ཨོ་རྒྱན་སངས་རྒྱས་གཉིས་པའི་སྐུ་ཚབ་གཙོ་བོར་གྱུར་པའི་སྐུ་གསུང་ཐུགས་རྟེན་ལ་གུས་པར་བྱེད་པའི་ཚུལ་བརྗོད་པ་ལེགས་ལམ་དམ་པའི་གསོས་སྨན།

From Khyentse Lineage - A Tsadra Foundation Project
Revision as of 12:47, 3 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title o rgyan sangs rgyas gnyis pa'i sku tshab gtso bor gyur pa'i sku gsung thugs rten la gus par byed pa'i tshul brjod pa legs lam dam pa'i gsos sman
Location dpal sprul bka' 'bum
Volume 1, Text 13, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Discourses - gtam
Colophon

ཅེས་ཨོ་རྒྱན་སངས་རྒྱས་གཉིས་པའི་སྐུ་བརྙན་གཙོ་བོར་གྱུར་བའི་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལ་གུས་པར་བྱེད་པའི་ཚུལ་བརྗོད་པ་ལེགས་ལམ་དམ་པའི་གསོས་སྨན་ཞེས་བྱ་བ་འདི་ཡང་མཐའ་ཡས་པའི་སེམས་ཅན་ལ་ཕན་འདོད་ཀྱི་བསམ་པ་དུང་དང་ཟླ་བ་ལྟར་དཀར་བ་དང་། ཁྱད་པར་སྔར་འདྲིས་ཀྱི་གྲོགས་པོ་སྒྲུབ་བརྩོན་དམ་པ་བླ་མ་ཚེ་དབང་བཟང་པོའི་ཚེས་བཅུའི་གཙུག་ལག་ཁང་གསར་དུ་བཞེངས་པའི་སྐབས་སུ་བདག་གིས་ཀྱང་རྗེས་སུ་ཡི་རང་བའི་སེམས་ཀྱིས་ཟང་ཟིང་ཞབས་ཏོག་བཅས་བཙུན་གཟུགས་དཔལ་དགེ་ཧྲལ་པོ་ལས་ངན་དུག་ལྔ་མེ་འབར་དུ་འབོད་པས་རང་གཤིས་ཉོན་མོངས་པའི་དུག་དང་མ་འདྲེས་པ་རྒྱལ་འཕགས་རི་ཁྲོད་ལྗོན་པའི་ཚལ་ཉམས་དགའ་བར་བྲིས་པ་དེ་ཁོ་ན་བཞིན་འགྲུབ་པར་གྱུར་ཅིག །དགེའོ།།

ces o rgyan sangs rgyas gnyis pa'i sku brnyan gtso bor gyur ba'i rgyal ba'i sku gsung thugs rten la gus par byed pa'i tshul brjod pa legs lam dam pa'i gsos sman zhes bya ba 'di yang mtha' yas pa'i sems can la phan 'dod kyi bsam pa dung dang zla ba ltar dkar ba dang /_khyad par sngar 'dris kyi grogs po sgrub brtson dam pa bla ma tshe dbang bzang po'i tshes bcu'i gtsug lag khang gsar du bzhengs pa'i skabs su bdag gis kyang rjes su yi rang ba'i sems kyis zang zing zhabs tog bcas btsun gzugs dpal dge hral po las ngan dug lnga me 'bar du 'bod pas rang gshis nyon mongs pa'i dug dang ma 'dres pa rgyal 'phags ri khrod ljon pa'i tshal nyams dga' bar bris pa de kho na bzhin 'grub par gyur cig_/dge'o//

[edit]
༄༅། །ཨོ་རྒྱན་སངས་རྒྱས་གཉིས་པའི་སྐུ་ཚབ་གཙོ་བོར་གྱུར་པའི་སྐུ་གསུང་ཐུགས་རྟེན་ལ་གུས་པར་བྱེད་པའི་ཚུལ་བརྗོད་པ་ལེགས་ལམ་དམ་པའི་གསོས་སྨན་ཞེས་བྱ་བ་བཞུགས་སོ། །


ན་མོ་པདྨ་ཀཱ་རཱ་ཡེ། །རྒྱལ་ཀུན་གསུང་གི་རྡོ་རྗེ་འོད་དཔག་མེད། །སིན་དྷུའི་པད་མཚོར་མཚན་དཔེའི་སྐུར་སྣང་བ། །ཁ་བ་ཅན་གྱི་སྐྱབས་གཅིག་ཐུགས་རྗེའི་གཏེར། །ཨོ་རྒྱན་རྡོ་རྗེ་འཆང་གིས་བྱིན་གྱིས་རློབས། །ཞེས་མཆོད་པར་བརྗོད་པ་ཅུང་ཟད་ཀྱིས་མདུན་བསུས་ནས་འདིར་གང་གླེང་བར་བྱ་བ་ནི། སྤྱིར་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོའི་མངའ་བདག་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད། ཆོས་སྐུའི་གནས་སྐབས་ན་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་ནས། གདུལ་བྱ་ས་ཐོབ་པ་རྣམས་ཀྱི་སྣང་ངོར་ལོངས་སྤྱོད་རྫོགས་པའི་དབྱིངས་དང་སྐུའི་རྣམ་རོལ་ཚད་མེད་པ་བསྟན་ནས་ཐེག་པ་ཆེན་པོ་ཉག་གཅིག་གི་ཆོས་ཀྱི་གདུལ་བྱ་རྗེས་སུ་འཛིན་ལ། སྤྲུལ་པའི་སྐུའི་གནས་སྐབས་ན། བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་སྐུའི་རོལ་པ་ཚད་མེད་པ་ཉིད་ཀྱིས་དག་པ་དང་མ་དག་པའི་གདུལ་བྱ་བགྲང་བ་ལས་འདས་པ་དག་གང་ལ་གང་འདུལ་གྱི་སྒོ་ནས། བྱང་ཆུབ་གསུམ་ལ་འདྲེན་པར་མཛད་པ་ལས། དང་པོར་གདུལ་བྱ་ལམ་ལ་གནས་པ་སྒྲིབ་པ་ཤས་ཆུང་བའི་དག་པ་རྣམས་ཀྱི་སྣང་ངོར་མཆོག་གི་སྤྲུལ་པའི་སྐུ་མཚན་དང་དཔེ་བྱད་ཀྱི་བདག་ཉིད་དུ་སྣང་ཞིང་གསུང་ཚངས་པའི་དབྱངས་ཀྱིས་ཆོས་སྟོན་པར་གོ་ནས་བྱང་ཆུབ་ཀྱི་ལམ་དུ་ངེས་པར་མཛད། གདུལ་བྱ་རྒྱུད་དེ་ལས་དམན་ཞིང་སྒྲིབ་པ་ཤས་ཆེ་བ་དག་གི་སྣང་ངོར་སངས་རྒྱས་ཀྱི་སྐུ་གཟུགས་དང་། གསུང་གླེགས་བམ་ཡོན་ཏན་དང་ཕྲིན་ལས་དགེ་བའི་བཤེས་གཉེན་ལྟར་སྣང་ནས་སེམས་ཅན་གྱི་དོན་མཛད་དེ། འཇམ་དཔལ་རྩ་བརྒྱུད་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་དགེ་ལ་སྦྱོར་བའི་དོན་བྱེད་དོ། །ཞེས་དང་། ཕལ་པོ་ཆེ་ལས། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