DKYD-KABUM-02-KHA-023
༄༅། །ཡང་གསང་མཁའ་འགྲོའི་ཟབ་ཏིག་ལསཿ ཚོགས་བསགས་ཐར་ལམ་ཤིང་རྟ་བསྟནཿ དེ་ལ་སྦྱོར་དངོས་རྗེས་དང་གསུམཿ དང་པོ་སྦྱོར་བའི་ཆོས་ལ་ནིཿ ཕཊཿ སྟོང་ཆེན་བློ་འདས་རྡོ་རྗེ་བཙུན་མོའི་མཁརཿ རང་གདངས་འགགས་མེད་གཉུག་མའི་ཕྱག་རྒྱ་ཆེཿ རིག་སྟོང་ཟུང་འཇུག་ཡེ་ཤེས་མཁའ་འགྲོ་མཿ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་མོ་གསལཿ ཕཊཿ སྐྱེ་མེད་རང་བྱུང་དབྱིངས་ཀྱི་མཁའ་འགྲོ་ལྔཿ རང་རྩལ་ཡེ་ཤེས་ལྔ་ཡི་བརྟུལ་ཞུགས་ཀྱིསཿ དུག་ལྔ་ལས་བསྐྲུན་ཉོན་མོངས་འཁྲུལ་རྟོག་ཆོསཿ སྲིད་ཞི་མཉམ་བརྡལ་དགོངས་པས་དབང་དུ་བསྡུསཿ ཕཊ་ཕཊ་ཕཊཿ རང་རིག་གདོད་ནས་སྐུ་གསུམ་དག་པའི་ལྷརཿ གསལ་སྟོང་འཛིན་བྲལ་ངང་ནས་སྐྱབས་སུ་མཆིཿ མ་རྟོགས་སྲིད་པར་འཕྱན་པའི་ཡིད་ཅན་འགྲོཿ བདེ་ཆེན་ཆོས་སྐུའི་རྒྱལ་སྲིད་མཆོག་ལ་འགོདཿ ཕཊཿ གཉིས་པ་དངོས་གཞི་རྣམ་གྲངས་བཞིནཿ ཕཊཿ རང་ལུས་ཆེ་ཚོ་བཀྲག་མདངས་རབ་འབར་བའིཿ སྙིང་དབུས་རིག་པ་ཕཊ་ཀྱིས་དབྱིངས་ལ་བསྲེཿ སྐད་ཅིག་དྲན་རྫོགས་རྡོ་རྗེ་རྣལ་འབྱོར་མཿ སྣང་སྟོང་དབྱེར་མེད་འོད་ཀྱི་སྐུ་རུ་གསལཿ ཕཊཿ ཕྱག་གཡས་གྲི་གུག་བེམ་པོའི་ཐོད་པ་ཕྲལཿ སྐུ་གསུམ་དོན་མཚོན་མི་མགོའི་སྒྱེད་པུར་བཞགཿ དེ་ནང་བམ་ཆེན་ཟག་མེད་བདུད་རྩིའི་སྤྲིནཿ འབྲུ་གསུམ་སྔགས་ཀྱི་ནུས་པས་སྦྱངས་སྤེལ་བསྒྱུརཿ ཨོཾ་ཨཱཿཧཱུྃཿ བཟླས་པས་དམིགས་པ་གསལཿ ཕཊཿ མཆོག་གསུམ་སྐུ་གསུམ་རྩ་གསུམ་སྲུང་མ་སོགསཿ རབ་འབྱམས་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་གཤེགསཿ རང་ལུས་ཟག་མེད་ཀུན་བཟང་མཆོད་སྤྲིན་འབུལཿ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལཿ ཕཊ་ཕཊ་ཕཊཿ ཡེ་ཤེས་འཇིག་རྟེན་ལས་སྒྲུབ་སྣང་སྲིད་ཀྱིཿ ལྷ་སྲིན་སྡེ་བརྒྱད་མི་མིན་འབྱུང་པོ་འདུསཿ བདག་ལུས་པགས་པ་སྟོང་གསུམ་ཁྱོན་དུ་བརྡལཿ དེ་སྟེང་ཤ་ཁྲག་རུས་པ་ལྷུན་པོར་སྤུངསཿ ལྷག་མེད་བཞེས་ལ་དགའ་མགུ་ངོམས་ཤིང་ཚིམཿ བྱང་ཆུབ་སེམས་བསྐྱེད་སྐུ་བཞིའི་འབྲས་སྨིན་ཤོགཿ ཕཊཿཕཊཿཕཊཿ ཐོག་མེད་དུས་ནས་དྲིན་གྱིས་བསྐྱངས་པ་ཡིཿ རིགས་དྲུག་ཕ་མ་སྙིང་རྗེའི་མགྲོན་གྱི་ཚོགསཿ གློ་བུར་ལྷག་དང་ཁས་ཞན་དབང་ཆུང་བཿ བུ་ལོན་ལན་ཆགས་སྙོགས་པའི་ཚོགས་རྣམས་ལཿ རང་རང་འདོད་དགུའི་དཔལ་དུ་ཚིམ་པར་བསྔོཿ ཐར་དང་རྣམ་མཁྱེན་གོ་སར་དབུགས་དབྱུང་ཤོགཿ ཕཊཿཕཊཿཕཊཿ གསུམ་པ་རྗེས་ཀྱི་ལས་རིམ་བཞིནཿ ཕཊཿ དུས་གསུམ་བསགས་པའི་དགེ་ཚོགས་ཇི་སྙེད་ཀུནཿ འཁོར་གསུམ་དམིགས་མེད་ཆེན་པོར་རྒྱས་བཏབ་པསཿ ཁམས་གསུམ་སྲིད་མཚོར་དུབ་པའི་མཁའ་ཁྱབ་འགྲོཿ སྐུ་གསུམ་གདོད་མའི་གྲོལ་གཞི་མངོན་གྱུར་ཤོགཿ ཕཊཿ རང་བཞིན་གདོད་ནས་སྐྱེ་འགག་གནས་གསུམ་བྲལཿ གཅད་བྱ་གཅོད་བྱེད་རེ་དོགས་མཚན་མ་གྲོལཿ མ་བཅོས་གཉུག་མ་རིག་སྟོང་རྗེན་པའི་སྦུབསཿ འོད་གསལ་ཐིག་ལེ་ཉག་གཅིག་ཀློང་དུ་ཨཱཿ ཕཊཿ གཞི་དབྱིངས་འཕོ་འགྱུར་བྲལ་བ་རྡོ་རྗེའི་གདངསཿ ལམ་སྣང་འགགས་མེད་ཡེ་ཤེས་རོལ་པའི་རྩལཿ འབྲས་བུ་ཁྱབ་བརྡལ་ཆོས་ཟད་གདོན་མའི་གཤིསཿ རྣམ་ཀུན་མཆོག་ལྡན་ཡུམ་གྱི་བཀྲ་ཤིས་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ སྤྲོས་མེད་རྣལ་འབྱོར་རྒྱུན་སྤྱོད་མཆོགཿ བྱ་སླ་དོན་ཆེན་ཉམས་ལེན་འདིཿ ཚོགས་གཉིས་མྱུར་རྫོགས་ཟབ་པའི་གནངཿ ལས་ལྡན་བུ་དང་འཕྲད་པར་ཤོགཿ གུཧྱཿ ཨྠིྀཿ དགེའོ།། །།