DKYD-KABUM-04-NGA-027

From Khyentse Lineage - A Tsadra Foundation Project
Revision as of 09:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །ཡང་གསང་རྡོ་རྗེ་སྙིང་པོ་ལསཿ ཕྲིན་ལས་ཕུར་པའི་སྒྲུབ་ཐབས་བཞུགསཿ ༄༅། «།བདུད་འདུལ་ཀརྨ་ཐོད་ཕྲེང་རྩལཿ ཕྲིན་ལས་ཕུར་པའི་ལྷ་ལ་འདུདཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལཿ སངས་རྒྱས་བསྟན་པའི་མཐར་ཐུག་ཅིངཿ གསང་སྔགས་བོན་གྱེར་བྱིན་རླབས་ཉམསཿ ཡི་དམ་ལྷ་འགའི་དངོས་གྲུབ་ཡལཿ ཆོས་བྱེད་བར་ཆད་མང་བའི་ཚེཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིསཿ ཕྲིན་ལས་གཅིག་བསྡུས་བདག་ཉིད་ཆེཿ རྡོ་རྗེ་གཞོན་ནུ་བསྒྲུབ་པའི་ཐབསཿ བཅུད་དྲིལ་ཡང་སྙིང་འདུས་པ་བསྟནཿ ཡིད་མཐུན་གནས་སུ་སྤྲོས་བཅས་ཀྱིཿ མཆོད་གཏོར་སྨན་རཀ་ཉེར་སྤྱོད་སོགསཿ དཀྱིལ་འཁོར་ཡོ་བྱད་འདུ་བྱད་ཅིངཿ གསང་སྔགས་གཞུང་བཞིན་བསྙེན་སྒྲུབ་འབདཿ ཡང་ན་སྤྲོས་མེད་རྣལ་འབྱོར་པསཿ ཕྱི་སྣོད་ནང་བཅུད་དཀྱིལ་འཁོར་གྱིསཿ འཁོར་ལོའི་རྣམ་རོལ་འདོད་ཡོན་ལྔཿ མཆོད་པའི་རྫས་ཀྱི་རང་བཞིན་ཏེཿ ལྷ་ཉིད་རང་ལ་རང་ཉིད་ལྷརཿ གྲོལ་ས་ཨ་ཏིའི་ཡོ་གའི་ལུགསཿ རྣལ་འབྱོར་དྲོད་ཚད་དང་མཐུན་པའིཿ ཉམས་སུ་ལེན་པའི་རིམ་པ་ནིཿ དད་དང་དམ་ཚིག་ལྡན་པ་ཡིས། ཐེ་ཚོམ་དང་བྲལ་རྣལ་འབྱོར་བསཿ ཉམས་ལེན་སྔོན་འགྲོའི་རིམ་པ་ལསཿ ཐོག་མར་སྐྱབས་སེམས་རིམ་པ་ནིཿ» ན་མོ་ཆོས་དབྱིངས་གདོད་ནས་རྣམ་དག་འཕོ་འགྱུར་བྲལཿ རོལ་རྩལ་ཐུགས་རྗེའི་རྣམ་རོལ་ཧེ་རུ་ཀཿ བཅོམ་ལྡན་དཔལ་ཆེན་བཛྲ་ཀུ་མ་རར༔ བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆིཿ «སེམས་བསྐྱེད་པ་ནིཿ »མ་རིག་དུག་ལྔའི་མཐོར་རླུང་དྲག་པོ་ཡིཿ ཀུན་ནས་ཀུན་ཏུ་འཁོར་བར་ལུག་རྒྱུད་དུཿ འཁྱམ་པའི་ཕ་མ་མཁའ་མཉམ་སེམས་ཅན་ཀུནཿ རང་རིག་ཆོས་སྐུར་རྟོགས་པར་སེམས་བསྐྱེད་དོཿ «ཡན་ལག་བཅུ་པ་ནིཿ» རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལཿ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོཿ མཆོག་གསུམ་བརྟེན་པའི་ཞིང་གྱུར་ལཿ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆིཿ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའིཿ དག་པའི་མཆོད་པ་བཞེས་སུ་གསོལཿ དངོས་གྲུབ་ཆུ་བོ་གཅོད་པའི་བགེགསཿ ཉེས་བྱས་མ་ལུས་བཤགས་པར་བགྱིཿ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོསཿ མ་ཆགས་སྤྱོད་ལ་རྗེས་ཡི་རངསཿ དག་པའི་མཐའ་བཞི་དྲི་མ་མེདཿ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོཿ བདེ་གཤེགས་དབང་ཕྱུག་སེམས་ཅན་ལཿ དགོས་པ་གསུམ་ཕྱིར་ལུས་འབུལ་ལོཿ ཚེ་རབས་བགྲང་བའི་ལས་རྣམས་ཀུནཿ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོཿ «བགེགས་བསྐྲད་པ་ནིཿ »ཧཱུྃཿ གཉིས་འཛིན་མ་རིག་གློ་བུར་ལས་གྱུར་པའིཿ གླག་ལྟ་བར་ཆད་འབྱུང་པོ་གདོན་གྱི་རིགསཿ གནས་འདིར་མ་འདུག་རྒྱ་མཚོའི་ཕ་མཐར་དེངསཿ གལ་ཏེ་བཀའ་ལས་འདའ་ཞིང་འཚེ་བྱེད་ནཿ དཔལ་ཆེན་ཁྲོ་བོའི་རྒྱལ་པོའི་ཐུགས་ཀ་ནསཿ རྡོ་རྗེ་མེ་དཔུང་མཚོན་ཆའི་ཚོགས་འཕྲོས་ནསཿ ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་ཏ་རེཿ «ཧཱུྃ་བཞིའི་སྔགས་དང་རྔམས་པའི་སྟབས་ཀྱིས་གཟིརཿ བསྲུང་འཁོར་བསྒོམ་པ་ནིཿ» ཧཱུྃཿ སྣང་བ་རྣམ་དག་ཕྱི་སྣོད་གཞལ་ཡས་ཁངཿ ནང་བཅུད་ཡེ་ནས་ཁྲོ་རྒྱལ་ལྷ་ཡི་སྐུཿ གསང་བ་རང་རིག་མ་བཅོས་ཀུན་ཏུ་བཟངཿ རྟོག་ཚོགས་རང་གྲོལ་ཆེན་པོར་མཚམས་བཅད་དོཿ བཛྲ་རཀྵ་རཀྵ་ཧཱུྃཿ« བྱིན་འབེབ་པ་ནིཿ »ཧཱུྃཿ ཐུགས་རྗེའི་རོལ་རྩལ་སྣང་སྟོང་སྒྱུ་མའི་སྐུཿ རྒྱལ་བ་སྲས་བཅས་རིག་འཛིན་རྣལ་འབྱོར་ཚོགསཿ བདུད་འདུལ་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ལྷཿ དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་བཅསཿ བདག་ཅག་མོས་པའི་ལས་ཅན་བུ་མཆོག་ལཿ བྱིན་ཆེན་བྱིན་ཕོབ་དབང་ཆེན་དབང་བསྐུར་ལཿ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོནཿ ཨོཾ་ཤྲི་བཛྲ་ཀུ་མ་ར་ཨ་བེ་ཤ་ཡ་ཕེམ་ཕེམཿ «དམ་བཅའ་བ་ནིཿ »ཧཱུྃཿ བསྐལ་པ་སྔོན་ནས་བསྒྲུབ་པའི་ཡི་དམ་ལྷཿ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་མཆོགཿ སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་བགྱི་ཞིངཿ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གིཿ དམ་ཚིག་ཆགས་ཉམས་འགལ་འཁྲུལ་ཅི་མཆིས་ཀུནཿ ཀློང་ཡངས་ཚངས་པ་ཆེན་པོར་བཤགས་བགྱིའོཿ ས་མ་ཡཱཿ ཤུདྷེ་ཨཱཿ« མཆོད་པ་བྱིན་རླབས་ནིཿ »རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ དབང་པོ་ལྔ་ལ་ཉེ་བར་ཤར་བ་ཡིཿ གཟུགས་སྒྲ་དྲི་རོ་རེག་བྱའི་ཆོས་སོ་ཅོགཿ ཕྱི་ནང་གསང་བའི་མཆོད་ཚོགས་དཔག་མེད་པཿ ཟག་མེད་དགྱེས་སྐོང་བདུད་རྩི་རྒྱ་མཚོར་གྱུརཿ སརྦ་པུ་ཙ་ས་མ་ཡ་ཧཱུྃཿ «གཉིས་པ་དངོས་གཞིའི་རིམ་པ་ལཿ རྟེན་དང་བརྟེན་པའི་དཀྱིལ་འཁོར་ཚོགསཿ བསྐྱེད་པའི་རིམ་པ་འདི་ལྟར་ཏེཿ» ཧཱུྃཿ སྟོང་ཆེན་རྣམ་དག་ཆོས་དབྱིངས་དེ་བཞིན་ཉིདཿ གདོད་ནས་མ་བཅོས་ཆོས་ཉིད་འདུས་མ་བྱསཿ དེ་ལས་སྙིང་རྗེ་སྒྱུ་མའི་རང་གདངས་རྩལཿ ཀུན་སྣང་མཉམ་རྫོགས་བློ་འདས་ཆེན་པོར་གསལཿ རྣམ་ཤེས་རྒྱུ་ཡི་རིག་པ་ཧཱུྃ་དུ་གྱུརཿ འོད་འཕྲོས་སྣོད་བཅུད་སྦྱངས་ཤིང་རྒྱལ་བ་མཆོདཿ བྱིན་རླབས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུསཿ སླར་འཕྲོས་འགྲོ་དྲུག་ལས་ཉོན་སྡིག་སྒྲིབ་སྦྱངཿ འཁོར་འདས་དངས་བཅུད་བསྡུས་ནས་ཧཱུྃ་ལ་ཐིམཿ ཕྱི་སྣོད་དུར་ཁྲོད་གསང་ཆེན་རོལ་པའི་ཞིངཿ རྒྱན་བཀོད་ཕུན་ཚོགས་རང་སྣང་སྤྲུལ་པའི་ཞིངཿ མཐའ་བསྐོར་རོ་གླིང་མཚོན་ཆ་སྣ་ལྔའི་གུརཿ བསྐལ་མེ་སྤུ་གྲི་རེག་གཅོད་རླུང་གིས་གཏམསཿ ནང་དུ་གནམ་ལྕགས་འཁོར་ལོ་རྩིབས་བཅུ་ཡིཿ ལྟེ་བར་གནམ་ལྕགས་ཆོས་འབྱུང་ཟུར་གསུམ་པའིཿ དབུས་སུ་དམ་སྲི་ཕོ་མོ་བསྣོལ་བའི་སྟེངཿ ཧཱུྃ་ཡིག་འོད་ཞུ་སྐད་ཅིག་དྲན་རྫོགས་སུཿ རང་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུཿ མཐིང་ནག་རབ་འཇིགས་ཞལ་གསུམ་ཕྱག་དྲུག་པཿ གཡས་དཀར་དགོད་ཅིང་གཡོན་དམར་རབ་ཏུ་གཤེཿ དབུས་མཐིང་རྔམ་བརྗིད་སྤྱན་དགུ་སྡང་མིག་བསྒྲདཿ ཞལ་གསུམ་བསྒྲད་ཅིང་མཆེ་བ་བཅུ་གཉིས་གཙིགསཿ སྨ་ར་སྨིན་མ་དམར་སེར་མེ་ལྟར་འབརཿ ཕྱག་གཡས་དང་པོའི་རྡོ་རྗེ་རྩེ་དགུ་དངཿ གཡོན་གྱི་དང་པོའི་མེ་དཔུང་འབར་བ་བསྣམསཿ བར་བས་གཡས་ཀྱི་དགྲ་སྟྭ་གཡོན་ཁ་ཊྭཱྃཿ མཐའ་གཉིས་གནམ་ལྕགས་རི་རབ་ཕུར་བུ་བསྒྲིལཿ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་དངཿ རྡོ་རྗེ་ཁྱུང་གཤོག་ལ་སོགས་ཁྲོ་ཆས་རྫོགསཿ སྐུ་སྨད་གནམ་ལྕགས་ཕུར་དབལ་ཟུར་གསུམ་པཿ གནོད་བྱེད་དམ་སྲི་ཕོ་མོའི་སྙིང་ཁར་གཟིརཿ ཆུ་སྲིན་ཁ་ནས་གནམ་ལྕགས་ཐོག་སེར་འབེབ༔ འབྲུག་སྟོང་ལྡིར་ཞིང་གློག་སྟོང་རབ་འཁྱུགས་ཅིངཿ སྦལ་སྦྲུལ་སྡོམ་སྡིག་ལ་སོགས་ཕོ་ཉར་འགྱེདཿ ཁྲོ་ཆུང་སྤྲུལ་པའི་མཚོན་ཆ་དཔག་མེད་ཀྱིསཿ ལོག་འདྲེན་བགེགས་ཚོགས་ཐལ་བའི་རྡུལ་བཞིན་བརླགཿ ཁྲོ་རྒྱལ་ཀུན་གྱི་ཕྲིན་ལས་གཅིག་བསྡུས་སྐུཿ གཟི་བརྗིད་མེ་དཔུང་འོད་ཟེར་འབར་བ་ཡིཿ དུང་ཁང་མགྲིན་པ་སྙིང་ཁ་ལྟེ་བ་དངཿ གསང་གནས་སྤྲུལ་པའི་ཀཱི་ལ་རིགས་ལྔ་ནིཿ དཀར་སེར་དམར་ལྗང་ཞལ་གསུམ་ཕྱག་དྲུག་པཿ གཡས་ཀྱི་དང་པོ་འཁོར་ལོ་པདྨ་དངཿ རྡོ་རྗེ་རིན་ཆེན་རྒྱ་གྲམ་འཛིན་མཛད་ཅིངཿ གཡོན་གྱི་དང་པོས་མེ་དཔུང་རང་མདོག་འཛིནཿ བར་མ་གཡས་པ་དགྲ་སྟྭ་གཡོན་སྟྭ་རེཿ ཐ་གཉིས་གནམ་ལྕགས་ཕུར་བུས་བགེགས་དཔུང་གཟིརཿ སྐུ་སྨད་གནམ་ལྕགས་ཕུར་བའི་དབལ་རྣོན་པོཿ དུག་ལྔ་བདག་འཛིན་རཱུ་ཏྲའི་སྙིང་ལ་གཟིརཿ ལུས་ངག་ཡིད་གསུམ་བགེགས་འདུལ་བཛྲ་ས་མ་ཛཿ« བཞུགས་སུ་གསོལ་བ་ནིཿ »ཧཱུྃཿ རྟོགས་པས་བདག་དང་ཐུགས་རྗེས་གཞན་འཛིན་པསཿ གཉིས་སྣང་སྒྱུ་མ་རྨི་ལམ་ཆོ་འཕྲུལ་བཞིནཿ བདག་དང་ལྷར་འཛིན་གཉིས་སྣང་རང་གྲོལ་ནསཿ དམ་ཡེ་གཉིས་མེད་ཆེན་པོར་བཞུགས་སུ་གསོལཿ ས་མ་ཡ་ཏིཥྛ་ལྷནཿ «ཕྱག་འཚལ་བ་ནིཿ »ཧཱུྃཿ ཡང་དག་དོན་རྟོགས་བདེ་ཆེན་རོལ་པའི་གརཿ ཆུ་ཟླའི་རོལ་གར་རང་རིག་ལྷག་པའི་ལྷརཿ རང་རྩལ་སྤྲུལ་པའི་མཆོད་པའི་ལྷ་མོ་ཡིསཿ འཕོ་མེད་དེ་བཞིན་ཉིད་དབྱིངས་ཕྱག་བགྱིའོཿ ཨ་ཏི་པཱུ་ཧོ་པྲ་ཏི་ཙ་ཧོཿ« མཆོད་པ་འབུལ་བ་ནིཿ »ཨོཾ་ཨཱཿཧཱུྃཿ སྲིད་ཞི་བླ་མེད་མཆོག་གི་མཆོད་པའི་ཚོགསཿ ཡེ་ཤེས་ལྔ་ལྡན་བདུད་རྩིའི་རྒྱ་མཚོ་ཆེཿ སྨན་རག་གཏོར་མ་ཕྱི་ནང་མཆོད་ཚོགས་ཀུནཿ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ལ་འབུལཿ གཉིས་མེད་དགྱེས་པ་ཆེན་པོར་བཞེས་སུ་གསོལཿ ཨོཾ་ཤྲི་བཛྲ་ཀུ་མ་ར་ས་པཱ་རི་ཝ་ར་ཨརྒྷཾ་པདྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤཔྟ་སརྦ་པཉྩ་རཀྟ་བཱ་ལིངྟ་ཁཱ་ཧིཿ «དགོས་ཆོས་རཀྟ་ཚར་གསུམ་ནིཿ ཕུད་དང་རཀྟ་བསྲེསཿ ཕོ་ཉ་ལ་བཀའ་བསྒོ་བའི་དོན་དུ་འབུལ་བ་ནིཿ »ཧཱུྃཿ དངོས་གྲུབ་བར་ཆད་བྱེད་པའི་བགེགསཿ གདུག་ཅིང་སྡང་སེམས་ལྡན་པ་རྣམསཿ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངསཿ རྟོགས་ཤིག་གྲོགས་དང་བྲལ་བར་གྱིསཿ རིངས་པར་ཁུག་ལ་སྨྲ་ཆུག་ཅིགཿ ཕོབ་ཅིག་རྣམ་པར་གཟིར་བར་གྱིསཿ ང་ཡི་དབང་དུ་གྱུར་ནས་ཀྱངཿ བསྒོ་བའི་བཀའ་ལ་ཉན་པར་གྱིསཿ མ་ཧཱ་རཀྟ་ཁཱ་ཧིཿ «དམ་ཅན་གནད་ལ་དབབ་ཕྱིར་ཕུལ་ནསཿ »ཧཱུྃཿ བྲན་དང་བཀའ་ཉན་ཕོ་ཉའི་ཚོགསཿ ཁྱེད་ཀྱི་དམ་ཚིག་དུས་ལ་བབཿ སྔོན་ཆད་ཇི་བཞིན་བཅས་པ་ཡིཿ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོདཿ མ་ཧཱ་རཀྟ་ཁཱ་ཧིཿ «མཐུ་དང་རྫུ་འཕྲུལ་དབྲོག་ཕྱིར་ཕུལ་བ་ནིཿ» ཧཱུྃཿ དངོས་གྲུབ་བར་ཆད་བྱེད་པའི་བགེགསཿ གདུག་ཅིང་སྡང་སེམས་ལྡན་པ་རྣམསཿ ལྷའམ་འོན་ཏེ་བདུད་ཀྱང་རུང་ཿ ང་ལ་བར་ཆད་བྱེད་པ་རྣམསཿ མཐུ་དང་རྫུ་འཕྲུལ་མེད་པར་ཤོགཿ མ་ཧཱ་རཀྟ་ཁཱ་ཧིཿ «བསྟོད་པ་ནིཿ »ཧཱུྃཿ གདོད་ནས་རྣམ་དག་ཀུན་བཟང་ཧེ་རུ་ཀའིཿ ངོ་བོར་ལྷུན་རྫོགས་བདེ་ཆེན་སྤྲོས་བྲལ་དབྱིངསཿ རོལ་རྩལ་ཐུགས་རྗེས་ཕྲིན་ལས་སྐུར་སྤྲུལ་པཿ རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་བསྟོདཿ སྙིགས་དུས་ལྔ་བརྒྱའི་ཐ་མར་ཐུག་པའི་ཚེཿ ལོག་རྟོག་དམ་སྲི་བདུད་ཀྱི་སྡེ་དཔུང་ཚོགསཿ གཞོམ་ཞིང་བར་ཆད་བདུད་ཀྱི་གཡུལ་བཟློག་ནསཿ མཆོག་དང་ཐུན་མོང་དངོས་གྲུབ་སྟེར་མཛད་ཅིངཿ ས་དང་ལམ་གྱི་འཕྲང་བསལ་ཡོན་ཏན་སྤེལཿ ཁྲོ་རྒྱལ་ཀུན་གྱི་མཐུ་ནུས་གསང་གསུམ་གྱིསཿ བྱིན་རླབས་གཅིག་བསྡུས་ཀརྨ་ཧེ་རུ་ཀཿ ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོདཿ ལུས་ཀྱི་བར་ཆད་བསྲུང་མཛད་ལས་ཀྱི་ལྷཿ ཁྲག་འཐུང་སྤྲུལ་པའི་ཀཱི་ལ་རིགས་ལྔ་དངཿ ཕྱི་ཡི་བར་ཆད་བསྲུང་མཛད་ཡེ་ཤེས་ཀྱིཿ ཁྲོ་བཅུ་ཡབ་ཡུམ་ཕྲ་ཕྱག་དམ་ཅན་སོགསཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ «ཐུགས་དམ་བརྒྱུད་བསྐུལ་ནིཿ »སྔོན་ཚེ་བསྐལ་པ་དཔག་ཏུ་མེད་པ་ནསཿ ད་ལྟའི་ལུས་འདི་བཟུང་བ་ཡན་ཆད་དུཿ ལྷག་པའི་ལྷ་མཆོག་ཡི་དམ་ཁྱོད་ཉིད་དངཿ སྨོན་ལམ་གཅིག་ཏུ་འབྲེལ་བའི་ཐ་ཚིག་དོནཿ ད་ལྟ་དུས་ལ་བབ་པ་མ་གཟིགས་སམཿ རེ་ཞིང་ལྟོས་སོ་ཡི་དམ་ལྷ་ཡི་ཚོགསཿ བར་ཆད་རྐྱེན་གྱི་འཚོ་བ་ཀུན་ཞི་ཞིངཿ མཆོག་ཐུན་དངོས་གྲུབ་ཐོབ་པའི་བྱིན་ཆེན་ཕོབཿ བདག་གིས་དུས་རྣམས་ཀུན་ཏུ་ཁྱོད་བརྟེན་ཞིངཿ དུང་དུང་སྙིང་ནས་མོས་པས་གསོལ་འདེབས་ནཿ ཐུགས་རྗེས་བྲེང་ཙམ་བདག་ལ་བརྩེར་དགོངས་ནསཿ སྡུག་བསྔལ་འཁོར་བའི་གནས་ནས་དྲངས་ནས་ཀྱངཿ གྲུབ་པ་བརྒྱད་དང་དབང་བཅུ་ཕྱི་ནང་གཉིསཿ རིག་འཛིན་བཞི་སོགས་མཆོག་དང་ཐུན་མོང་གིཿ དངོས་གྲུབ་དམ་པ་དེང་འདིར་བསྩལ་ནས་ཀྱངཿ ལྷ་དང་རང་སེམས་དབྱེར་མེད་མངོན་གྱུར་ཤོགཿ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃཿ «འཛབ་བཟླ་བ་ནིཿ» ཐུགས་ཀར་འོད་ཀྱི་དྲ་བའི་ཀློངཿ པདྨ་ཉི་ཟླའི་གདན་སྟེང་དུཿ རྡོར་སེམས་ཡབ་ཡུམ་སྐུ་མདོག་མཐིངཿ རྡོ་རྗེ་དྲིལ་འཛིན་དཀྱིལ་ཀྲུང་བཞུགསཿ ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་རྫོགསཿ ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའིཿ ལྟེ་བར་ཉི་མའི་གདན་སྟེང་དུཿ སྲོག་གི་སྙིང་པོ་ཧཱུྃ་མཐིང་གཿ ཐ་མར་སྔགས་ཀྱི་ཕྲེང་བས་བསྐོརཿ འོད་ཟེར་འཕྲོས་པས་རྒྱལ་བ་མཆོདཿ ཐུགས་རྗེ་བྱིན་རླབས་ནུས་མཐུ་ཀུནཿ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གིཿ རྣམ་པར་བྱུང་ནས་རང་ཉིད་ཀྱིསཿ སྒོ་གསུམ་ཐིམ་པའི་དབང་བཞི་ཐོབཿ སྒྲིབ་བཞི་དག་ཅིང་དངོས་གྲུབ་བརྙེསཿ སླར་འཕྲོས་འགྲོ་བ་དྲུག་གི་ཁམསཿ ལས་ཉོན་སྡིག་སྒྲིབ་བག་ཆགས་སྦྱོང་ཿ ཀུན་ཀྱང་དག་པའི་ཞིང་དུ་བསྒྱུརཿ ཕྱི་སྣོད་གཞལ་ཡས་ཁང་ཆེན་ལཿ ནང་བཅུད་རྡོ་རྗེ་གཞོན་ནུའི་སྐུཿ སྒྲ་གྲགས་བཛྲ་ཀཱི་ལ་ཡཿ དྲན་རྟོགས་ཐུགས་ཀྱི་རོལ་གར་བསམཿ« མ་ཡེངས་རྩེ་གཅིག་ཡང་སྙིང»་«འདི་འབད་དོཿ »ཨོཾ་བཛྲ་ཀི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊཿ «ལྷ་ལ་སེམས་བཟུང་བསྙེན་པ་བཟླ་བ་དངཿ ཆོས་ཉིད་ངང་དུ་གནས་པ་རེས་མོས་ཀྱིསཿ ཏནྡྲ་བཅོ་བརྒྱད་མི་ཏོ་ར་བའི་རྒྱུདཿ ཀུན་གྱི་ཡང་སྙིང་འདི་ལ་ནན་ཏན་འབདཿ ཚེ་འདིར་མི་མཐུན་བར་ཆད་ཀུན་ཞི་ཞིངཿ ཀ་དག་གདོད་མའི་དབྱིངས་སུ་འཚང་རྒྱ་ངེསཿ གྲངས་ཀྱི་བསྙེན་པ་འབྲུ་འབུམ་དག་ཏུ་བཟླཿ དུས་བསྙེན་རིག་པས་དཔགས་ཤིང་མཚན་མའི་བསྙེནཿ རྟགས་ཐོན་བར་དུ་འབད་པས་བསྒྲུབ་པར་གཅེསཿ ཐུན་མཐར་མཆོད་བསྟོད་བཟོད་གསོལ་དངོས་གྲུབ་བསྡུཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གསུམ་པ་འདོད་ཡོན་ཚོགས་ཀྱི་འཁོར་ལོ་ནིཿ བཅུད་ལྡན་ཞལ་ཟས་རོ་ལྡན་ཟས་སྣ་དངཿ ཐབས་ཤེས་རྫས་མཆོག་ཤ་ཆང་ལ་སོགས་བཤམསཿ བྱིན་གྱིས་བརླབ་པའི་རིམ་པ་འདི་ལྟར་རོཿ »རཾ་ཡཾ་ཁཾཿ རང་གིས་ཐུགས་ལས་སྤྲུལ་པའི་འོད་ཟེར་འཕྲོསཿ རཾ་ཡཾ་ཁཾ་གསུམ་རྣམ་པའི་ཚོགས་གཏོར་གྱིཿ བག་ཆགས་དངོས་འཛིན་རྣམ་རྟོག་བསྲེགས་གཏོར་བཀྲུསཿ ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་བདུད་རྩིའི་བཅུདཿ འདོད་ཡོན་ཚོགས་མཆོད་ལོངས་སྤྱོད་རྒྱ་མཚོར་སྤེལཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ« ལན་གསུམཿ ཚོགས་ལ་སྤྱན་འདྲེན་པ་ནིཿ» ཧཱུྃཿ འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་ནསཿ ཡི་དམ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷཿ སྤྲུལ་འཁོར་ཕོ་ཉ་ལས་མཁན་དམ་ཅན་ཚོགསཿ ཚོགས་ལ་སྤྱན་འདྲེན་དགྱེས་པར་གཤེགས་སུ་གསོལཿ དུར་ཁྲོད་ཚོགས་ཁང་གཞལ་ཡས་ཉམས་རེ་དགའཿ སྒྲུབ་པའི་རྣལ་འབྱོར་བདག་ཅག་དམ་རེ་གཙངཿ ཚོགས་རྫས་ཐབས་ཤེས་རྫས་མཆོག་བཅུད་རེ་ཆེཿ འདིར་ཚོགས་མོས་པའི་བུ་ལ་བྱིན་ཆེན་ཕོབཿ བསོད་ནམས་ཚོགས་ཆེན་བསགས་ཕྱིར་གཤེགས་སུ་གསོལཿ བཛྲ་ས་མ་ཡ་ཛ་ཛཿ «ཚོགས་ཕུད་འབུལ་བ་ནིཿ» ཧཱུྃཿ རྩ་བ་གསུམ་དང་ཡི་དམ་ལྷག་པའི་ལྷཿ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་འཁོར་བཅས་ལཿ ཞལ་ཟས་ཚོགས་ཀྱི་མཆོད་པ་རྒྱ་ཆེན་འབུལཿ དགྱེས་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལཿ ག་ན་ཙཀྲ་པཱུ་ཛ་ཁཱ་ཧིཿ «བར་དུ་བཤགས་པ་ནིཿ »འཁོར་ཚེ་ཐོག་མེད་དུས་ནས་ད་ལྟའི་བརཿ བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགསཿ སྒོ་གསུམ་དམ་ཚིག་ཉམས་འགལ་རལ་པ་ཀུནཿ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས་པར་བགྱིཿ དག་ཚངས་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལཿ ག་ན་ཙཀྲ་ས་མ་ཡ་ཤུདྡྷེ་ཨཱཿ «ཐ་མ་བསྒྲལ་བ་ནིཿ» ཧཱུྃཿ ཡི་དམ་ལྷ་ཚོགས་བདེན་པ་ཡིསཿ གདུགས་ཅིང་སྡང་སེམས་ལྡན་པ་རྣམསཿ བླ་སྲོག་རྣམ་ཤེས་རྟེན་དང་བཅསཿ སྐད་ཅིག་མྱུར་དུ་རྟེན་ལ་ཁུགཿ བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པ་ཤ་ཧཱུཾཿ བཛྲ་སྥོ་ཊ་བཾཿ བཛྲ་གྷན་ཌེ་ཧོཿ ལས་བྱེད་སྤྲུལ་པའི་ཕོ་ཉས་བསྒྲལ་བྱས་ནསཿ རྣམ་པར་ཤེས་པ་ཆོས་དབྱིངས་ཀློང་དུ་བསྒྲལཿ གཟུགས་ཕུང་འདོད་ཡོན་ཚོགས་ཀྱི་འཁོར་ལོར་བསྒྱུརཿ རྣྲྀ་ཏྲི་ཤ་ཏྲུན་མ་ར་ཡ་ཕཊཿ བདག་འཛིན་རུ་ཏྲ་བསྒྲལ་བའི་ཤ་ཁྲག་རུསཿ འདོད་ཡོན་ཚོགས་ཀྱི་འཁོར་ལོ་མི་འཛད་སྟེརཿ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལཿ བཞེས་ནས་འགྲོ་རྣམས་བྱང་ཆུབ་ལམ་འགོད་མཛོདཿ ཧ་ལ་པཉྩ་པཱུ་ཛ་ཁཱ་ཧིཿ «ལྷག་མ་བསྔོ་བ་ནིཿ» བྷྱོཿ བདག་ཉིད་མ་དག་ཤྭ་ན་མཿ ས་བདག་མ་སོགས་མུ་རན་སྐྱོངཿ དབང་ཕྱུག་འབར་མ་ཕོ་ཉའི་ཚོགསཿ ཕ་འབབ་ལྷག་གཏོར་འདི་བཞེས་ལཿ རྣལ་འབྱོར་བཅོལ་པའི་ཕྲིན་ལས་སྒྲུབཿ ཨུཥྩི་ཊ་བ་ལིངྟ་ཁཱ་ཧིཿ «བསྐུལ་པ་ནིཿ »ཧཱུྃཿ མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བའི་ཚོགསཿ བདུད་འདུལ་ཁྲོ་བོ་རོལ་པའི་སྐུར་བཞེངས་ལཿ ལོག་རྟོག་བར་ཆད་བདུད་ཀྱི་གཡུལ་གཞོམ་ལཿ སྐྱེ་མེད་ཆོས་སྐུ་རྟོགས་པའི་ཕྲིན་ལས་མཛོདཿ «ཆད་ཐོ་ནིཿ» ཧཱུྃཿ བཀའ་དང་གཏེར་གྱི་སྲུང་མ་དམ་ཚིག་ཅནཿ སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིནཿ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལཿ ཟབ་ཆོས་སྲུང་ཞིང་རྣལ་འབྱོར་སྡོང་གྲོགས་མཛོདཿ «བརྟན་མ་ནིཿ »ཧཱུྃཿ བོད་སྐྱོང་བརྟན་མ་བཅུ་གཉིས་ཡང་གཡོག་འབུམཿ མ་སྲིང་བྲན་འཁོར་རྒྱ་མཚོའི་ཚོགས་དང་བཅསཿ བཤལ་ཆུའི་གཏོར་མ་བཞེས་ལ་ཐ་ཚིག་ལྟརཿ ལས་བཅོལ་ཐོགས་མེད་འགྲུབ་པའི་ཕྲིན་ལས་མཛོདཿ མ་མ་སྲིད་འགྲོ་མ་ཧཱུྃ་བྷྱོ་ཧཱུྃཿ «བྲོ་བརྡུང་བྱ་བ་ནིཿ »ཧཱུྃཿ ལས་ངན་སྡིག་ཅན་དམ་སྲི་རྒབ་འདྲེའི་ཚོགསཿ གནམ་ལྕགས་རི་རབ་འབར་བའི་འོག་ཏུ་མནནཿ ཐར་མེད་ལས་ཀྱི་རྒྱ་མཚོའི་གཏིང་དུ་འཕེནཿ སྟོང་ཆེན་གཏད་མེད་ཆོས་དབྱིངས་ཀློང་དུ་ཐིམཿ སྟཾ་བྷ་ཡ་ནནཿ ཨ་ཨཱཿ «མཆོད་ཅིང་བསྟོད་ལ་མཐར་དངོས་གྲུབ་སྐུལ་བ་ནིཿ» ཧཱུྃཿབསྐལ་པ་དཔག་མེད་གོང་ནས་བསྒྲུབ་པའི་ལྷཿ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམསཿ བསྙེན་ཅིང་བསྒྲུབ་པའི་དམ་ཚིག་ད་ནང་ཐེམསཿ ཞལ་མཐོང་དངོས་གྲུབ་སྩོལ་བའི་དུས་ལ་བབསཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་པ་ལྔཿ གྲུབ་པ་བརྒྱད་དང་དབང་བཅུ་ཕྱི་ནང་གཉིས༔ རིག་འཛིན་རྣམ་བཞི་མཆོག་ཐུན་དངོས་གྲུབ་ཀུནཿ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལཿ «རྩ་སྔགས་མཐརཿ »ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱ༔« བཤགས་པ་བྱ་བ་ནིཿ »ཧཱུྃཿ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས་དྲུངཿ བསྙེན་བསྒྲུབ་མ་ཚང་ཆོ་ག་ལྷག་ཆད་གྱུརཿ བཟླས་བརྗོད་གྲངས་ཉུང་ཚོགས་གཏོར་ཆགས་པ་དངཿ སྐུ་གསུང་ཐུགས་དང་འགལ་བའི་ལས་བགྱིས་གངཿ དག་ཚངས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལཿ «ཧེ་རུ་ཀའི་ཡིག་བརྒྱ་བརྗོདཿ བསྡུ་རིམ་ནིཿ »ཧཱུྃཿ སྣང་ཆའི་བསྐྱེད་རིམ་སྒྱུ་མ་རྨི་ལམ་བཞིནཿ རྟེན་དང་བརྟེན་པའི་རྣམ་པ་རང་ལ་ཐིམཿ རང་ཉིད་ཐུགས་ཀའི་ཧཱུྃ་ནས་ན་དཱའི་བརཿ མི་དམིགས་ཆོས་དབྱིངས་གདོད་མའི་གཤིས་སུ་ཨཱཿ« དགེ་བ་བསྔོ་བ་ནིཿ »ཧཱུྃཿ ཡི་དམ་རྡོ་རྗེ་གཞོན་ནུ་བསྒྲུབས་པ་ཡིཿ དགེ་ཚོགས་ཟག་བཅས་ཟག་མེད་ཅི་མཆིས་ཀུནཿ འགྲོ་ཀུན་ཀུན་བཟང་གོ་འཕང་ཐོབ་པའི་ཕྱིརཿ དམིགས་མེད་ཆོས་ཀྱི་དབྱིངས་སུ་བསྔོ་བར་བྱཿ «སྨོན་ལམ་ནིཿ» དེ་ལྟར་དགེ་ཚོགས་རྒྱ་མཚོའི་མཐུར་བརྟེན་ནསཿ ཚེ་འདིར་རྡོ་རྗེ་གཞོན་ནུའི་ཞལ་མཐོང་ཞིངཿ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་ཐོབ་ནསཿ ཚེ་འདིར་གཞོན་ནུ་བུམ་སྐུར་གྲོལ་བར་ཤོགཿ དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་པ་དངཿ ཐུགས་དམ་དགོངས་པའི་བྱིན་རླབས་འཕོ་བར་ཤོགཿ འཁྲུལ་སྣང་སྒྱུ་མ་ལྟ་བུའི་འཁོར་བའི་གྲོངཿ རྨི་ལམ་སྣང་ཆ་སད་པའི་གནས་སྐབས་བཞིནཿ ཞེན་མེད་དོན་རྟོགས་འགྲོ་དོན་ཡོངས་འགྲུབ་ཤོགཿ «བཀྲ་ཤིས་ནིཿ» ཧཱུྃཿ གདོད་ནས་མ་སྐྱེས་འཕོ་འགྱུར་བྲལ་བ་ཡིཿ ཀ་དག་ཆོས་སྐུའི་སངས་རྒྱས་བཀྲ་ཤིས་ཤོགཿ འགག་མེད་རོལ་རྩལ་ཐུགས་རྗེའི་སྐུར་ཤར་བཿ ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོགཿ གནས་མེད་འགྲོ་བའི་དོན་དུ་རང་ཤར་བཿ ཐུགས་རྗེ་སྤྲུལ་པ་སྐུ་ཡི་བཀྲ་ཤིས་ཤོགཿ «གཞན་ཡང་བཀྲ་ཤིས་གང་རིགས་བརྗོདཿ» «ཨེ་མ་ཧོཿ ལྔ་ཕྲག་དུས་ཀྱི་ཐ་མ་ལཿ འགྲོ་བ་སྡུག་བསྔལ་ལས་ལ་སྤྱོདཿ ནག་པོ་བདུད་ཀྱི་སྡེ་དར་ཚེཿ ཟབ་པའི་མཐར་ཐུག་ཡང་གསང་ཆོསཿ ཕྲིན་ལས་རྡོ་རྗེ་གཞོན་ནུའི་རྒྱུདཿ ཀུན་གྱི་ཡང་སྙིང་བཅུད་དྲིལ་འདིཿ ཁྲག་འཐུང་ལས་ཀྱི་དཔའ་བོ་དངཿ འཕྲད་ཚེ་དམ་སྲི་ཀུན་འཇོམས་ཞིངཿ དངོས་གྲུབ་རྣམ་གཉིས་འཐོབ་པར་ངེསཿ རང་ལས་གཞན་དུ་སྤེལ་བ་ནཿ དམ་ཚིག་ཉམས་པའི་བཀའ་ཆད་འབྱུངཿ བོད་ཡུལ་གཏེར་ཆེན་བརྒྱ་རྩ་དངཿ གཏེར་ཕྲན་བྱེ་བ་ས་ཡའི་ནངཿ འདི་ལས་ལྷག་པར་ཡོད་རེ་ཀནཿ དེ་ཕྱིར་སྙིང་ལས་གཅེས་པར་ཟུངསཿ ས་མ་ཡཱཿ ཕུར་སྲུང་དམ་ཅན་ལྕམ་དྲལ་དངཿ གཏེར་སྲུང་བསྙོ་ཁ་སོགས་ཀྱིས་སྲུངཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