DKYD-KABUM-04-NGA-015

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DKYD-KABUM-04-NGA-015

༄༅། །སྨེ་བརྩེགས་སྒྲུབ་ཐབས་བྱིན་རླབས་ཆར་རྒྱུན་བཞུགས༔ ༄༅། «།བླ་མ་ལ་ཕྱག་འཚལ་ལོཿ དག་བྱེད་སྦྱོང་བའི་རྒྱལ་པོ་མཆོགཿ ཁྲོ་པོ་སྨེ་བ་བརྩེགས་པ་ཡིཿ སྒྲུབ་ཐབས་བྱིན་རླབས་ཆར་རྒྱུན་ནིཿ» ན་མོཿ རང་རིག་ཀུན་བཟང་རང་ངོ་མ་འཕྲོད་པརཿ རྩ་གསུམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིཿ འགྲོ་བའི་དོན་དུ་མི་གཙང་དྲི་མའི་ཚོགསཿ དག་བྱེད་ཁྲོ་རྒྱལ་སྨེ་བརྩེགས་བསྒོམ་པར་བྱཿ སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་ངངཿ རྒྱུ་ཡི་རིག་པ་འཕྲོ་འདུས་དྲན་རྫོགས་སུཿ རང་ཉིད་ཁྲོ་བོ་སྨེ་བ་བརྩེགས་པ་ནིཿ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པཿ སྤྱན་གསུམ་ཞལ་བགྲད་མཆེ་གཙིགས་ལྗགས་བསྐྱངས་དྲིལཿ དབུ་སྐྲ་ཁམ་ནག་གྱེན་བརྫེས་ཕྱག་གཉིས་ཀྱིསཿ ཐུགས་ཀར་སྡིག་མཛུབ་མཛད་ཅིང་རྔམས་པའི་སྟབསཿ ཞབས་གཉིས་ཁྲོ་བོའི་འདོར་སྟབས་པད་ཉིར་འགྱིངཿ ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགསཿ གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་མཚནཿ འོད་ཀྱིས་རྒྱལ་བ་རིགས་ལྔ་སྤྱན་དྲངས་ཤིངཿ སྟངས་དཔྱལ་མཉམ་སྦྱོར་བདུད་རྩིའི་ཆུ་རྒྱུན་གྱིསཿ དབང་བསྐུར་སྐུ་གང་བག་ཆགས་དྲི་མ་དགཿ ཆུ་ལྷག་ཡར་ལུད་མི་བསྐྱོད་དབུ་བརྒྱན་གྱུརཿ རྒྱལ་བ་རབ་འབྱམས་ཡེ་ཤེས་ལྷ་ཚོགས་གཤེགསཿ ཆུ་ལ་ཆུ་བཞག་དམ་ཡེ་དབྱེར་མེད་བཞུགསཿ རང་གྲོལ་རིག་པ་དོན་གྱིས་བརྡ་ཕྱག་འཚལཿ འདོད་ཡོན་མ་སྤང་ཕྱི་ནང་མཆོད་ཚོགས་འབུལཿ བཛྲ་ས་མ་ཡ་ཛཿ ཏིཥྛ་ལྷནཿ ན་མོ་ན་མ་ཧཱུྃཿ མ་ཧཱ་སརྦ་པཱུ་ཙ་ཁཱ་ཧིཿ བདག་མེད་རྡོ་རྗེ་དཔལ་ཆེན་ཧེ་རུ་ཀསཿ བདག་འཛིན་མ་རིག་རཱུ་ཏྲ་བསྒྲལ་བའི་ཚེཿ སྣམ་ཁུང་ནས་བྱུང་ཁྲོ་བོ་སྨེ་བ་བརྩེགསཿ མི་གཙང་ཀུན་འཇོམས་ཁྲོ་བོའི་རྒྱལ་ལ་བསྟོདཿ «བཟླས་པ་ནིཿ» ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེངཿ ཐུགས་སྲོག་མཐའ་མར་སྔགས་ཀྱི་འཕྲེངཿ གཡས་བསྐོར་མེ་སྟག་ཚྭ་ཚྭ་འཕྲོཿ བག་ཆགས་མི་གཙང་ཉམས་གྲིབ་དངཿ སྡིག་ལྟུང་ནད་གདོན་ཀུན་བསྲེགས་ཤིངཿ བ་སྤུའི་བུ་ག་ཐམས་ཅད་ནསཿ འོད་ཟེར་མེ་ཡི་ཚོགས་འཕྲོས་པསཿ སྣོད་བཅུད་བསྲེགས་སྦྱངས་སྟོང་བར་གྱུརཿ ཆོས་ཉིད་ཁྱབ་བརྡལ་ཆེན་པོའི་ངངཿ ཨོཾ་བཛྲ་བྷུར་ཁུང་མ་ཧཱ་པྲ་མ་ན་ཡེ་དྷུ་ར་ཙི་བྷུར་ཁི་བཱི་མ་ལེ་ཨུ་ཙུ་སྨ་ཀྲོ་ཏ་རཱ་ཛ་ཧཱུྃ་ཕཊཿ ཏོར་ཡ་ཏོར་ཡ་སྭཱ་ཧཱཿ «ཅི་ནུས་བཟླས། དམིགས་པས་བསྒྱུརཿ ཐུན་མཐར་སྟོང་ཚིག་མཆོད་བསྟོད་བྱཿ གནད་ལས་གནད་དུ་བསྡུས་པ་ཡིཿ ཚིག་ཉུང་དོན་ཟབ་བྱིན་རླབས་ཆེཿ གྲིབ་འཇོམས་སྨེ་བ་བརྩེགས་པ་ཡིསཿ ཉམས་ལེན་ཟབ་པའི་མཐར་ཐུག་འདིཿ བླ་མ་ཡེ་ཤེས་མཁའ་འགྲོ་མསཿ བཀའ་འབྱུང་མགྲིན་པའི་རྩ་འདུད་གྲོལཿ ཐོལ་བྱུང་ཤར་བཞིན་ཐོགས་མེད་དུཿ ཁྲག་འཐུང་དཔའ་བོས་ཕབ་པ་བཞིནཿ རིག་པའི་ཡེ་ཤེས་ཀྱིས་བྲིས་སོ།། །།