JKW-KABUM-18-TSHA-003-005

From Khyentse Lineage - A Tsadra Foundation Project
Revision as of 10:45, 2 July 2021 by Mort (talk | contribs)

JKW-KABUM-18-TSHA-003-005

Wylie title JKW-KABUM-18-TSHA-003.pdf
Location mkhyen brtse'i bka' 'bum
Volume 18, sde tshan 3, Text 5, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. '. In jam dbyangs mkhyen brtse'i dbang po'i bka' 'bum, Vol. 18: 326-. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre

1 Texts in this Section (sde tshan or chos tshan)

[edit]
མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་རིང་ལུགས།

ས་སྐྱ་དང་དུས་མཉམ་ཙམ་དུ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་རིང་ལུགས་ཀྱང་ཤིན་ཏུ་དར་བར་གྱུར་ཏེ། དེ་ལ་དྭགས་ལ་སྒམ་པོ་ནི། མངའ་བདག་མར་པའི་སྒྲུབ་བརྒྱུད་ཀྱི་ཀ་ཆེན་མི་ལ་བཞད་པའི་རྡོ་རྗེའི་ཐུགས་སྲས་ཉི་མ་ལྟ་བུ་དྭགས་པོ་རིན་པོ་ཆེ་བསོད་ནམས་རིན་ཆེན་གྱིས་དགུང་ལོ་བཞི་བཅུ་རྩ་གྲངས་དུས་བཏབ། བཀའ་བརྒྱུད་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་ཕྱིས་སྒམ་ཚུལ་ཚུལ་ཁྲིམས་སྙིང་པོ་སོགས་དབོན་དང་། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་སོགས་སྐྱེ་སྤྲུལ་རིམ་བྱོན་གྱིས་སྐྱོང་།། །། ༈ ངོམས་ཤོད་ཕག་མོ་གདན་ས་ཐེལ། གྲུ་ཀུན་ཏུ་བཟང་པོའི་ནགས་ཁྲོད་ནི། འགྲོ་བའི་མགོན་པོ་ཕག་གྲུ་རྡོ་རྗེ་རྒྱལ་པོས་དགུང་ལོ་ཞེ་དགུ་པར་བཏབ། རེ་ཞིག་འབྲི་སྟག་གཉིས་ཀྱིས་ཅུང་ཟད་བསྐྱང་ཞིང་། ཕྱིས་ལྷ་གཟིགས་རླངས་ཀྱི་གདུང་ལས་འཁྲུངས་པ་སྤྱན་སྔ་གྲགས་པ་འབྱུང་གནས་སོགས་ལྷ་གཟིགས་སྤྱན་སྔ་རིམ་བྱོན་གྱིས་གདན་ས་མཛད་ཀྱང་། དེང་སང་ནི་རྟེན་གསུམ་ཙམ་ལས་ཆོས་བརྒྱུད་ཆེར་མི་བཞུགས། ཕག་གྲུའི་སློབ་མ། འབྲི་སྟག་གཉིས། གཡའ་ཤུག་གཉིས། སྨར་ཡེལ་གཉིས། ཁྲོ་གླིང་གཉིས་ཏེ་བཀའ་བརྒྱུད་ཟུང་བཞིའམ་ཡ་བརྒྱད་དུ་གྲགས་པ་རྣམས་བྱུང་བ་ལས།། །། ༈ འབྲི་གུང་ཐེལ་བྱང་གླིང་རྡོ་རྗེའི་གདན་ནི། ཐོག་མར་ཕག་གྲུ་རིན་པོ་ཆེའི་སློབ་མ་མེ་ཉག་བསྒོམ་རིང་ཞེས་པས་བཏབ། ཕྱིས་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་འཕྲུལ་སྐྱོབ་པ་འཇིག་རྟེན་གསུམ་མགོན་དགུང་ལོ་སོ་བརྒྱད་པར་ཕེབས་ནས་བཞུགས། དེ་ནས་མཁན་ཆེན་གུ་ར་བ་དང་། དབོན་བསོད་ནམས་གྲགས་པ་སོགས་དབོན་བརྒྱུད་དང་། དཔལ་ཆོས་ཀྱི་གྲགས་པ་སོགས་སྐྱེ་སྤྲུལ་རིམ་བྱོན་གྱིས་སྐྱོང་།། །། ༈ བྱང་སྟག་ལུང་གི་ཆོས་གྲྭ་ནི། སྟག་ལུང་ཐང་པ་རིན་པོ་ཆེ་བཀྲ་ཤིས་དཔལ་གྱིས་དགུང་ལོ་སོ་བདུན་པར་བཏབ། དེའི་དབོན་རིན་ཆེན་མགོན་སོགས་དང་། ཕྱིས་སྐྱེ་སྤྲུལ་རིམ་བྱོན་གྱིས་བསྐྱངས་ཤིང་འདི་གཉིས་དེང་སང་དར་རྒྱས་ཆེ།། །། ༈ ཁམས་སུ་རི་བོ་ཆེ་ནི། ཐང་པ་རིན་པོ་ཆེའི་དབོན་བརྒྱུད་གསུམ་པ་སངས་རྒྱས་དབོན་གྱིས་བཏབ།། །། ༈ གྲྭ་རབས་ཟ་ར་དགོན་ནི། སྐལ་ལྡན་ཡེ་ཤེས་སེངྒེས་བཏབ། དེའི་སློབ་མ་རྒྱལ་བ་གཡའ་བཟང་བ་སོགས་ཀྱིས་སྐྱོང་། ། ༈ སྙེ་ཕུ་ཤུགས་གསེབས་དགོན་ནི། ཡར་ཀླུང་པ་གྱེར་སྒོམ་ཆེན་པོས་བཏབ་ཅིང་བར་སྐབས་ཕྲིན་ལས་ཀྱང་རྒྱས་པར་བྱུང་།། །། ༈ ཁམས་སུ་ཤྭ་དགོན་པ་ནི། ཆོས་རྗེ་སྨར་པ་ཤེས་རབ་ཡེ་ཤེས་ཀྱིས་བཏབ། དེང་སང་ཆོས་བརྒྱུད་ཅུང་ཟད་དཔལ་ཡུལ་བ་ལ་ཡོད།། །། ༈ ཤར་རྡོ་རྫོང་། ལྷོ་ཡེལ་ཕུག །བྱང་རྟ་རྣ་རྣམས་ནི་འགྲོ་མགོན་སངས་རྒྱས་ཡེལ་བ་ཡེ་ཤེས་བརྩེགས་ཀྱིས་བཏབ། དེང་སང་དགོན་གནས་ཙམ་ལས་ཆོས་བརྒྱུད་ཆེར་མེད་འདྲ།། །། ༈ གཙང་དུ་ཁྲོ་ཕུ་དགོན་ནི། གནུབས་ནམ་མཁའི་སྙིང་པོའི་གདུང་རིགས་རིན་པོ་ཆེ་རྒྱལ་ཚ་དང་། ཀུན་ལྡན་རས་ཆུང་མཆེད་གཉིས་ཀྱིས་བཏབ། དེའི་དབོན་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་པཎ་ཆེན་ཤཱཀ་ཤྲཱི་སོགས་གདན་དྲངས། བྱམས་ཆེན་ཁྲུ་བརྒྱད་ཅུ་པ་བཞེངས་པས་མཚོན་ཕྱག་རྗེས་རྒྱ་ཆེ། བརྒྱུད་པར་བཅས་པ་རྣམས་ལ་ཁྲོ་ཕུ་བཀའ་བརྒྱུད་དུ་གྲགས། དེང་སང་དགོན་གནས་ཙམ་ལས་བརྒྱུད་འཛིན་ཟུར་པ་མེད་མོད། འོན་ཀྱང་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་ཡང་། གཙོ་བོ་འདིའི་ཆོས་བརྒྱུད་ལས་བྱུང་བ་ཡིན་ནོ།། །། ༈ དབུས་སུ་སྣ་ཕུ་ཆོས་རྡོར་བྲག་དང་ཉེ་བར་ཡོད། ལུང་དགོན་ནི། རྟོགས་པ་མཐར་ཕྱིན་གླིང་རྗེ་རས་པ་པདྨ་རྡོ་རྗེས་བཏབ། དེང་སང་དགོན་གནས་ཙམ་ལས་བརྒྱུད་འཛིན་ཟུར་པ་མེད་ནའང་། ཁོང་ལས་དོན་བརྒྱུད་འབྲུག་པའི་གྲུབ་མཐའ་བྱུང་བ་ཡིན་པས་ཕྲིན་ལས་ཀྱི་རྒྱུན་ནམ་མཁའ་དང་མཉམ་པར་སོང་ངོ་།། །། ༈ བྱང་འབའ་རོམ་དགོན་ནི། དྭགས་པོའི་སློབ་མ་འབའ་རོམ་རས་པ་དར་མ་དབང་ཕྱུག་གིས་བཏབ། ཕྱིས་ཏི་ཤྲཱི་རས་པ་སོགས་ཀྱིས་དར་རྒྱས་སུ་མཛད།། །། ༈ ཚལ་གུང་ཐང་ནི། དྭགས་པོ་སྒམ་ཚུལ་གྱི་སློབ་མ། སྐྱེ་མེད་ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་དར་མ་གྲགས་ཀྱིས་བཏབ། མཉམ་མེད་ཤཱཀྱ་ཡེ་ཤེས་སོགས་ཀྱིས་བསྐྱངས་ཏེ་བར་སྐབས་སུ་དར་རྒྱས་ཆེ་བར་བྱུང་།། །། ༈ སྟོད་ལུང་མཚུར་ཕུ་མདོ་བོ་ལུང་གི་གདན་ས་ནི། དྭགས་པོའི་སློབ་མ་རྗེ་དུས་གསུམ་མཁྱེན་པས་དགུང་ལོ་བརྒྱད་ཅུ་པར་བཏབ། སྤྱིར་འདི་ཉིད་ཀྱིས་དགུང་ལོ་ང་ལྔ་པར་ཁམས་ཀཾ་པོ་གནས་དང་། དོན་བདུན་པར་ཀརྨའི་དགོན་སོགས་ཀྱང་བཏབ། གདན་སར་ལ་ཡག་པ་བྱང་ཆུབ་དངོས་གྲུབ་སོགས་བཞུགས། དེ་ནས་ཀརྨ་པཀྴི་སོགས་སྤྲུལ་པའི་སྐུ་རིམ་བྱོན་གྱིས་བསྐྱངས་པས་སྒྲུབ་བརྒྱུད་ཐམས་ཅད་ཀྱི་སྙིང་པོ་ཀཾ་ཚང་བཀའ་བརྒྱུད་ཞེས་ཡོངས་སུ་གྲགས་པ་འདི་བྱུང་། དེ་ཡང་དཔལ་ཀརྨ་པ་ཆེན་པོ་ནི་འཕགས་མཆོག་ཕྱག་ན་པདྨོ་བསམ་བཞིན་དུ་མིའི་སྲིད་པར་བཟུང་སྟེ། རྗེ་དུས་གསུམ་མཁྱེན་པ་བོད་ཆེན་པོ་སའི་ཐིག་ལེ་ཏྲེ་ཤོད་དུ་འཁྲུངས། དབུས་གཙང་དུ་བྱོན་ནས་འགྲོ་མགོན་དྭགས་པོ་ལྷ་རྗེ་གཙོ་བོར་གྱུར་པ་ལས་ཐོས་བསམ་དང་། ཉམས་བཞེས་ཀྱི་བཀའ་དྲིན་བསྐྱངས་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ཚུལ་བསྟན། ཡེ་ཤེས་ཀྱི་ཌཱ་ཀི་མ་རྣམས་ཀྱིས་ཞྭ་ནག་པོ་གསེར་མདངས་ཅན་ཅོད་པན་དུ་བཅིངས་པ་གཟིགས་པས། གྲོལ་བ་བཞི་ལྡན་གྱི་དབུ་ཞྭ་དེ་ལྟ་བུ་བཞེས་པ་ན་ཞྭ་ནག་པོར་གྲགས་པའི་ཨུཏྤལ་ཐོག་མ་ཕྱེས། གོང་དུ་སྨོས་པའི་དགོན་གནས་སོགས་བཏབ་ནས་དོན་བརྒྱུད་ཀྱི་བསྟན་པ་སངས་རྒྱས་རས་ཆེན་ལ་གཏད། དགུང་ལོ་བརྒྱད་ཅུ་རྩ་བཞི་བར་ཞི་བའི་དབྱིངས་སུ་དགྱེས་པའི་སྤྱན་ཟུར་ལྷུང་། དེའི་སྐྱེ་སྤྲུལ་རིམ་པར། གཉིས་པ་ཀརྨ་པཀྴི་ནི་མདོ་སྨད་ལེའི་ཚག་ཏོར་འཁྲུངས། རྫུ་འཕྲུལ་གྱི་བཀོད་པ་དང་ཕྲིན་ལས་མཐའ་ཀླས། དོན་བརྒྱུད་ཀྱི་བསྟན་པ་གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་ལ་གཏད། དགུང་ལོ་དོན་བཞི་པར་གཤེགས། གསུམ་པ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ་ནི་མང་ཡུལ་གུང་ཐང་དུ་འཁྲུངས། མངལ་གྱི་དྲི་མས་ཅུང་ཟད་ཀྱང་མ་སྒྲིབ་པར་སྔོན་གནས་རྗེས་སུ་དྲན་པས་མཚོན་ངོ་མཚར་པའི་རྣམ་ཐར་བསམ་གྱིས་མི་ཁྱབ། ཐུགས་སྲས་ཀྱི་ཐུ་བོ་ཞྭ་དམར་ཅོད་པཎ་འཛིན་པའི་ཐོག་མར་གྲགས་པ་སེངྒེ་དང་། དོན་བརྒྱུད་གཡུང་སྟོན་པ་རྡོ་རྗེ་དཔལ་ལ་གཏད། བཞི་པ་ཆོས་རྗེ་རོལ་པའི་རྡོ་རྗེ་ནི། རྔོད་ཨ་ལ་རོང་དུ་འཁྲུངས། རྗེ་བཙུན་བློ་བཟང་གྲགས་པའང་དམ་པ་འདི་ཉིད་ཀྱིས་ཆོས་སྒོར་བཅུག་པར་མཛད། ལྔ་པ་དེ་བཞིན་གཤེགས་པ་ཉང་པོ་འོད་གསལ་གྱི་ཡུལ་དུ་འཁྲུངས། རྒྱ་ནག་ཏཱ་མིང་གཡུང་ལོ་རྒྱལ་པོ་སོགས་ཆེ་དགུ་དུ་མས་མཆོད། ཐུགས་རྗེ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ། དྲུག་པ་མཐོང་བ་དོན་ལྡན་ནི་ངོམ་གྱིས་ཆ་ཀརྨ་དགོན་དང་ཉེ་བར་འཁྲུངས། ཐུགས་སྲས་ཀྱང་རྒྱལ་ཚབ་ན་རིམ་གྱི་ཐོག་མ་གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་སོགས་བྱོན། བདུན་པ་ཆོས་གྲགས་རྒྱ་མཚོ་ནི། རྔོད་ཀྱི་མདོར་འཁྲུངས། འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། བརྒྱད་པ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་ནི། ངམ་གྱི་ཡུལ་དུ་འཁྲུངས། ཤེས་བྱ་རིག་པའི་གནས་མཐའ་དག་ཐོགས་པ་མེད་པར་སྨྲ་བའི་པཎྜི་ཏ་ཆེན་པོར་གྱུར། བསྟན་བཅོས་ཀྱང་ཤིན་ཏུ་མང་བར་མཛད། དགུ་པ་དབང་ཕྱུག་རྡོ་རྗེ་ནི་ཁམས་ཡུལ་ཏྲེ་སྨད་ཁ་བ་གླང་རིའི་ཞོལ་དུ་འཁྲུངས། བཅུ་པ་ཆོས་དབྱིངས་རྡོ་རྗེ་ནི་མགུ་ལོག་གི་སྨར་སྟོད་མགུ་མདར་འཁྲུངས། འདི་དུས་ཀར་བསྟན་ལ་ཉམས་ཆག་ཆེ་བར་བྱུང་ནའང་། རྗེ་དེ་ཉིད་འཇང་ཡུལ་སོགས་སུ་ཕེབས་པས་བརྫི་བར་མ་ནུས། བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ་མགུ་ལོག་གི་ཡུལ་དུ་འཁྲུངས། བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་ནི་སྡེ་དགེའི་མངལ་ཁུལ་དབོན་སྟོད་དཀྱིལ་ལེ་ཞེས་པར་འཁྲུངས། བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་ནི་ལྷོ་གནས་དགེ་རི་དང་ཉེ་བར་འཁྲུངས། བཅུ་བཞི་པ་ཁྱབ་བདག་ཐེག་པ་མཆོག་གི་རྡོ་རྗེ་ནི་རི་བོ་ཆེའི་མངའ་ཁུལ་འོག་མིན་ཀརྨའི་དགོན་དང་ཉེ་བར་འཁྲུངས། ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་མཁྱེན་རབ་ཀྱི་པདྨོ་བྱེ་ཞིང་། འཆད་རྩོད་རྩོམ་གསུམ་སོགས་འཁོར་ལོ་གསུམ་གྱི་ཕྲིན་ལས་གོང་དུ་འཕེལ་བའི་ངང་ད་ལྟ་ཞབས་པད་བརྟན་བཞིན་པ་འདིའོ། །མདོར་ན་རྗེ་སྐུ་ཕྲེང་འདི་རྣམས་སྐུ་འཁྲུངས་མ་ཐག་ནས་སྔོན་གནས་རྗེས་སུ་དྲན་པ་དང་། མཁས་པ་དང་གྲུབ་པའི་རྣམ་ཐར་ངང་གིས་སད་པ་སོགས་སྤྲུལ་པར་སྒྲོ་བཏགས་པ་གཞན་ལས་ཆེས་ཁྱད་པར་དུ་གྱུར་པ་ནི་ཀུན་གྱི་མིག་དང་རྣ་བའི་སྤྱོད་ཡུལ་དུ་གྱུར་ཏོ།། །། ༈ བྱང་བདེ་ཆེན་ཡངས་པ་ཅན་གྱི་ཆོས་གྲྭ་ནི། ཞྭ་དམར་རིམ་བྱོན་གྱི་གདན་སར་མཛད་དེ། དེ་ཡང་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་ཐུན་མོང་གདུལ་བྱའི་མཁས་གྲུབ་ཀྱི་སྐྱེ་བ་བརྒྱུད་མར་བཟུང་བའི་མཐར། རྗེ་གསུམ་པའི་ཐུགས་སྲས་ཞྭ་དམར་པ་རྟོགས་ལྡན་གྲགས་པ་བུ་འབོར་ཤྭ་ཡི་ཡུལ་དུ་འཁྲུངས། སེངྒེ། དཔལ་མཁའ་སྤྱོད་གནམ་གྱི་བྱེ་མ་ལང་། དབང་པོ། སྤྲུལ་སྐུ་ཆོས་དཔལ་ཡེ་ཉང་པོ་ཁེ་བྲག་མདོར། ཤེས། ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་ཏྲེ་ཤོད་ཁ་གསར། བཟང་པོ། དཀོན་མཆོག་ཀོང་པོ་ཆོ་རྐྱེན་གཞུང་། ཡན་ལག །ཆོས་ཀྱི་དབང་འབྲི་གུང་པའི་གདུང་། ཕྱུག །ཡེ་ཤེས་སྙིང་མགོ་ལོག་སྨད། པོ། དཔལ་ཆེན་ཡོལ་མོ་གངས་རར། ཆོས་ཀྱི་དོན་གྲུབ། དགུ་པ་རྗེ་ཆོས་གྲུབ་སྡེ་པ་བཀྲ་ཤིས་རྩེ། རྒྱ་མཚོའི་བར་བྱོན་ནས། མཁས་བཙུན་གྲུབ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་འཕགས་བོད་མཁས་གྲུབ་ཐམས་ཅད་ཀྱིས་བསྔགས་པའི་མེ་ཏོག་འཐོར་བའི་ཡུལ་གཅིག་ཏུ་གྱུར་ནའང་། དགུ་པ་ཆོས་གྲུབ་རྒྱ་མཚོའི་དུས་བསྟན་པའི་གེགས་ཆག་ལྟ་བུས་གོཪྵའི་དུས་ཟིང་སྐབས་གཞུང་ནས་དགོངས་ཕོག་གིས། ཡངས་པ་ཅན་གྱི་ཆོས་གྲྭ་དགེ་ལུགས་པར་བསྒྱུར་ཞིང་། སླད་ནས་སྤྲུལ་པའི་སྐུའང་ཁྲིར་འཁོད་དུ་མེད་པ་སོགས་མཛད་མོད། འོན་ཀྱང་རྒྱལ་བའི་ཕྲིན་ལས་རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པར་འཇུག་པ་ནི་སུ་ཞིག་གིས་འགོག་པར་ནུས།། །། ༈ མདོ་ཁམས་སྡེ་དགེའི་མངལ་ཁུལ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཞེས་བཤད་སྒྲུབ་ཀྱི་ཆུ་གཏེར་ཆེན་པོ་འདི་ཉིད་ནི། དུས་གསུམ་མཁྱེན་པ་པདྨ་སཾ་བྷཱ་ཝས་ཡེ་ཤེས་གཟིགས་པའི་སྤྱན་ཅན་དུ་རྡོ་རྗེའི་ལུང་གིས་མངོན་པར་བསྔགས་པ་སི་ཏུ་རིན་པོ་ཆེ་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་དགུང་ལོ་ཉེར་དགུ་པ་མེ་ལུག་ལོར་བཏབ། དེའི་དབོན་དང་མཆོག་སྤྲུལ་རིམ་བྱོན་གྱིས་སྐྱོང་། འཇང་ཡུལ་ཡན་ཆད་དུ་དགོན་ལག་ཀྱང་མང་དུ་འཕེལ་ཞིང་དར་རྒྱས་ཆེ། དེ་ཡང་སི་ཏུ་རིན་པོ་ཆེ་ནི། འཕགས་པའི་ཡུལ་དུ་གྲུབ་ཆེན་ཌོམྦྷི་པ་དང་། གངས་ཅན་འདིར་ལྷོ་བྲག་མར་པ་ལོ་ཙཱ་སོགས་དག་པའི་རྣམ་འཕྲུལ་ཚད་མེད་པ་ལས། བྱེ་བྲག་ཀརྨ་པ་དུས་གསུམ་མཁྱེན་པའི་ཐུགས་སྲས་རས་ཆེན་བསོད་ནམས་གྲགས་པ། པཀྴིའི་ཉེ་གནས་ཡེ་ཤེས་འོད། རང་བྱུང་རྡོ་རྗེའི་དུས་རི་མགོ་བ་རནྟ་ཀཱ་ར། རོལ་པའི་རྡོ་རྗེའི་དུས་གནས་བརྟན་སྤྱན་འདྲེན་པའི་ཏཱ་ཞིང་རྫུ་འཕྲུལ་ཅན་རྣམས་དང་། དེ་བཞིན་གཤེགས་པའི་དུས་ན་སྐྱེས་མཆོག་ཆོས་ཀྱི་རྒྱལ་མཚན་ནི་འོག་མིན་ཀརྨ་པའི་དབོན་བརྒྱུད། གདན་ས་བར་མར་ལས་ཀ་བསྐོས་པས་རྒྱ་ནག་ཏཱ་མིང་རྒྱལ་པོས་སི་ཏུ་ཞེས་པའི་མཚན་དང་། ཤེལ་དམ་སོགས་གནང་བ་ལ་བརྟེན་དེ་ཕྱིན་ཆད་མཚན་དེ་སྐད་དུ་ཆགས། དེ་ནས་སི་ཏུ་བཀྲ་ཤིས་རྣམ་རྒྱལ་དང་། བཀྲ་ཤིས་དཔལ་འབྱོར་རྣམས་གདན་ས་བར་པའི་དབོན་བརྒྱུད་དུ་འཁྲུངས། མི་འཁྲུགས་ཆོས་ཀྱི་གོ་ཆ་ཟུར་མང་རྩིས་མདར་འཁྲུངས་ཤིང་ཤར་ཕྱོགས་སྤུངས་རིར་བཞུགས། དེའི་ཕྱི་མར་སི་ཏུ་ནོར་བུ་བསམ་འཕེལ། དེ་ཡི་སྤྲུལ་སྐུ་སི་ཏུ་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོ། །དེའི་སྤྲུལ་སྐུ་མི་ཕམ་ཕྲིན་ལས་རབ་བརྟན་སྡེ་དགེའི་མངའ་ཁུལ་སྨན་ཤོད་དུ་འཁྲུངས་ཤིང་འདི་ཡན་གདན་ས་བར་མ་ཀརྨའི་དགོན་དུ་བཞུགས། དེ་ཡི་རྣམ་འཕྲུལ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ནི། མདོ་ཁམས་སྡེ་དགེའི་མངའ་ཁུལ་ཨ་ཏ་རོང་གི་ཨ་ལོ་དིང་རིང་སྒང་དུ་འབྲུའི་རིགས་ལས། ས་མོ་ཡོས་ཀྱི་ལོར་མཚན་དཔེའི་པདྨོ་བཞད། རིགས་སད་པའི་ཡོན་ཏན་གསལ་བས་སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ། བླ་མ་ཀརྨ་དཔལ་གྲུབ་དང་། རིག་འཛིན་ཚེ་དབང་ནོར་བུ་ལས་སྒྲ། བླ་མ་ཆོས་དབང་ལས་སྙན་དངགས། དེ་ལ་དམར་དགེ་བཤེས་ལས་རྩིས། སྐྱེད་ཚལ་དྲུང་རམ་པ་བསོད་ནམས་རྣམ་རྒྱལ་སོགས་ལས་ཚད་མ་དང་། འདུལ་མངོན་དབུ་ཕར། ཀོང་པོ་སྤྲུལ་སྐུ་བ་ལས་ལྷ་བྲིས། ཕྱག་མཛོད་སྐྱེས་མཆོག་དང་། དབོན་ཚང་ཡེ་ཤེས་བསམ་གཏན་སོགས་རྒྱ་དཀར་ནག་བོད་ལྗོངས་ཀྱི་མཁས་པ་མང་པོ་ལས་གསོ་རིག་སོགས་ཐུན་མོང་གི་རིག་གནས་མཐའ་དག་ལ་གསན་སྦྱངས་ཀྱི་ཚུལ་ཙམ་གནང་བས་ཐམས་ཅད་ལས་ཕུལ་དུ་བྱུང་བར་མཁྱེན། ཞྭ་དམར་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས་ཤིང་། དེ་ཉིད་དང་རྗེ་རྒྱལ་བའི་དབང་པོ་བཅུ་གཉིས་པ། དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུ་སོགས་ལས་མདོ་སྔགས་ཀྱི་ཟབ་ཆོས་རྒྱ་མཚོ་ལྟ་བུ་གསན། ཐུན་མོང་གི་རིག་པའི་གནས་མཐའ་དག་སྨྲ་བ་ལ་རྗེ་བཙུན་ས་པཎ་དང་། ཤོང་དཔང་ཡབ་སྲས་ཞི་བར་གཟིམས་པའི་རྗེས་རྗེ་འདི་ཁོ་ན་མཁྱེན་རབ་ཚད་མར་གྱུར་པ་ནི་མཁས་པ་ཐམས་ཅད་ཀྱི་ཡིད་ཀྱི་མེ་ལོང་དུ་གསལ་བར་འཆར་ནའང་བླུན་པོ་ཕྱོགས་འཛིན་ཅན་རྣམས་ཀྱིས་གལ་ལ་མཐོང་། ལར་ཡང་འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་ཁྱབ་འཇུག་བདག་པོ་དང་། རབ་སྟོབས་སོགས་ཀྱིས་ཀྱང་བསྔགས་པའི་མེ་ཏོག་ཉིན་བཞིན་དུ་འཐོར་ན་གཞན་བོད་བླུན་པོ་ཁ་ཅིག་མགུ་མིན་ལ་ལྟོས་དགོས་པའང་ཅི། དུས་དབང་གིས་མ་གཏོགས་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་འབྱུང་ཞི་བ་དང་། ཨ་བྷཱ་ཡ་དང་། ཤཱཀྱ་ཤྲཱི་སོགས་དང་མཁྱེན་རྟོགས་མཉམ་པར་འཁུམས་སོ། །གསུང་རྩོམ་ཡང་ཚིག་གི་ཟླ་བ་རེ་རེར་ལེགས་བཤད་ཀྱི་བདུད་རྩི་འབུམ་དུ་འཛག་པ་འཕགས་ཡུལ་མཁས་པའི་གསུང་རབ་དང་དབྱེར་མི་ཕྱེད་པ། ལེགས་སྦྱར་གྱི་བསྟན་བཅོས་གཙོ་བོར་གྱུར་པ་པོད་ཆེན་བཅོ་ལྔ་བཞུགས་ཤིང་། གདན་ས་བར་མར་ཕེབས་པའི་འོས་ཡིན་ཀྱང་། སྡེ་དགེ་ཆོས་རྒྱལ་ཆེན་པོའི་ལུང་གིས་བསྐུལ་ཏེ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གསར་དུ་བཏབ་སྟེ་བཞུགས། ཐུགས་ཀྱི་སྲས་རྗེ་བཅུ་གསུམ་པ་དང་། ཞྭ་དམར་དགུ་པ། དཔའ་བོ་རིན་པོ་ཆེ་སོགས་མཆོག་གི་དངོས་གྲུབ་བརྙེས་པ་དུ་མ་དང་། འབྲུག་སྒྲ་སྐོར་སོགས་རིག་གནས་ཀྱི་ཟིན་བྲིས་མང་། ཡོངས་འཛིན་རིན་པོ་ཆེ། ཁམས་སྤྲུལ་ཆོས་སྙན་ངག་དང་ནང་དོན་མཛོད་འགྲེལ་སོགས། ཀྱི་ཉི་མ། སྐུའི་གཅུང་སཙྪ་སྐུ་སྐྱེ་ཀརྨ་ངེས་ལེགས་སྨན་རྩིས་སྐོར་པོད་གསུམ། བསྟན་འཛིན། མཧཱ་པཎྜི་ཏ་ཚེ་སྒྲ་དང་སྡེབ་སྦྱོར་རྩིས་སྐོར་ནང་དོན་སོགས་ཀྱི་ཟིན་བྲིས་མང་དུ་ཡོད། དབང་ཀུན་ཁྱབ་སོགས་རིག་པར་སྨྲ་བ་དང་། གཞན་ཡང་གསོ་བ་རིགས་པ་དང་། བཟོ་རིག་པ་སོགས་ཀྱིས་མཚོན་དེང་སང་གི་བར་དུ་ཀུན་མཁྱེན་ཆེན་པོ་འདི་ཉིད་ཀྱི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་གཙུག་ལག་རབ་འབྱམས་ཀྱི་གནས་ཀུན་མ་འཁྲུལ་པར་སྨྲ་ཞིང་ལག་ལེན་དུ་འདེབས་པ་ཇི་སྙེད་ཅིག་བྱོན་པ་ཡིན་ནོ། །གདན་སར་སྐུའི་གཅུང་རིག་འཛིན་ཀློང་གསལ་སྙིང་པོའི་སྐུ་སྐྱེ་ཀརྨ་བསམ་འཕེལ་དང་། གཡུ་ཐོག་ཡོན་ཏན་མགོན་པོའི་རྣམ་འཕྲུལ་ཀརྨ་བསམ་གཏན་སོགས་བཞུགས་ཤིང་། སླར་ཡང་རྗེ་དེ་ཉིད་ཀྱི་མཆོག་སྤྲུལ་རིན་པོ་ཆེ་མཁས་བཙུན་གྲུབ་པའི་ཡོན་ཏན་རྒྱ་མཚོའི་མངའ་བདག་ཀྃ་ཚང་བའི་རིང་ལུགས་འཛིན་པ་མཐའ་དག་གི་གཙུག་གི་ནོར་བུ་གཅིག་པུ། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་པདྨའི་ལྗགས་ལྡན་དྲུག་གི་དང་པོར་ལུང་བསྟན་པ་དཔལ་པདྨ་དབང་ཆེན་ནམ། པདྨ་ཉིན་བྱེད་དབང་པོ་དང་། དབོན་བསམ་འཕེལ་གྱི་རྣམ་འཕྲུལ་དབང་གི་རྡོ་རྗེ་གོང་འོག །ཀརྨ་ངེས་ལེགས་བསྟན་འཛིན་གྱི་མཆོག་སྤྲུལ་ཀརྨ་རིན་ཆེན། བསམ་གཏན་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་ངེས་དོན་བསྟན་འཕེལ་སོགས་ཀྱིས་འཁོར་ལོ་གསུམ་གྱི་ཕྱག་རྗེས་གོང་འཕེལ་དུ་མཛད་དོ།། །། ༈ དབུས་སུ་གནས་ནང་རྒྱལ་བའི་རི་ཁྲོད་ནི། ཐོག་མར་ཞྭ་དམར་གྲགས་པ་སེངྒེས་བཏབ། ཕྱིས་སུ་དཔའ་བོ་རིམ་བྱོན་གྱི་གདན་སར་མཛད་དེ། དེ་ཡང་གཏེར་སྟོན་རིན་ཆེན་གླིང་པའི་སྤྲུལ་སྐུ་ལྷོ་བརྒྱུད་ལོ་རོར་བྱོན་པ་རྒྱལ་མཚན་དཔལ་བཟང་དང་། གཞོན་ནུ་ལྷུན་གྲུབ། དཔའ་བོ་ཞེས་པའི་མཚན་ཐོག་མར་གྲགས་པ། ཆོས་དབང་ལྷུན་གྲུབ་ཡར་འབྲོག་ཏུ་འཁྲུངས། ཡན་རྙིང་མ་ཡིན་ལ། འདི་དུས་རྗེ་བདུན་པས་ལྷོ་གྲོ་བོ་ལུང་དང་སྲས་མཁར་གྱི་བདག་པོར་བསྐོས་པས་བཀའ་བརྒྱུད་པར་གྱུར། དེའི་སྤྲུལ་སྐུ་ཐམས་ཅད་མཁྱེན་པ་གཙུག་ལག་ཕྲེང་སྙིང་ཐང་སྒང་བརྒྱུད། བ་ནས། རིམ་པར། གཙུག་ལག་རྒྱ་འཁར་ཡུལ་བནྡེ་ལུང་། མཚོ། ཕྲིན་ལས་རྟའུ་ཤེས་ཁོག་ཏུ་འཁྲུངས། རྒྱ་མཚོ། འདི་དུས་ཀར་བསྟན་ཉམས་ཆག་སྐབས་ཡིན་ཀྱང་རྗེ་འདིར་ཀུན་མཁྱེན་ལྔ་པས་གཟིགས་ཕྱོགས་ལེགས་པས་གནས་ནང་དང་། བསྐྲགས་སྔགས་གྲྭ་སོགས་འཛིན་སྐྱོང་ཆོག་པར་མཛད། གཙུག་ལག་དོན་གྲུབ། ཆུ་ཤུལ། གཙུག་ལག་དགའ་བའི་དབང་པོ། གཙུག་སི་ཏུ་རིན་པོ་ཆེའི་གཅུང་། ལག་ཆོས་རྒྱལ་རྣམས་ཀྱི་བར་བྱོན་ནས་མཁས་གྲུབ་ཀྱི་སྣང་བས་བློ་ལྡན་ཡིད་ཀྱི་པདྨོ་ཁ་བྱེ་བར་མཛད་དོ།། །། ༈ ཁམས་སུ་ཟུར་མང་དགོན་ནི། དྲུང་རྨ་སེ་བློ་གྲོས་དབོས་སྟོད་རིན་ཆེན་གྱིས་ཐོག་མར་བཏབ། ཀཾ་ཚང་བཀའ་བརྒྱུད་ཀྱི་ནང་གསེས་ཟུར་མང་བཀའ་བརྒྱུད་ཅེས་དེང་སང་ཡང་དར་རྒྱས་ཆེ།། །། ༈ ངོམ་ཡུལ་གནས་མདོ་དཔལ་རི་རྩེའི་སྒྲུབ་ཁང་ནི། ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་ཞལ་སློབ། རྗེ་བརྒྱད་པའི་སྐུའི་རྣམ་འཕྲུལ་དུ་གྲགས་ཤིང་། ཀར་རྙིང་གཉིས་ཀའི་བསྟན་པའི་སྒྲོན་མེ་གྲུབ་ཆེན་ཀརྨ་ཆགས་མེད་ཀྱིས་བཏབ་ཅིང་སྐྱེ་སྤྲུལ་རིམ་བྱོན་གྱིས་སྐྱོང་། འདི་ལས་གནས་མདོ་བཀའ་བརྒྱུད་ཅེས་ཕྲིན་ལས་ཀྱི་སྒོ་ཕྱོགས་ཐམས་ཅད་དུ་བྱེ་བ་བྱུང་། གསུང་རྩོམ་ཡང་པོད་ལྔ་བཅུ་ཙམ་ཡོད་པར་གྲགས་ཤིང་ཕལ་ཆེར་འགྲོ་ཕན་དར་སོ་ཆེའོ། ། ༈ གཙང་སྙང་སྟོད་ར་ལུང་ནི། གྲུབ་པའི་སློབ་དཔོན་མཚོ་སྐྱེས་ཞབས་ཀྱིས། ས་རལ་ཞེས་བྱའི་ལུང་གསུམ་མདོར། །ནོར་བུ་འཛིན་པའི་སྤྲུལ་པ་འབྱུང་། །ཞེས་རྡོ་རྗེའི་ལུང་གིས་བསྟན་པ་བཞིན། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཡེ་ཤེས་གཟུགས་སུ་ཤར་བ་ཕྱག་ན་པདྨོའི་རྣམ་འཕྲུལ་མཚན་གཞན་དུ་བསྒྱུར་པ་ན་རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་ཆེན་ནཱ་རོ་ཏཱ་པར་གྱུར་ཏེ་རྡོ་རྗེ་ཐེག་པའི་སེངྒེའི་སྒྲ་ཆེན་པོ་བསྒྲགས། དེ་ཉིད་གངས་ཅན་འདིར་རྒྱ་གར་གྱི་ཆུ་བོ་གང་གཱ་ཚུན་ཆད་དུ་རྟོགས་པ་མཐོ་བར་གྲགས་ཤིང་། དཔལ་ས་ར་ཧ་ཆེན་པོའི་སྤུན་ཟླར་འོས་པ་གླིང་རས་པདྨ་རྡོ་རྗེའི་སློབ་མ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ཞེས་བྱ་བར་སྤྲུལ་ཏེ། རྗེ་དེ་ལ་གྲུབ་ཆེན་གླིང་རས་ཀྱིས་ལུང་བསྟན་ནས་གདན་ས་འདི་ཉིད་དང་། ཞང་གིས་ལུང་བསྟན་ནས་ཀློང་བརྡོལ་དགོན་དང་། ཀརྨ་པ་དུས་གསུམ་མཁྱེན་པས་ལུང་བསྟན་ནས་འབྲུག་དགོན་པ་རྣམས་བཏབ། གདན་ས་གོང་མར་རྗེ་འདི་ཉིད་ཀྱིས་དབོན་རས་དར་མ་སེངྒེ་༡ནས་རིམ་པར། ཆོས་རྗེ་གཞོན་ནུ་༢སེང་གེ །བྱང་སེམས་ཉི་མ་སེང་གེ༣། རྒྱལ་སྲས་སེངྒེ་ཤེས་རབ༤། སྤོས་སྐྱ་པ་སེང་གེ་རིན་ཆེན༥། བཅུ་གསུམ་སེངྒེ་རྒྱལ་པོ༦། འཇམ་དབྱངས་ཀུན་དགའ་སེངྒེ༧། འཇམ་དབྱངས་བློ་གྲོས་སེངྒེ། སྤྲུལ་སྐུ་ཤེས་རབ་སེང་གེ་སྟེ་མཉམ་མེད་སེང་གེ་དགུ་ཚར་དུ་གྲགས་པ་དང་། ཡེ་ཤེས་རིན་ཆེན། ནམ་མཁའ་དཔལ་བཟང་། རྒྱ་རས་རྣམ་འཕྲུལ་རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར། ངག་དབང་ཆོས་རྒྱལ་རྣམས་དང་། རྒྱལ་དབང་རྗེའི་སྐྱེ་བ་བྱར་ཁྲི་དཔོན་གྱི་རིགས་སུ་འཁྲུངས་པ་འཇམ་དབྱངས་ཆོས་ཀྱི་གྲགས་པ་དང་། དེའི་སྐྱེ་བ་ཀོང་པོར་འཁྲུངས་པ་ཐམས་ཅད་མཁྱེན་པ་པདྨ་དཀར་པོ་ཞེས་ཤེས་བྱ་རིག་པའི་གནས་མཐའ་དག་ཐོགས་པ་མེད་པར་འཆད་ཅིང་རྩོད་པ་དང་། ལེགས་བཤད་ཀྱང་མང་དུ་རྩོམ་པ། ཕྲིན་ལས་རྒྱ་ཆེ་བ་དེ་ཉིད་བྱོན། དེ་ནས་དཔག་བསམ་དབང་པོ་དང་། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་དང་། ཆོས་ཀྱི་སྣང་བ་གོང་འོག་སོགས་ཐམས་ཅད་མཁྱེན་པའི་མཚན་གྱི་གྲགས་དཀར་འཇིག་རྟེན་ན་ཉི་མ་བཞིན་དུ་གསལ་བ་རྣམས་བྱོན་ནས་དོན་བརྒྱུད་ཀྱི་ཕྲིན་ལས་མཁའ་མཐར་བརྡལ། གཞན་ཡང་རྒྱ་རས་སློབ་མ་རྒོད་ཚང་པ་ལས་སྟོད་འབྲུག་གནམ་གྱི་སྐར་མ་ལྟ་བུ་དང་། རྒྱལ་བ་ལོ་རས་པ་ལས་སྨད་འབྲུག་སའི་དྲེགས་པ་ལྟ་བུ་ཞེས་གྲགས་པས་མཚོན། ཞལ་སློབ་ཁྲི་ཚོ་ལྔ་བྱུང་བ་ཕལ་ཆེར་གྱིས་འཇའ་ལུས་གྲུབ། རྡོ་རྗེ་ཕག་མོས་བསྟན་པ་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་པར་ལུང་བསྟན་པ་བཞིན། ཨཽ་ཌི་ཡཱ་ན་དང་། ཛ་ལནྡྷ་ར་ཚུན་ཆད་སློབ་བརྒྱུད་ཀྱིས་གང་ཞིང་། མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཞེས་འཇིག་རྟེན་ན་གཏམ་དུ་སྒྲོགས་སོ།། །། ༈ བྱར་བཀྲ་ཤིས་མཐོང་སྨོན་ནི། འབྲུག་པ་རྒྱལ་དབང་རྗེའི་ཡང་སྲིད་འཇམ་དབྱངས་ཆོས་ཀྱི་གྲགས་པར་མཁའ་འགྲོ་མ་སུ་ཁ་སིདྡྷིས་ལུང་བསྟན་ནས་བཏབ་ཅིང་། སྐྱེ་སྤྲུལ་རིམ་པས་སྐྱོང་།། །། ༈ ཁྱད་པར་ཀུན་མཁྱེན་པདྨ་དཀར་པོའི་དུས་སུ་ཕྲིན་ལས་རྒྱས་པར་བྱུང་བས་དགོན་གནས་མང་ཙམ་དང་། རྗེ་ངག་དབང་རྣམ་རྒྱལ་ལྷོ་མོན་དུ་ཕེབས། མོན་པ་ཚོ་བཞི་སོགས་ཏིང་ངེ་འཛིན་གྱིས་དབང་དུ་བསྡུས་ནས་སྤོང་ཀློག་གི་འདུས་སྡེ་མང་པོ་བཙུགས་ཏེ་ལྷོ་འབྲུག་ཅེས་ལུགས་གཉིས་ཀྱི་མངའ་ཐང་ལ་གཞན་དྲིང་མི་འཇོག་པ་འདི་དང་། དབུས་སུའང་བདེ་ཆེན་ཆོས་འཁོར་དང་། གྲྭ་ནང་སྡིང་པོ་ཆེ། ཁམས་སུ་ཁམ་སྤྲུལ་རིན་པོ་ཆེའི་གདན་ས་མཚོན་མངའ་རིས་ནས་བཟུང་སྟེ་ཁམས་ཀོང་ཡན་དུ་དེང་སང་ཡང་དར་རྒྱས་ཤིན་ཏུ་ཆེ་བར་གནས་སོ། ། དེ་ལྟར་གངས་རིའི་ཁྲོད་ཀྱི་གྲུབ་རིགས་རྒྱ་མཚོའི་འབྱུང་གནས་བཀའ་བརྒྱུད་རིན་པོ་ཆེ་དེ་རྣམས་ཀྱི་སྐྱེས་བུ་དམ་པ་བསྟན་པ་ལ་བཀའ་དྲིན་ཆེ་བ་ནི། སྤྱིར་མར་མི་དྭགས་གསུམ་རས་ཆུང་པ་དང་། དཔལ་ཕག་མོ་གྲུ་བ་རྣམས་ནི་བཀའ་བརྒྱུད་རིན་པོ་ཆེའི་སྤྱི་མེས་ལྟ་བུ་ཡིན་ལ། བྱེ་བྲག་ཀམ་ཚང་བཀའ་བརྒྱུད་ལ་རྗེ་དུས་གསུམ་མཁྱེན་པ་དང་། རྟོགས་ལྡན་གྲགས་པ་སེང་གེ་སོགས་རྒྱལ་བ་ཡབ་སྲས་རིམ་བྱོན་དང་། དེ་ལས་ཀྱང་ཀུན་མཁྱེན་རང་བྱུང་ཞབས། རྗེ་ཆོས་གྲགས་རྒྱ་མཚོ། མི་བསྐྱོད་རྡོ་རྗེ། ཞྭ་དམར་ཆོས་ཀྱི་གྲགས་པ། དཔའ་བོ་གཙུག་ལག་ཕྲེང་བ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པར་གྲགས་ཆེ་ཞིང་། ཕྱིས་སུ་དུས་ཀྱི་དབང་གིས་བསྟན་པ་ལ་ཉམས་ཆག་བྱུང་བའི་ཚེ། དཔལ་ཆེན་ཆོས་ཀྱི་དོན་གྲུབ་དང་། ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཡབ་སྲས་བརྒྱུད་པ་དང་བཅས་པ་གཅིག་ཏུ་བཀའ་དྲིན་ཆེའོ། །དེ་བཞིན་དུ་དཔལ་སྟག་ལུང་པ་ངག་དབང་གྲགས་པ་དང་། འབྲི་གུང་རིན་ཆེན་ཕུན་ཚོགས་དང་། ཆོས་ཀྱི་གྲགས་པ། འབྲུག་པ་རྒྱལ་དབང་རྗེ་དང་། པདྨ་དཀར་པོ་སོགས་སྙན་པའི་གྲགས་དཀར་ཉིན་བཞིན་དུ་གསལ་ཞིང་། དེ་ལྟ་བུའི་སྐྱེས་ཆེན་མཆོག་རྣམས་ཀྱི་དོན་གྱི་རྣམ་ཐར་ཀྱང་མདོར་བསྡུ་ན། ཉན་ཐོས་ཀྱི་ངེས་འབྱུང་། ཐེག་ཆེན་གྱི་སེམས་བསྐྱེད། གསང་སྔགས་ཀྱི་དམ་ཚིག་རྣམས་གཞིར་བཞག་ཅིང་། མོས་གུས་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གྱིས་ངེས་དོན་སྙིང་པོའི་ལམ་ལ་རྩེ་གཅིག་ཏུ་གཞོལ་བའི་སྟེང་། སོ་སོའི་ཁྱད་ཆོས། མར་རྔོག་གི་རྒྱུད་བཤད། མི་ལའི་སྙིང་རུས་དང་གདམས་ངག །སྒམ་པོ་པོའི་ངོ་བོའི་ག་དར། ཀརྨ་པའི་རླུང་སེམས་དབྱེར་མེད། ཞང་གི་ལམ་མཆོག་མཐར་ཐུག །ཕག་གྲུའི་གསང་སྔགས། འབའ་རོམ་པའི་བསྲེ་འཕོ་གསེབ་ལམ། སྟག་ལུང་པའི་རྣམ་ཐར་སོ་དགུ །འབྲི་གུང་པའི་སྡོམ་གསུམ་གནད་གཅིག །གཙང་པ་རྒྱ་རས་ཀྱི་རྟེན་འབྲེལ་དང་རོ་སྙོམས། ལོ་རྒོད་ཀྱི་མོས་གུས་དང་ཞེན་ལོག་རྣམས་ནི་ཆ་མཐུན་ཁྱད་འཕགས་ཞེས་རེ་རེ་ལའང་ཐམས་ཅད་ཚང་བར་ཡོད་དེ། གང་ལ་རྩལ་དུ་བཏོན་ནས་རང་རང་གིས་ཐུགས་ཉམས་སུ་བཞེས་པ་དང་། སློབ་མ་འཁྲིད་ཅིང་སྐྱོང་བར་མཛད་པ་ལ་ཁྱད་པར་གྱི་འབྱེད་ཆོས་སུའང་བཞག་ཏུ་རུང་ཞིང་། དེ་ཡོངས་སུ་རྫོགས་པ་ལའང་བཀའ་བརྒྱུད་ཀྱི་བསྟན་པ་དང་། དེ་ཉིད་རྒྱུད་ལ་མངའ་བ་རྣམས་ལ་བསྟན་འཛིན་གྱི་སྐྱེས་བུ་ཞེས་འཇིག་རྟེན་གསུམ་ན་སྙན་པར་གྲགས་སོ། ། དེ་དག་ལས་བརྒྱུད་པའི་གདམས་པའང་། སྤྱིར་མདོ་སྔགས་རིག་གནས་དང་བཅས་པའི་ཚིག་གི་བཤད་སྲོལ། དོན་གྱི་བརྒྱུད་པ། སྙིང་པོའི་ཉམས་ལེན་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ནའང་། བྱེ་བྲག་བཀའ་བརྒྱུད་རིན་པོ་ཆེ་རང་གི་ཁྱད་ཆོས་ཀྱི་དབང་དུ་བྱས་ན། ངེས་དོན་ཕྱག་རྒྱ་ཆེན་པོ་དང་། ཟབ་ལམ་ནཱ་རོ་ཆོས་དྲུག་གཉིས་གཙོ་བོར་དར་ཞིང་། དེ་ལས་ཀྱང་ཀཾ་ཚང་བཀའ་བརྒྱུད་ལ་སྔར་མཚུར་ལུགས་ཀྱི་རྒྱུད་སྡེ་བརྒྱ་རྩ་དང་། ཡངས་ཅན་གྱི་དཀྱིལ་འཁོར་ཞེ་གཉིས་སོགས་རྒྱ་ཆེར་བཞུགས་ནའང་། དེང་དུས་བྱ་རྒྱུད་ཚེ་དཔག་མི་འཁྲུགས་སོགས་ཉེར་མཁོའི་དབང་བཀའི་སྐོར་དང་། རྗེས་གནང་ཟུར་བཀའ་མང་པོ། རྣལ་འབྱོར་རྒྱུད་ཀུན་རིག །བླ་མེད་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། བདེ་མཆོག་ལྷ་ལྔ། ཕག་མོ་སོགས་ཀྱི་དབང་རྒྱ་གཞུང་བོད་གཞུང་མང་པོའི་ལུང་མན་ངག་དང་བཅས་པ། ཕྱག་རྡོར་གཏུམ་ཆེན་གཏུམ་ཆུང་། བླ་མ་རྔོག་པ་རྣམས་ནས་བརྒྱུད་པའི་དཀྱིལ་འཁོར་བདུན་ཞེས། ཀྱེ་རྡོར་ཡབ་༡བཀའ་དང་ཡུམ་བཀའ་༢བདག་མེད་མ། རྡོ་རྗེ་གར༣། མ་ཧཱ་མཱ་ཡ༤། གདན་བཞི་ཡབ་བཀའ་༥དང་། ཡུམ་བཀའ་ཡེ་ཤེས་དབང་ཕྱུག་མ༦། འཇམ་དཔལ་གསང་རྣལ་འབྱོར་རྒྱུད། ལྡན་༧རྣམས་དང་། སྤྱི་བཀའ་རྡོར་ཕྲེང་ཤཱཀྱ་ཤྲཱི་སོགས་ནས་བརྒྱུད་པ་དང་། པཎྜི་ཏ་ནགས་ཀྱི་རིན་ཆེན་སོགས་ནས་བརྒྱུད་པ་སོ་སོ། །གྲུབ་ཆེན་མི་ཏྲའི་ཐུགས་དམ་དཀྱིལ་འཁོར་བརྒྱ་རྩ། སྒྲུབ་ཐབས་རྒྱ་རྒྱམ། རིན་འབྱུང་སོགས་དང་། རྗེ་དགུ་པའི་མངོན་རྟོགས་ཞི་ཕྲེང་། དྲག་ཕྲེང་། ཆོས་སྐྱོང་གློག་ཕྲེང་རྣམས་ཀྱི་རྗེས་གནང་། ཁྱད་པར་ངེས་དོན་ཕྱག་རྒྱ་ཆེན་པོའི་ཉམས་ཁྲིད་དང་། རྒྱ་གཞུང་དང་བོད་གཞུང་རབ་ཏུ་མང་པོའི་ལུང་། ཟབ་ལམ་ནཱ་རོ་ཆོས་དྲུག་གི་ཉམས་ཁྲིད། ཆོས་དྲུག་སྲས་མཁར་མའི་ལུགས། ཟབ་མོ་ནང་དོན་གྱི་བཤད་སྲོལ། ཟུར་མང་སྙན་བརྒྱུད་ཀྱི་དབང་ལུང་མན་ངག་གི་སྐོར་བསམ་གྱིས་མི་ཁྱབ་པ། ཟབ་མོ་བདུད་ཀྱི་གཅོད་ཡུལ་སྐོར་གྱི་དབང་ལུང་ཉམས་ཁྲིད། རྗེ་བཙུན་ཇོ་ནང་པ་ནས་བརྒྱུད་པའི་སྐོར་ལ། དུས་འཁོར་དབང་ཡོངས་རྫོགས་མཆོག་དབང་བདག་དབང་དང་བཅས་པ། བདེ་མཆོག་སྟོད་འགྲེལ། ལཱུ་དྲིལ་ནག་གསུམ། ལྷན་སྐྱེས་བདག་དབང་། བདེ་མཆོག་རབ་འབྱམས། ཀྱེ་རྡོར་ས་ལུགས། མ་ཡཱ་རྔོག་ལུགས། གདན་བཞི། ཡུམ་བཀའ། སྒྲོལ་མ་རྣལ་འབྱོར་མ། མཁའ་སྤྱོད་རིགས་གསུམ། ཕུར་པ་རྒྱུད་ལུགས། གསང་འདུས་འཕགས་ཞབས་ལུགས་གཉིས། གཤེད་དམར་ལྷ་ལྔ། དགྲ་ནག་ཞང་ལུགས། འཇིགས་བྱེད་བཅུ་གསུམ་མ། རོ་ལང་བརྒྱད་སྐོར། གཤིན་རྗེ་རབ་འབྱམས། མི་གཡོ་བ་བླ་མེད། ཤངས་ལུགས་རྒྱུད་སྡེ་ལྔ། མི་འཁྲུགས་ལོངས་སྐུ། ཚེ་དཔག་ལྷ་དགུ་རྣམས་ཀྱི་དབང་། སྦྱོར་དྲུག་དང་། ནི་གུ་ཆོས་དྲུག་ཉམས་ཁྲིད། གྲོལ་མཆོག་ཁྲིད་བརྒྱ། ཆོས་སྐྱོང་བེར་ནག་ཅན་གྱི་དབང་། རྗེས་གནང་། རང་བྱུང་རྒྱལ་མོ་དང་མ་མགོན་འཁོར་ལྔ། བཀྲ་ཤིས་ཚེ་རིང་མ་སོགས་ཀྱི་རྗེས་གནང་མགོན་པོ་ཕྱག་བཞི་པའི་དབང་སོགས་བཞུགས། རྒྱབ་བརྟེན་ལུང་ལ། མར་མིའི་རྣམ་མགུར། དྭགས་པོ་དང་ཕག་གྲུའི་གསུང་ཚང་མ། རྔོག་འགྲེལ་རིན་ཆེན་རྒྱན་འདྲ། དུས་མཁྱེན་བཀའ་འབུམ་ཚང་མ། རང་བྱུང་པའི་ནང་དོན་སོགས་ཐོར་བུ་མི་བསྐྱོད་ཁྲིད་ཐུང་པུ་ཏི་སོགས། དབང་ཕྱུག་རྡོ་རྗེ། ཞྭ་དམར་མཁའ་སྤྱོད་དབང་པོ། དཀོན་མཆོག་ཡན་ལག །ཆོས་ཀྱི་འབྱུང་གནས་སོགས་ཀྱི་བཀའ་འབུམ། ཀརྨ་ཆགས་མེད་ཀྱི་གསུང་རབས་མང་པོ། དོལ་པོའི་རི་ཆོས། ཏཱ་ར་ནཱ་ཐའི་བཀའ་འབུམ་སོགས་མང་དུ་བཞུགས་ལ། བར་སྐབས་ནས་རྙིང་མའི་ཕྱོགས་ལའང་ཐུགས་དམ་ཉམས་བཞེས་མཛད་པས། གཏེར་ཁ་གོང་འོག །སངས་གླིང་། རཏ་གླིང་། ཀརྨ་གླིང་པ་སོགས་ཀྱི་གཏེར་ཆོས་ཅི་རིགས་པ་དང་། འཇའ་ཚོན་པ། བདུད་འདུལ། གནམ་ཆོས། སྟག་ཤམ། ཆོས་གླིང་། རོལ་རྡོར་སོགས་དང་། ལྷག་པར་ཡོངས་དགེ་མི་འགྱུར་རྡོ་རྗེའི་ཞི་ཁྲོ་པདྨ་བཛྲ། ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར། རྡོ་རྗེ་གྲོ་ལོད་རྣམས་ནི་ཤིན་ཏུ་དར་རོ། །དོན་བརྒྱུད་འབྲུག་པའི་རིང་ལུགས་ལ་སྤྱིར་རྒྱུད་སྡེ་བཞི་དང་འབྲེལ་བའི་སྤྱི་བཀའ་ཟུར་བཀའ་སོགས་ཕལ་ཆེར་སྔར་ལྟར་ལ། ཁྱད་པར་ལྟ་བ་གཙོ་བོར་སྟོན་པ་གདམས་ངག་ཕྱག་རྒྱ་ཆེན་པོ། སྒོམ་པ་གཙོ་བོར་སྟོན་པ་གདམས་ངག་ནཱ་རོ་ཆོས་དྲུག །སྤྱོད་པ་གཙོ་བོར་སྟོན་པ་གདམས་ངག་འབྱུང་བ་རོ་སྙོམས། འབྲས་བུ་གཙོ་བོར་སྟོན་པ་གདམས་ངག་རྟེན་འབྲེལ་བར་བདུན། ཀུན་ལ་གཅེས་པའི་གདམས་ངག་ལམ་ཟབ་བླ་མ་སྒྲུབ་པའི་སྐོར་དང་། འབྲུག་ལུགས་འཕྲལ་མཁོའི་རྗེས་གནང་༢། སྒྲུབ་ཐབས་སྐོར་ལྔ་ཞེས། བདེ་མཆོག་དངོས་གྲུབ་ཀྱི་སྐོར། ཕག་མོ་བྱིན་རླབས་ཀྱི་སྐོར། གཏུམ་པོ་ནུས་མཐུའི་སྐོར། བདེ་མཆོག་ལྷན་སྐྱེས་ཀུ་སཱ་ལིའི་སྐོར། མགོན་པོ་བྱ་རོག་བསྟན་སྲུང་མའི་དབང་ལུང་མན་ངག་ཤིན་ཏུ་མང་། སྐོར། ཉམས་ལེན་འཕྲལ་དགོས་བཞི་ཞེས། རྡོར་སེམས་ཉེས་ལྟུང་འཁྲུད་པའི་ཆོས། ཀཾ་ཀ་ནི་ངན་སོང་སྦྱོང་བའི་ཆོས། ཚེ་དཔག་མེད་འཆི་མེད་གྲུབ་པའི་ཆོས། རས་ཆུང་ལུགས་འདི་ལ་ཕྱི་ནང་གསུམ་སོགས་མང་། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས། རྒྱུད་བྱིན་གྱིས་བརླབ་པའི་ཆོས་གཞན་ཡང་རས་ཆུང་པའི་སྙན་བརྒྱུད་གསར་རྙིང་། སྟོད་འབྲུག་རྒོད་ཚང་པའི་ཁྲིད་ཆེན་བརྒྱད། ཨོ་རྒྱན་པའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ། ཡང་དགོན་པའི་རི་ཆོས་སྐོར་གསུམ། སྨད་འབྲུག་ལོ་རས་ཀྱི་ཐུབ་པ་ལྔ། ཐུགས་དམ་དགེ་སྦྱོར་བདུན་པ། བཀའ་བརྒྱུད་ཀྱི་བཀའ་འབུམ་ལ། གླིང་རས་རྒྱ་རས། མཉམ་མེད་སེང་གེ་དགུ་ཚར། རྒྱལ་དབང་རྗེ། པདྨ་དཀར་པོ་རྣམས་ཀྱི་གསུང་རབ་རྣམས་སོ། །དེ་བཞིན་དཔལ་སྟག་ལུང་པའི་ཆོས་དྲུག་ཡིད་བཞིན་ནོར་བུ་དང་། ཐང་པ་སྔ་ཕྱི་སོགས་ཀྱི་བཀའ་འབུམ། མགོན་པོ་ཕྱག་བཞིའི་སྐོར་གསེར་པོད་དང་བཅས་པ། འབྲི་གུང་པའི་དགོངས་གཅིག་དང་གནད་གཅིག་ཕྱག་ཆེན་ལྔ་ལྡན་སོགས་རྒྱ་ཆེར་མཆིས་སོ། །བཀའ་བརྒྱུད་རིན་པོ་ཆེ་རྣམས་ཀྱི་རྣམ་ཐར་རྒྱས་པ་ནི། བཀའ་བརྒྱུད་སོ་སོའི་རྣམ་མགུར་གྱི་སྐོར་གླེགས་བམ་ཤིན་ཏུ་མང་པོ་དང་། ཀུན་མཁྱེན་བསྟན་པའི་ཉིན་བྱེད་དང་པཎྜི་ཏ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རྣམ་ཐར་རབ་འབྱམས་ཟླ་བ་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ། འགོས་ལོ་ཐམས་ཅད་མཁྱེན་དེབ་ཐེར་སྔོན་པོ་པོད་གཅིག་པ་གཞོན་ནུ་དཔལ། འབྲུག་པ་པདྨ་པད་དཀར་རྒྱས་པའི་ཉིན་བྱེད་པོད་གཅིག་དཀར་པོ། སྟག་ལུང་པ་ངག་དབང་གྲགས་པ། དཔའ་བོ་གཙུག་ལག་ཕྲེང་བ་མཁས་པའི་དགའ་སྟོན་པོད་གཉིས། རྣམས་ཀྱི་ཆོས་འབྱུང་གི་བཀའ་བརྒྱུད་པའི་སྐབས་སོགས་ལས་ཤེས་པར་བྱའོ། །

བཀའ་བརྒྱུད་ཅེས་པའི་སྒྲ་དོན་ནི། །དྭངས་པོ་རིན་པོ་ཆེས་ཐོག་མར་ཇོ་བོ་རྗེ་ནས་བརྒྱུད་པའི་བཀའ་གདམས་པའི་གདམས་ངག་གསན་ཞིང་། ཕྱིས་མར་པ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་བརྒྱུད་པ་རིན་པོ་ཆེ་ལ་ཞུགས་ཏེ། དེ་གཉིས་ཟུང་འབྲེལ་དུ་སྐྱོང་བས་གདམས་པའི་མིང་གང་ཟག་ལ་ཆགས་པ་ཡིན་ཞིང་། འབྲུག་པ་ནི། གཙང་པ་རྒྱ་རས་ཀྱིས་དགོན་གནས་འདེབས་པའི་ཕྱོགས་དེར་བྱོན་པའི་ཚེ། འབྲུག་མ་སྨད་དགུ་བབས་ནས་འདུག་པ་ནམ་མཁར་སོང་། འབྲུག་སྒྲ་དྲག་པོའང་ལན་གསུམ་དུ་གྲགས་པས་གནས་ཀྱི་ཕུར་དགོན་པ་བཏབ་པ་ལ་འབྲུག་ཅེས་བཏགས་པར་བཤད་པའི་ཕྱིར་གནས་ཀྱི་མིང་གང་ཟག་ལ་ཆགས་པ་ཡིན་ནོ།། །། ༈

Footnotes

Other Information