DKYD-KABUM-03-GA-016

From Khyentse Lineage - A Tsadra Foundation Project
Revision as of 09:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །བྱིན་རླབས་བླ་མའི་རྣལ་འབྱོར་མ་རིག་མུན་སེལ་བཞུགསཿ «སྲས་བཅས་རྒྱལ་བའི་ངོ་བོ་ཉིད། །རྩ་བའི་བླ་མར་གུས་པས་འདུད། །བླ་མ་བསྒྲུབ་པའི་རིམ་པ་ནི། »།ཨེ་མ་ཧོ། །ཕྱི་སྣོད་མི་དམིགས་རང་སྣང་གཞལ་ཡས་ཁང༌། །ཟངས་མདོག་དཔལ་གྱི་རི་བོ་ཙིཏྟའི་དབྱིབས། །ནང་དབྱིངས་སྟོང་གསལ་འཇའ་ཚོན་ཐིག་ལེའི་དབུས། །རང་ཉིད་ཌཱཀྐི་དཀར་མོ་གྲི་ཐོད་འཛིན། །དབུ་སྐྲ་ལྕང་ལོ་གནག་སྣུམ་སྐུ་རྒྱབ་ཁེབ། །ཞབས་གཉིས་དཔའ་མོའི་གར་ཐབས་བཞུགས་པ་ཡི། །མདུན་གང་སྤྱི་བོར་པདྨ་ཟླ་གདན་སྟེང༌། །མི་ལྤགས་གཡང་གཞི་གཅལ་དུ་བཀྲམ་པའི་དབུས། །རྩ་བའི་བླ་མ་ཛྙཱ་ན་བཛྲ་ནི། །སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་པ། །དབུ་སྐྲ་གྱེན་བཅིངས་ལྷག་མའི་སྐུ་རྒྱབ་ཁེབ། །ཕྱག་གཡས་ཤེས་རབ་རལ་གྲི་ནམ་མཁར་ཕྱར། །གཡོན་པས་བྷནྡྷ་བདུད་རྩིའི་བཀང་བ་བསྣམས། །ཞབས་གཉིས་རྒྱལ་པོ་རོལ་བའི་སྟབས་སུ་བཞུགས། །སྐུ་ལ་རུས་བརྒྱན་དར་དཔྱངས་སྟག་ཤམ་སྤྲས། །དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་པདྨ་འོད་ཀྱིས་གཞལ་ཡས་ནས། ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛཿ ཧཱུྃ་བདེ་ཆེན་དག་པའི་ཞིང་ཁམས་ནས། །འོད་དཔག་མེད་མགོན་གཤེགས་སུ་གསོལ། །པོ་ཏ་ལ་ཡི་གནས་མཆོག་གནསཿ །སྤྱན་རས་གཟིགས་དབང་༴ །རང་སྣང་པདྨའི་འོད་ཀློང་ནས། །པདྨ་འབྱུང་གནས་གཤེགས༴ །རིག་པ་འདུ་འབྲལ་མེད་ཀློང་ནསཿ །རྩ་བའི་བླ་མ༴ གནས་མཆོག་འདི་རུ་བྱིན་ཕོབ་ལ། །བསྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། «།ཡན་ལག་བདུན་པ་ནི།» མཆོག་གསུམ་ངོ་བོ་བླ་མ་ལ། །ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས། །དགེ་ལ་ཡི་རངས་ཆོས་འཁོར་བསྐོར། །བཞུགས་པར་གསོལ་འདེབས་དགེ་རྩ་བསྔོ། །གསང་གསུམ་དཔལ་ཡོན་མངོན་གྱུར་ཤོག །ཀྱེ་ཧོ་བདག་ནི་མ་རིག་དབང་གྱུར་པས། །འཁོར་བ་སྡུག་བསྔལ་རྒྱ་མཚོར་འཁྱམས། །དེ་ཕྱིར་སྐྱབས་གནས་ཁྱོད་ཉིད་ཀྱིས། །བདག་ཅག་འཁོར་བ་ལས་བསྒྲལ་ནས། །ཁྱེད་ཀྱི་གསང་གསུམ་དཔལ་ཡོན་ལ། །ལོངས་སུ་སྤྱོད་པའི་མཐུ་ཐོབ་ཤོག །ཨོཾ་མ་ཧཱ་གུ་རུ་ཨ་བྷྱེ་ཡ་ཛྙཱ་ན་བཛྲ་སརྦ་སིདྡྷི་ཕ་ལ་ཧཱུྃ།« ཅི་ནུས་བཟླས། »།རྗེ་བཙུན་བླ་མ་རིན་པོ་ཆེ། །བདག་ནི་འཁོར་བ་སྡུག་བསྔལ་གྱིས། །རྒྱ་མཚོར་ཆེན་པོའི་བྱིངས་ནས་སུ། །དུག་ལྔ་རང་ཁར་ཤོར་བའི་རྐྱེན། །དེ་ཕྱིར་དེ་ལས་གྲོལ་ནས་སུ། །མགོན་པོ་ཁྱེད་ཀྱིས་མཛད་པ་བཞིན། །གཏུམ་མོ་སྒྱུ་ལུས་འོད་གསལ་དང༌། །རྨི་ལམ་བར་དོའི་འཕོ་བ་སོགས། །ཆོས་དྲུག་ཉམས་ལེན་མཐར་ཕྱིན་ནས། །རི་ཁྲོད་ནགས་ཁྲོད་བས་མཐའ་རུ། །རྟག་ཏུ་བསྒྲུབ་པ་བྱེད་ནུས་ཤོག །དེ་ཡང་སྣང་སེམས་ཆོས་ཉིད་གསུམ། །དུ་མ་རོ་གཅིག་འདྲེས་གྱུར་ནས། །སྒོམ་མེད་སྐུ་གསུམ་རང་གྲོལ་ཀློང༌། །འཕོ་མེད་བཙན་ས་ཟིན་ནས་ཀྱང༌། །བློ་འདས་གཞོན་ནུ་བུམ་སྐུ་རུ། །འུབ་ཆུབ་འགྲོ་དོན་ནུས་པར་ཤོག «།ཅེས་པ་འདི་དད་ལྡན་སྟོབས་རྒྱས་ཀྱི་ངོར་གཞོན་ནུ་ཡེ་ཤེས་རྡོ་རྗེས་འཕྲལ་མར་སྤེལ་བ་དགེ་བས་འགྲོ་རྣམས་བླ་མ་སངས་རྒྱས་མཐོང་བའི་མོས་པ་དང་མི་འབྲལ་བའི་རྒྱུར་གྱུར་ཅིག་གུ། དགེའོ། །ཞུས་སོ།། །།