DKYD-KABUM-06-CHA-034

From Khyentse Lineage - A Tsadra Foundation Project
Revision as of 09:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །གླིང་རྗེ་སེང་ཆེན་རྒྱལ་པོའི་སྒོ་ནས་དྲག་པོའི་ལས་སྦྱོར། ཉམས་པ་འཇོམས་པའི་དུག་ཆར་ཞེས་བྱ་བ་བཞུགས་སོ། ། ༄༅། «།དེ་ལ་ཐོག་མར་སྦྱོར་བ་བཤམས་བཀོད་སོགས་དྲག་པོ་སྤྱི་མཐུན་ལྟར་བཀོདཿ ལྟ་བའི་གདེངས་མ་བྲལ་ངང་ནས་སྒྲོལ་བསྐུལ་ལས་ལ་འཇུགཿ དང་པོ་མ་ཉེས་གཟུ་དཔང་ཞུ་བ་ནིཿ »ཧཱུྃ་དམིགས་བསམ་བརྗོད་བྲལ་ཆོས་སྐུའི་ཀློང་ཡངས་ལསཿ མ་སྐྱེས་མ་འགགས་ལོངས་སྤྱོད་རྫོགས་པའི་སྐུའིཿ རོལ་རྩལ་གར་བསྒྱུར་དགྲ་འདུལ་རྒྱལ་པོ་དངཿ སྐུ་འཁོར་སུམ་ཅུ་ལས་མཛད་སྤྲུལ་འཁོར་གཙོསཿ འཁོར་འདས་སྣང་སྲིད་ཀྱིས་བསྡུས་དྲེགས་ཚོགས་རྣམསཿ བདག་ཅག་མ་ཉེས་གཟུ་དང་དཔང་མཛོད་ཅིགཿ སྡིག་ཅན་མི་སྲུན་གཟུགས་ཅན་དགྲ་བོ་དངཿ གཟུགས་མེད་རྒྱལ་བསེན་དམ་སྲི་རྡུལ་དུ་རློགཿ བདག་གི་གང་བསམ་མ་ལུས་འགྲུབ་པ་དངཿ ཁྱད་པར་བརྣག་པའི་དགྲ་བོ་ཕུང་བ་སོགསཿ ཉེས་ཅན་རྣམས་ལ་དྲག་པོའི་ཕྲིན་ལས་མཛོདཿ «གཉིས་པ་ཐུགས་དམ་གནད་ནས་བསྐུལ་བ་ནིཿ གསེར་སྐྱེམས་ཕྱོགས་བཅུར་འཐོར་ཞིང་གདུང་ཤུགས་དྲག་པོའི་ངང་ནསཿ »ཧཱུྃཿ དབྱིངས་ན་བཞུགས་པའི་རྩ་གསུམ་ལྷ་ཚོགས་དང་ཿ དགྲ་འདུལ་སེང་ཆེན་སྤྲུལ་པ་ཡང་སྤྲུལ་བཅསཿ རིན་ཆེན་འབྲུ་སྨན་བཞེད་དགུའི་དཔལ་ལྡན་པའིཿ བདུད་རྩི་གསེར་སྐྱེམས་མཆོད་པ་དམ་པ་བཞེསཿ ཐུགས་དམ་བསྐུལ་ལོ་བསྟན་དགྲའི་གཤེད་དུ་བཞེངསཿ བཞེངས་ཤིག་བཞེངས་ཤིག་ཆོས་དབྱིངས་ཀློང་ནས་བཞེངསཿ ལྔ་བདོ་སྙིགས་མའི་སྨག་རུམ་ཁྲོད་འདི་རུཿ སྔ་འགྱུར་བསྟན་པའི་མེ་རོ་བསླང་བ་ཡིཿ སྔོན་གྱི་ཐུགས་དམ་མ་གཡེལ་ལས་ལ་བཞེངསཿ ད་ལྟ་སྤྱིར་ན་རྒྱལ་བསྟན་ཉམས་དམའ་ཞིང་ཿ ཁྱད་པར་བླ་མེད་ཨ་ཏི་ནུབ་ལ་ཉེཿ དགོས་སུ་རང་ལུགས་ཆོས་སྲིད་མངའ་ཐང་ཉམས། བསྟན་འཛིན་ཕལ་ཆེར་ཆོས་ཀྱི་དབྱིངས་སུ་བཞུགསཿ རྣལ་འབྱོར་བདག་སོགས་གྲོང་མཐའི་ཁྱི་ལྟར་ལུསཿ མ་རུང་ལོག་འདྲེན་དགྲ་གདོན་འབྱུང་པོས་མནརཿ འཕྲོག་བཅོམ་གཡོ་ཁྲམ་ནད་མུག་མཚོན་ཁ་དརཿ ཆོས་ལྡན་ཁས་ཞན་གདུག་ཅན་དགྲ་དཔུང་བཙནཿ དཀར་ཕྱོགས་དབུ་དམའ་ནག་ཕྱོགས་མགོ་འཕང་མཐོཿ བསྟན་འགྲོའི་ཕན་བདེ་བཤིགས་པ་མ་གཟིགས་སམཿ བུ་ཆུང་ཕ་ལ་གདུང་ཞིང་རེ་བ་བཞིནཿ བདག་ཅག་ཁྱེད་ལ་མི་རེ་སུ་ལ་རེཿ ལྷ་ཡི་ལྷ་མཆོག་གླིང་ལྷ་དགྲ་འདུལ་རྗེཿ འབོད་པའི་གདུང་དབྱངས་བརྩེ་བའི་ཐུགས་ཀྱིས་དགོངསཿ བསྐུལ་བའི་ལས་འདི་ཡལ་བར་མ་དོར་བརཿ བརྣག་པའི་དགྲ་ལ་རྟགས་མཚན་མྱུར་དུ་སྟོནཿ རྣམ་རྟོག་ལོག་རྟོག་ངན་པའི་རཱུ་ཊའི་སྡེཿ ཐལ་བ་རྡུལ་ཕྲན་ཅི་བཞིན་བརླག་པར་མཛོད། «ཅེས་བརྗོད་ལ་གསུམ་པ་འགུགས་པ་ནིཿ »ཛཿ རྒྱལ་ཀུན་འདུས་ཞལ་རྩ་བའི་བླ་མ་དངཿ དཀོན་མཆོག་རྣམ་གསུམ་ཆོས་ཉིད་འགྱུར་བ་མེདཿ ཆོས་ཅན་བསླུ་མེད་དམ་ཅན་ཆོས་སྐྱོང་དང་ཿ ཁྱད་པར་བདུད་དགྲའི་གཤེད་དུ་ཡོངས་ཤར་བཿ འཛམ་གླིང་ནོར་བུ་གེ་སར་ལྷ་འཁོར་གྱིཿ བཀའ་ཡི་བདེན་པས་དམིགས་རྟེན་འདི་དག་ལཿ ལོ་ཟླ་ཞག་དུས་སྤར་སྨེ་ཀེག་རྣམས་དངཿ ནད་མུག་རྦོད་གཏོང་ལ་སོགས་མི་འདོད་རིགསཿ མི་མཐུན་འབྱུང་བཞི་དུས་ཀྱི་གཡོ་འཁྲུགས་མཁནཿ ཁྱད་པར་བསྟན་དང་རྣལ་འབྱོར་འཁོར་བཅས་ལཿ གནོད་བྱེད་འཚེ་བའི་གཟུགས་ཅན་གཟུགས་མེད་ཀྱི༔ བླ་སྲོག་རྣམ་ཤེས་གར་སྲིད་གར་གནས་ཀྱང་ཿ སྐད་ཅིག་ད་ལྟ་ཉིད་དུ་འདིར་ཁུག་ཅིགཿ ཛ་ཧཱུྃ་བཾ་ཧོཿ« བླ་འགུགས་སྔགས་གྲངས་མང་འདོན་རྗེས༔ བཞི་བ་མགོན་ལྷ་དབྱེ་ཞིང་གཤེད་དུ་དབབ་པ་ནིཿ »ཧཱུྃཿ ཉམས་པའི་དཔྲལ་བ་གས་པའི་ནང་རོལ་ནསཿ སྲོག་བདུད་ནག་པོ་ཁོ་ཡིས་གཤེད་དུ་རྔམསཿ ལས་མཁན་བྱ་འུག་ཁྲོ་ཚོགས་གྲངས་མེད་བཅསཿ དགྲ་ལ་འགོ་ཞིང་སྡོང་གྲོགས་བྱེད་པ་ཡིཿ ལྷ་ལྔ་དང་ནི་སྐྱོབས་པའི་ལྷ་དགུ་སོགསཿ ཕྲོལ་ལ་ཁོ་ཡི་བླ་སྲོག་རྟེན་འདི་ཁུགཿ སྙིང་རྗེ་ཁྲོས་པའི་ལྕགས་ཀྱུས་ཙིཏྟ་དྲོངསཿ ལྷན་སྐྱེས་བདེ་སྟོང་ཡེ་ཤེས་དྲྭ་བས་བཅིངསཿ ཆེད་འཛིན་རེ་དོགས་དང་བྲལ་ལྕགས་སྒྲོག་སྡོམསཿ གྲགས་སྟོང་བརྗོད་མེད་དྲིལ་བུས་མྱོས་སུ་ཆུགཿ གཉིས་མེད་འཛིན་བྲལ་ལྟ་བས་དབྱེར་མེད་བསྟིམཿ ཐ་སྙད་ལེགས་ཉེས་བདེན་རྫུན་བསླུ་མེད་ཀྱིཿ སྟོབས་ཀྱིས་ཁོ་ཡི་མགོན་ལྷ་གཤེད་དུ་ཕོབཿ «སློབ་དཔོན་གྱིས་ཕྱག་རྒྱ་དང་བཅསཿ» ཨོཾ་བཛྲ་ཨངྐུ་ཤ་ཡ་ཛཿ ཨོཾ་བཛྲ་པ་ཤ་ཧཱུྃཿ ཨོཾ་བཛྲ་སྥོ་ཊ་བཾཿ ཨོཾ་བཛྲ་གྷནྜེ་ཧོཿ ཨོཾ་བཛྲ་པྲ་ཝེ་ཤ་ཡ་ཕཊཿ ཨོཾ་བཛྲ་ཨ་ཝེ་ཤ་ཡ་ཨཱཿ«ལྔ་བ་དྲག་པོའི་རྫས་ཀྱིས་ཐུན་དབབ་པ་ནིཿ »ཧཱུྃཿ དྲག་ཁྲོས་མ་རུང་གཤེད་མ་གེ་སར་རྗེའིཿ སྐུ་ལས་དམ་ཉམས་འཇོམས་པའི་མཚོན་ཆ་སྤྲོསཿ མཚོན་རྩེའི་འཕྲུལ་གྱིས་ནད་རིམས་ཟུག་རྔུལ་འགྱེདཿ བདུད་དགྲའི་གཟུགས་ཕུང་ཐལ་བའི་རྡུལ་བཞིན་བརླགཿ དུག་ཁྲག་ངར་ལྡན་ལྕགས་ཟངས་ཕྱེ་མ་དང་ཿ རྡོ་དང་ཡུང་དཀར་རྫས་ཀྱི་ཐུན་བྲབ་པསཿ ཐ་སྙད་ཀུན་བརྟགས་ཚད་མར་འཁྲུལ་སྣང་ངོརཿ ཏིང་འཛིན་དམིགས་པའི་བསྐྱེད་རིམ་རྣོ་ངར་གྱིསཿ ཉམས་པར་ནད་མུག་མི་མཐུན་ཆར་ཕབས་ཤིང་ཿ བླ་ཡིད་སྡུག་བསྔལ་ཚོར་བས་མྱོས་པར་གྱུརཿ ཨོཾ་མ་ཧཱ་གུ་རུ་ཀྲོ་ཏ་རཱ་ཛ་རྣྲྀ་ཏྲི་ཤ་ཏྲུཾ་མ་ར་ཡ་རྦད་སོདཿ «ཅི་ནུས་བརྗོད་ལ་དྲུག་པ་རྣམ་ཤེས་སྤར་བ་ནིཿ ཚེ་ཁྲུས་ཀྱི་ལྟ་དགོངས་དང་ལྡན་པའི་ངང་ནས་སྒྲོལ་ཕུར་ལག་ཏུ་ཐོགས་ཏེཿ» ཧཱུྃཿ ང་ནི་དབང་ཆེན་བདུད་འདུལ་ཧེ་རུ་ཀཿ ཁྱོད་ནི་ལས་ངན་མ་རུང་སྡིག་ཆེན་ཏེཿ དཀོན་མཆོག་དབུ་འཕང་སྨད་ཅིང་རྣལ་འབྱོར་ལཿ འཕྲོག་བཅོམ་གཡོ་རྫུན་མི་འདོད་སྣ་ཚོགས་བྱསཿ བསྟན་པ་བཤིགས་ཤིང་བསྟན་འཛིན་སྲོག་འཕྲོག་སོགསཿ མཚམས་མེད་ལས་ངན་མང་པོ་བརྩམས་པས་ནཿ ཁྱོད་ཀྱི་རྣམ་སྨིན་བསླུ་མེད་ན་རག་གནསཿ དེ་ནས་དུ་ཁཿདཔག་མེད་མྱོང་བར་འགྱུརཿ དེ་ཕྱིར་པ་སངས་ལྟར་དཀར་སེམས་ལྡན་ངསཿ ཡང་ཟབ་གསང་སྔགས་ལམ་གྱི་ནུས་མཐུར་བརྟེནཿ རིག་སྟོང་སྐྱེ་མེད་ཆོས་སྐུའི་ཕུར་བུ་ཡིསཿ གཉིས་འཛིན་བག་ཆགས་དངོས་སྣང་གཟུགས་ཕུང་བསྒྲལཿ བདེ་སྡུག་ཚོར་བའི་ཕུང་པོ་དུམ་བུར་གཏོརཿ ཚེ་བསོད་རྣྲྀ་ལྗང་ཚུལ་དུ་རང་ལ་བསྟིམཿ འདུ་ཤེས་འདུ་བྱེད་རྣམ་ཤེས་ཨ་དཀར་པོའིཿ རྣམ་པར་ཕུར་རྩེ་ནས་དྲངས་དབྱིངས་སུ་སྤརཿ ཀུན་བཟང་ཐོད་ཕྲེང་ཐུགས་དང་དབྱེར་མེད་དུཿ ཡན་ལག་ལྟ་བས་རྒྱས་གདབས་བྱས་པ་ཡིཿ ཁྱོད་ཀྱི་ལས་ངན་རྒྱུན་བཅད་གྲོལ་བར་གྱུརཿ ཨོཾ་ཨཱཿཧཱུྃཿ མ་ཧཱ་གུ་རུ་དཱེ་ཝ་ཀྲོ་ཏ་རཱ་ཛ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཌ་ཀ་ཌཱཀྐི་ནི་སརྦ་ཌུཥྟཾ་ཨ་མུ་ཀ་བྷིགྣཾ་ཛ་ཧཱུྃ་བཾ་ཧོཿ རྣྲྀ་ཏྲི་ཤ་ཏྲུཾ་མ་ར་ཡ་ཕཊཿ «ཅེས་དྲག་སྔགས་སོ་ལྔའམ་ཅི་ནུས་བཟླས་ན་ལེགསཿ བདུན་པ་བསྟབས་པ་ནིཿ སྨན་རག་བྲན་ལ་ལིང་རོ་ལག་ཏུ་ཐོགས་ནསཿ »ཧཱུྃཿ ཁྲག་འཐུང་རྗེ་བཙུན་བདུད་འདུལ་སེང་ཆེན་དངཿ དགྲ་བླ་ཝེར་མ་བཀའ་འཁོར་དྲེགས་པའི་ཚོགསཿ རྩ་གསུམ་དམ་ཅན་རྒྱ་མཚོའི་འཁོར་ཚོགས་བཅསཿ རྔམས་པའི་ཞལ་གདངས་གློག་དམར་ལྗགས་སྐྱོངས་ལཿ ཉམས་པའི་གཟུགས་ཕུང་བདུད་རྩིར་བྱིན་བརླབས་པསཿ མ་ཧཱ་མཾ་ས་རི་ལྟར་སྤུངས་ཤིང་བརྗིདཿ རཀྟ་ཙིཏྟ་བཱ་སུ་ཏ་ན་སོགསཿ ལྷག་མ་མེད་པར་བཞེས་ལ་ཞལ་དུ་སྟོབསཿ མ་ཧཱ་གུ་རུ་པཥྤེ་ར་ཛ་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀིང་ནི་རི་ཏི་ལ་ཁ་རཾ་ཁཱ་ཧིཿ དེ་ནས་ལིར་ཞལ་དུ་བསྟབས་ཤིངཿ ནམ་མཁའ་མེད་པར་གྱུར་ན་ཡངཿ སྔགས་ཀྱི་དངོས་གྲུབ་མེད་མི་སྲིདཿ ལྷ་དང་དྲང་སྲོང་གིས་བྱས་པའིཿ རིག་སྔགས་བསླུ་བར་མི་སྲིད་ནཿ གསང་སྔགས་སྦྱོར་བས་བསླུ་བ་ནིཿ མ་བྱུང་འབྱུང་བར་མི་འགྱུར་རོཿ ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིསཿ དགྲ་བགེགས་གནོད་བྱེད་ཐམས་ཅད་ཀྱིཿ ལུས་ངག་ཐལ་བ་རྡུལ་དུ་རློགཿ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲངསཿ སྔགས་འཆང་བདག་དང་འགྲོ་བ་འདི་ཀུན་གྱིཿ རྟོག་པ་ལས་བྱུང་འཁོར་བའི་དགྲ་གདོན་བགེགསཿ ཟུང་འཇུག་སྣ་ཚོགས་ཐབས་ཀྱིས་ཚར་བཅད་ནསཿ ཧེ་རུ་ཀཿདཔལ་མཉམ་ཉིད་མངོན་གྱུར་ཤོགཿ «ཅེས་བརྗོད་པར་བྱའོཿ འདི་ལྟར་མ་བྱུང་བསྟན་དགྲ་སྒྲོལ་བའི་ལསཿ དུས་མཐའི་སྔགས་སྨྱོན་དགྱེས་པ་རྡོ་རྗེ་ཡིསཿ དཀར་ཕྱོགས་བསྟོད་ཅིང་ནག་ཕྱོགས་འཇོམས་པ་དངཿ བསྟན་པ་སྤྱི་དང་ཁྱད་པར་རང་གི་ལུགསཿ པདྨའི་ཐུགས་སྲས་ཨ་བྷིའི་མཚན་ཅན་གྱིཿ ཁྱད་ཆོས་ཀློང་ཆེན་སྙིང་གི་ཐིག་ལེ་ཡིཿ བསྟན་སྲིད་ཉི་གཞོན་ཤར་རིར་ཆས་པ་ལྟརཿ འགྲོ་ལ་ཕན་དང་བདེ་བའི་འབྱུང་གནས་སུཿ འགྱུར་བའི་མོས་བློ་བཟང་པོས་ཀུན་བསླངས་ནསཿ ཉམས་པ་འཇོམས་པའི་དུག་ཆར་འདི་བཀོད་དོཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ རྣམ་དཀར་དད་པའི་བ་དན་གཙུགས་ན་འགྱིངསཿ ངུར་སྨྲིག་རྒྱན་འཆང་ཤེས་རབ་མིང་དེ་ཡིསཿ མྱུར་ལྡན་སོར་མོའི་གར་གྱིས་ཡི་གེར་བཏབསཿ དགེ་ཞིང་བཀྲ་ཤིས་སརྦ་མངྒ་ལཾཿ དགེའོ། །དགེའོ། །དགེའོ།། །།