞུགསཿ ཆཱྂཿ ྅྅྅྅ཿ དབང་དྲག་གདུག་པ་འདུལ་བའི་གཤེདཿ ཧེ་རུ་ཀ་ལ་ཕྱག་འཚལ་ལོཿ གུ་རུ་དྲག་པོའི་བཀའ་སྡོད་ཆེཿ ལས་མཁན་ཕོ་ཉ་དམ་ཚིག་ཅནཿ གྲི་བཙན་དམར་པོ་མཆོད་པའི་ཐབསཿ གཙང་མའི་སྣོད་དུ་དྲག་བཤོས་ལཿ བཤོས་བུའམ་སྐྱུཀུ་བརྒྱད་ཀྱིས་བསྐོརཿ ཤ་ཁྲག་རུས་གསུམ་ཟའི་སྣས་བརྒྱནཿ སྐྱེམས་ཕུད་བཏུང་བའི་བྱེ་བྲག་བཤམསཿ རཾ་ཡཾ་ཁཾཿ གཏོར་མ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་གསུམ་རོ་ནུས་ཕུན་སུམ་ཚོགས་པར་གྱུརཿ ཨོཾ་ཨཱཿཧཱུཾཿ ཧྲཱིཿ སྔོན་ཚེ་བསྐལ་པའི་དང་པོ་ལཿ དབང་ཆེན་རོལ་པའི་དུར་ཁྲོད་ནསཿ དམ་ལ་བཏགས་པའི་ཐ་ཚིག་ཅནཿ བར་དུ་པདྨ་ཐོད་ཕྲེང་གིསཿ དབང་བསྐུར་གཉེར་གཏད་མཐུ་བོ་ཆེཿ ཐ་མ་ཁྲག་འཐུང་ཧེ་རུ་ཀརཿ ཁས་བླངས་བྲོ་བོར་དམ་ཚིག་ཅནཿ མི་སྲུན་གྲི་བཙན་དམར་པོ་ནིཿ རྡོ་རྗེ་དགྲ་འཇོམས་ཤ་བའི་གདོངཿ དུང་གི་རུ་ཐུར་ཟང་ངེ་བཿ བེར་སློག་གསོལ་ཞིང་མདུང་ཞགས་བསྣམསཿ རྫུ་འཕྲུལ་རླུང་ཤུགས་རྟ་དམར་ཞོནཿ བཀའ་བློན་རོལ་པ་རྐྱ་བདུན་དངཿ བཙན་འཁོར་སུམ་བརྒྱ་དྲུག་ཅུས་བསྐོརཿ སྔུན་དུ་ཤན་པ་མི་དམར་རྒྱུགཿ ཀླད་ན་བླ་འཛིན་བྱ་དམར་ལྡེངཿ རྒྱབ་ན་སྲོག་ཟན་ཁྱི་དམར་འབྲངཿ འཁོར་དང་བཅས་པ་ད་ཚུར་བྱོནཿ གློག་ལྟར་མྱུར་བར་གཤེགས་སུ་གསོལཿ ཙ་ཏྲི་ཧུར་ཐུམ་ས་མ་ཡཱ་ཛཿ ཧྲཱིཿ དམ་ཚིག་གཉན་གྱི་སྲུང་མ་ཆེཿ དགྱེས་བཞུགས་ཐ་ཚིག་དྲན་པར་མཛོདཿ ཁྱོད་ལ་མཆོད་པ་འབུལ་བ་ནིཿ དམ་རྫས་གཏོར་མ་བརྗིད་བཅུད་ལྡནཿ བསད་པའི་ཤ་ཁྲག་རུས་པ་སྙིངཿ ཟས་སྣ་སྐྱེམ་ཕུད་མཐུན་རྫས་སོགསཿ ཏིང་ངེ་འཛིན་གྱིས་བྱིན་བརླབས་པསཿ རོ་བྲོ་ནུས་པ་ཕུན་སུམ་ཚོགསཿ བཞེས་ཤིག་རོལ་ཅིག་ཐུགས་དམ་བསྐངཿ བཀྲག་མདངས་གཟི་བྱིན་སྟོབས་རྩལ་བསྐྱེདཿ ཨོཾ་ཨཱཿཧཱུཾཿ གཏོར་མ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་གསུམ་འདི་ཉིད་གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལཿ ཤན་པ་མི་རིང་དམར་པོཿ བཀའ་བློན་རོལ་པ་རྐྱ་བདུནཿ བཙན་དམག་སུམ་བརྒྱ་དང་དྲུག་ཅུའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོཿ གསོལ་ཞིག་རོལ་ཅིག་བཅོལ་པའི་ཕྲིན་ལས་སྒྲུབས་ཤིགཿ དགྲ་གདོན་བགེགས་དཔུང་ལོག་པར་འདྲེན་པ་ཐམས་ཅད་མིང་གི་ལྷག་མ་ཙམ་ཡང་མེད་པར་མཛོད་ཅིགཿ ཨོཾ་ཙ་ཏྲི་ཧུར་ཐུམ་མ་ཧཱ་བཱ་ལིང་ཏ་མཾ་ས་རཀྟ་ཙིཏྟ་ཀིཾ་ནི་རི་ཏི་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ལན་བདུན་གྱིས་བསྔོ་ཞིང་འབུལཿ བསྟོད་ཅིང་ཕྲིན་ལས་བཅོལ་བ་ནིཿ ཧྲཱིཿ རྔ་ཡབ་གླིང་ནས་སྲིན་པོ་བི་ཏྲ་ལིཿ སྨོན་ལམ་དབང་གིས་དམུ་བཙན་རུམ་དུ་ཆགསཿ ཁྲག་སྒོང་ལས་བྱུང་མི་སྲུན་མཐུ་བོ་ཆེཿ བཙན་རྒོད་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལཿ རྫུ་འཕྲུལ་འཛམ་གླིང་སྐད་ཅིག་ཉིད་ལ་སྐོརཿ གང་ལ་དམིགས་པ་ཐོགས་མེད་ཡུད་ཀྱིས་སྒྲོལཿ རང་ལ་མི་ལྡོག་དགྲ་ལ་ཐོག་ལྟར་མྱུརཿ གུ་རུ་པདྨའི་ལས་ཀྱི་ཕོ་ཉ་བཿ སྒྲུབ་པ་པོ་ལ་མ་ལྟར་བརྩེ་བ་ཡིསཿ དམ་གཙང་རྡོ་རྗེ་དགྲ་འཇོམས་རྩལ་ལ་བསྟོདཿ སྨོན་ལམ་ཞལ་བཞེས་ཐ་ཚིག་དྲན་མཛོད་ལཿ བླ་མེད་ཨ་ཏིའི་བསྟན་པ་འཛིན་སྐྱོང་སྤེལཿ བདག་དང་དབྱེར་མེད་ལུས་དང་གྲིབ་བཞིན་འགྲོགསཿ ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་གྱིསཿ ལས་མ་འགྱངས་ལ་རྣམ་བཞིའི་ཕྲིན་ལས་སྒྲུབསཿ བང་མ་བུལ་ལ་དགྲ་བོའི་སྲོག་རྩ་ཆོདཿ བསམ་ངན་སྦྱོར་རྩུབ་བཀའ་འགལ་ཐུགས་དཀྲུགས་མཁནཿ མ་བསྐུལ་བར་ཡང་སྙིང་ཁྲག་དྲོན་མོ་འཐུངཿ མངོན་སྤྱོད་དྲག་པོས་ཕྲིན་ལས་མཐུ་མ་ཆུངཿ སྒྲུབ་པོ་བསྟན་པ་མི་ནུབ་འཕེལ་རྒྱས་ཀྱིསཿ ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་རྡུངསཿ འདོད་པའི་དོན་ཀུན་འབད་མེད་མྱུར་འགྲུབ་མཛོདཿ ལས་མཁན་གྲི་བཙན་དམར་པོ་ཡིཿ གསོལ་མཆོད་དགྲ་གདོན་གཡུལ་འཇོམས་འདིཿ སྲུང་མ་རང་གིས་ཐ་ཚིག་བཅསཿ བསྐུལ་ཚེ་ཨ་ཙར་དམར་པོ་ཡིསཿ ལོངས་སྤྱོད་འཁོར་ལོའི་གསང་མཛོད་བརྟོལཿ དགོངས་པའི་གཏེར་གྱི་ཆ་ལག་སྟེཿ མཐུ་རྩལ་རྣོ་མྱུར་ཐོག་དང་འདྲཿ མ་སྤེལ་འགྱུར་མེད་དམ་ཚིག་རྒྱཿ སྲུང་མ་རང་གི་བླ་རྡོ་སྟེཿ བཀའ་རྐུན་སྲོག་ལ་ཧུར་ཐུམ་འབྱུངཿ སྙིགས་དུས་རང་གི་མཚོན་ཆའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཁ་ཐཾཿ ཉེར་གནས་འོད་ཟེར་མཐའ་ཡས་ཀྱིསཿ ཡིགེ་རིས་སུ་བཀོད་པ་སྟེཿ རང་ལ་མི་ལྡོག་ཕྲག་ཡང་ཞིངཿ འདོད་དོན་སྒྲུབ་ལ་ཐོགས་མེད་དོཿ བཀྲ་ཤིས་དཔལ་འབར་ཕུན་ཚོགས་དགེཿ