DKYD-KABUM-04-NGA-011

From Khyentse Lineage - A Tsadra Foundation Project
Revision as of 09:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །བླ་མ་དབང་གི་ལྷ་ལ་འདུདཿ བླ་རྡོ་བྲི་བའི་ཡིག་ཆུང་ནིཿ ལེ་བརྒན་དྲི་བྲལ་གཞི་ལེགས་སྟེངཿ རིན་ཆེན་དང་པོའི་ཁུ་བ་དང་ཿ གི་ཝཾ་གུར་གུམ་ཙནྡན་དམརཿ བསྲེས་པས་མ་ནོར་བྲི་བར་བྱཿ དེ་ཡང་མུ་ཁྱུད་ལྔ་པ་ཅནཿ པདྨ་འདབ་བཞིའི་དབུས་སུ་ནིཿ རྡོ་རྗེ་ལྟེ་བ་ཧཱུྃཿགི་མཐརཿ བསྙེན་སྔགས་བསྐོར་བ་འདབ་མ་བཞིརཿ ཧ་རི་ནི་ས་བཞི་ཡི་མཚནཿ རང་མཐར་སྔགས་ཀྱི་བསྐོར་བ་སྟེཿ ཌཱཀྐི་ནི་སརྦ་སིདྡྷི་ཧཱུྃཿ དེའི་ཕྱིར་སྒྲུབ་སྔགས་ཤམ་བུ་རུཿ རྣལ་འབྱོར་པ་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་ཅིགཿ ཅེས་དང་དེ་ཕྱིར་མུ་ཁྱུད་ལཿ ལས་སྦྱོར་སྔགས་དང་ཤམ་བུ་རུཿ ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་ཝ་ཤཾ་ཀུ་རུ་བསྟན་པ་འཕྲོག་ལ་རྒྱལ་དུ་ཆུག་ཅིགཿ སྙིང་རྩ་འགུལ་ལ་སྨྱོ་རུ་ཆུག་ཅིགཿ བསྡུས་བསྡུས་ཁ་དྷི་སྭཱ་ཧཱཿ དེ་ཕྱིར་རྡོ་རྗེ་ལྕགས་སྒྲོག་བསྐོརཿ ཕྱི་རུ་ཨཱ་ལི་ཀཱ་ལི་དངཿ རྟེན་འབྲེལ་སྙིང་པོས་བསྐོར་བར་བྱཿ ཐ་མ་འཇའ་འོད་དམར་པོས་བསྐོརཿ མྱོང་གྲོལ་དང་ནི་བ་མོའི་བཅུདཿ བྱུག་ཤིང་རབ་ཏུ་གནས་བྱས་ལཿ མགུལ་དུ་དྲོད་དང་མ་བྲལ་ཅིངཿ རྩ་བ་གསུམ་གྱི་བླ་རྡོ་སྟེཿ བྱིན་རླབས་སྤྲིན་ལྟར་འདུ་བར་འགྱུརཿ མི་ཡིས་མི་མཐོང་གནད་ཆེའོཿ དབང་བསྡུད་རྫས་ཀྱིས་བླ་རྡོ་ནིཿ བྱིས་པ་ལོ་བརྒྱད་སྲིན་གཡས་དངཿ བུད་མེད་ལོ་བརྒྱད་སྲིན་གཡོན་གྱིཿ ཁྲག་དང་དབང་ལག་སྙོམས་བྱས་ལཿ གི་ཝཾ་གུར་གུམ་སིན་དྷི་རསཿ ཆ་སྙོམས་བྱས་ལ་རིལ་བུ་བྱཿ དབང་བསྡུད་ཟབ། ཤིན་ཏུ་མཐར་ཐུགས་གཏམ་པ་སྟེཿ རང་ལས་གཞན་དུ་སྤེལ་བས་ནཿ སྔགས་ཀྱི་སྲུང་མས་ཚ་རག་གཏོང་ཿ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངསཿ རྒྱ་རྒྱ་རྒྱཿ སྐུ་ཡི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ རྒྱ་རྒྱ་རྒྱཿ དགེའོ། །དགེའོ། །དགེའོ།། །།