་སྣང་། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་གྱིས། །ཞེས་དང་། མྱང་འདས་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་སྙིགས་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་སོ། །དེས་ན་སྔོན་མཆོག་གི་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པར་སྣང་བ་དང་། ད་ལྟ་བཟོ་གནས་སྤྲུལ་བའི་སྐུ་སྐུ་གཟུགས་སུ་སྣང་བ་གཉིས་གདུལ་བྱ་དག་མ་དག་གི་སྣང་ཚུལ་ཐ་དད་པ་ཙམ་ལས་ངོ་བོ་གཅིག་ཅིང་། བསོད་ནམས་བསགས་པའི་ཞིང་ལ་ཁྱད་པར་མེད་པ་ཉིད་ཡིན་ཏེ། ཇི་སྐད་དུ་མདོ་ལས། ད་ལྟ་ང་ལ་མཆོད་པ་དང་། །མ་འོང་སྐུ་གཟུགས་མཆོད་པ་གཉིས། །བསོད་ནམས་མཉམ་ཤིང་རྣམ་སྨིན་མཉམ། །འདི་གཉིས་ཐ་དད་ཅུང་ཟད་མེད། །ཅེས་སོ། །འདི་ལ་ལོག་ལྟ་ཅན་དག་གིས་སྐུ་གཟུགས་ནི་རྒྱུ་འཇིམ་པ་དང་གསེར་དངུལ་སོགས་ལ་ལྟོས་ཤིང་རྐྱེན་བཟོ་བོ་ལ་རག་ལས་པས་སངས་རྒྱས་ཀྱི་སྐུ་དངོས་ཇི་ལྟར་ཡིན་སྙམ་ན། དེ་ཡང་འདྲ་སྟེ། སངས་རྒྱས་སྤྲུལ་བའི་སྐུ་ཤཱཀྱ་ཐུབ་པ་ཐུགས་རྗེའི་བདག་ཉིད་ཀྱི་མཚན་དང་དཔེ་བྱད་ཀྱི་སྐུ་དེ་ཡང་གདུལ་བྱའི་སྣང་ངོར་ཡབ་དང་ཡུམ་གྱི་རྒྱུ་ལ་བརྟེན་ནས་བྱུང་བ་ལྟར་སྣང་སྟེ། ཡབ་རྒྱལ་པོ་ཟས་གཙང་དང་ཡུམ་སྒྱུ་མ་ལྷ་མཛེས་ཞེས་ཡོངས་ལ་གྲགས་པ་དང་། དོན་དམ་པ་ནི་སངས་རྒྱས་ལ་བེམ་པོ་རང་རྒྱུད་དུ་གྲུབ་པའི་སྐུ་མེད་དེ། མདོ་སྡེ་གསེར་འོད་དམ་པ་ལས། སྐུ་ལ་རུས་པ་ཁྲག་མེད་ན། །རིང་བསྲེལ་ཡོད་པར་ག་ལ་འགྱུར། །ཞེས་དང་། རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །ཞེས་སོ། །དེས་ན་ད་ལྟའི་སྐུ་གཟུགས་ཀྱང་བཟོ་བོ་ལ་སོགས་པའི་རྒྱུ་རྐྱེན་ལས་བྱུང་བ་ལྟར་སྣང་བ་ནི་གདུལ་བྱའི་བློ་ངོར་ཡིན་གྱི་དོན་ལ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་རྣམས་ནི་སངས་རྒྱས་ཀྱི་ཐུགས་རྗེས་སྨོན་ལམ་དང་གདུལ་བྱའི་ལས་འཕྲོ་སྐལ་བ་གཉིས་གོང་འཛོམ་པ་ལས་རང་བཞིན་གྱིས་སྣང་བ་ཡིན་ཏེ། རྒྱུད་ལས། བདེ་གཤེགས་སྐུ་གསུང་ཐུགས་རྟེན་ནི། །བསྟན་པ་ནུབ་ན་ཡོད་མིན་ཞིང་། །མུ་སྟེགས་ཀླ་ཀློ་དག་ལ་མེད། །དེ་ཕྱིར་སྐུ་གཟུགས་སྤྲུལ་པ་ཡིན། །ཞེས་སོ། དོན་དེ་དག་གི་ཕྱིར་ད་ལྟ་སྙིགས་མར་གྱུར་ཅིང་འཇིག་རྟེན་གྱི་རྒུད་པ་ལ་སོགས་སྣ་ཚོགས་མངོན་དུ་གྱུར་པའི་སྐབས་འདིར། རང་རང་གི་ཉེ་སྐོར་ན་ཡོད་པའི་གཙུགས་ལག་ཁང་དང་སྐུ་གསུང་ཐུགས་ཀྱི་རྟེན་དག་ལ་ཕྱག་དང་བསྐོར་བ་སྡིག་པ་དང་མ་འདྲེས་པའི་མཆོད་པ་སོགས་འབད་པ་བྱས་ན་སངས་རྒྱས་དངོས་སུ་བཞུགས་པ་ལ་མཆོད་པ་དང་ཁྱད་མེད་ཅིང་། གནས་སྐབས་འདོད་པའི་དོན་ཐམས་ཅད་འགྲུབ་ལ་མཐར་ཐུག་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་འགྱུར་བ་གདོན་མི་ཟ་སྟེ། ཐེག་པ་ཆེན་པོའི་མདོ་སྡེ་སྙིང་རྗེ་པདྨ་དཀར་པོ་ལས། མི་གཞན་ཞིག་གི་སྐྲའི་ཉག་མ་གཅིག་བརྒྱར་གཤགས་པའི་རྩེ་མོས་ཆུ་ཐིག་པ་གཅིག་བླང་སྟེ་བདེ་བར་གཤེགས་པ་ལ་བཅོལ་ན་ཕྱིས་བསྐལ་བ་དཔག་ཏུ་མེད་པ་ཞིག་སོང་བའི་རྗེས་སུ་ཡང་། རྫོགས་པའི་སངས་རྒྱས་ཀྱི་རྣམ་མཁྱེན་གྱི་ཡེ་ཤེས་ཀྱིས་གཟིགས་ནས་སྔར་གྱི་ཆུ་ཐིག་དེ་མ་ཉམས་པ་སྤྲོད་ནུས་པའི་མཁྱེན་པ་མངའ་བ་དེས་སྔོན་དུ་བཏང་སྟེ། ད་ལྟ་སངས་རྒྱས་བཞུགས་པའམ། མ་འོང་མྱ་ངན་ལས་འདས་པའི་སྐབས་གང་ཡིན་ཡང་འདྲ་སྟེ། སངས་རྒྱས་ཀྱི་མཚན་ཐོས་པ་དང་། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་པའི་སྒྲ་བརྗོད་པ་དང་། སངས་རྒྱས་ལ་དམིགས་ནས་སེམས་དྭངས་པ་ཙམ་བྱེད་པ་དང་། སངས་རྒྱས་ལ་དམིགས་ནས་མེ་ཏོག་ཅིག་ནམ་མཁའ་ལ་དེང་བྱེད་པ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མཁྱེན་ཏེ་མྱ་ངན་ལས་འདས་པའི་བར་དུ་ཆུད་ཟ་བར་མི་འགྱུར་རོ། །ཞེས་ཤིན་ཏུ་རྒྱས་པར་བཀའ་སྩལ་པ་དང་། མདོ་གཞན་ལས་ཀྱང་། རྩིག་ངོས་ཤིང་བུ་སེན་མོས་གཟུགས་བྲིས་པ། །དྭངས་པའི་སེམས་ཀྱིས་བདེ་གཤེགས་ལྟ་ན་ཡང་། །དེ་དག་རྣམས་ཀྱི་བྱང་ཆུབ་མཆོག་འདི་ཐོབ། །ཅེས་དང་། བྱིས་པ་རྩེད་མོ་དགའ་དང་དེ་བཞིན་དུ། །བྱེ་མ་ལ་ནི་མཆོད་རྟེན་བྱེད་པ་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །ཞེས་བྱིས་པ་རྩེད་མོའི་ཕྱིར་རྩིག་པ་ལ་སངས་རྒྱས་ཀྱི་སྐུ་བྲིས་པ་དང་། བྱེ་མ་ལ་མཆོད་རྟེན་བྱེད་པ་ཡང་མཐོང་བ་ཙམ་གྱིས་ཀྱང་རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་ཞེས་རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུངས་པ་དང་། སངས་རྒྱས་ལ་དམིགས་ནས་ཕྱག་དང་མཆོད་པ་ལ་སོགས་གང་བྱས་ཡུལ་གྱི་སྒོ་ནས་ཐར་བ་ཆ་མཐུན་གྱི་དགེ་བ་ཞེས་བྱ་སྟེ། རང་བློས་བྱང་ཆུབ་ཀྱི་རྒྱུར་བསྔོ་མ་ཤེས་ཀྱང་མཐར་ཐུག་བྱང་ཆུབ་ཀྱི་རྒྱུར་མི་འགྲོ་མི་སྲིད་པར་མདོ་རྒྱུད་མན་ངག་ཐམས་ཅད་ནས་བཀའ་སྩལ་པ་ལ་ཡིད་ཆེས་པར་བྱ་ཞིང་། ཁྱད་པར་རང་རེ་བོད་ཁ་བ་ཅན་པ་དག་གི་ལྷ་དང་བླ་མའི་སྐལ་པ་ཇོ་བོ་སྤྱན་རས་གཟིགས་དང་གུ་རུ་པདྨ་འབྱུང་གནས་གཉིས་ཡིན་ཏེ། ཇི་སྐད་དུ། ཨོ་རྒྱན་ཉིད་ཀྱི་ཞལ་ནས། བོད་ཀྱི་བླ་མའི་སྐལ་བ་གུ་རུ་ཉིད། །ལྷ་སྐལ་ཇོ་བོ་ཐུགས་རྗེ་ཆེན་པོ་ཡིན། །ཞེས་པ་ལྟར་སྔོན་ཁ་བ་ཅན་བོད་ཀྱི་ལྗོངས་འདིར་སངས་རྒྱས་ཀྱི་ཞབས་ཀྱིས་མ་བཅག །དམ་པའི་ཆོས་མ་དར། དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་པར་ཆོས་མེད་མུན་པའི་ཡུལ་དུ་ཡོད་པའི་སྐབས་སུ་འཕགས་པ་སྤྱན་རས་གཟིགས་ཀྱིས་སྤྲུལ་པ་དུ་མའི་སྒོ་ནས་ཆོས་དར་བའི་རྟེན་འབྲེལ་བསྒྲིགས་ཤིང་། སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོར་སྤྲུལ་ནས་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོ་བཅུ་གཅིག་ཞལ་རང་བྱུང་ལྔ་ལྡན་སྤྲུལ་པ་དང་། བྱིན་བརླབས་ཀྱི་སྒོ་ནས་སྣང་བར་བྱས་པ་ཉིད་བོད་ཁ་བ་ཅན་དུ་སྐུ་གཟུགས་བཞེངས་པའི་ཐོག་མར་བྱུང་ཞིང་། དེ་ནས་རྒྱལ་རབས་ལྔ་ནས་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་སྡེའུ་བཙན་གྱིས་སངས་རྒྱས་གཉིས་པ་ཨོ་རྒྱན་ཆེན་པོ་སྤྱན་དྲངས་ནས་བོད་ཁམས་ཀྱི་ས་གཞི་བརྟུལ་ལྷ་འདྲེ་མ་རུང་བ་ཐམས་ཅད་དམ་ལ་བཞག །སྐུ་རྟེན་དུ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། གསུང་རྟེན་དུ་དམ་པའི་ཆོས་བསྒྱུར། ཐུགས་རྟེན་དུ་དགེ་འདུན་གྱི་སྡེ་བཙུགས་ཏེ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུ་མཛད། ཕྱི་རབས་མོས་གུས་ཀྱི་རྟེན་དང་། བསྟན་པའི་བཙས་སུ་དགོངས་ཏེ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་དང་། སྦས་ཡུལ་སྒྲུབ་གནས་རྣམས་སུ་གུ་རུ་ཉིད་ཀྱིས་སྐུ་ཚབ་མཐོང་བས་འདྲེན་པ་དུ་མ་བཞེངས་ཏེ་གུ་རུ་ཉིད་ཀྱིས་རབ་གནས་མཛད། མ་འོང་དུས་ཀྱི་རྒུད་པ་དང་བསྟན་པའི་རྐྱེན་ཆག་བཟློག་པ་ལ་དགོངས་ནས་སྐུ་ཚབ་ཉི་ཤུ་རྩ་ལྔ་ལ་སོགས་བོད་ལ་གཏེར་དུ་སྦས། ཕྱིས་བོད་ཀྱི་གདུལ་བྱ་རྫོགས་ནས་རྔ་ཡབ་གླིང་དུ་སྲིན་པོ་འདུལ་བ་ལ་འབྱོན་པའི་ཚེ། ལྷ་ལྕམ་མན་དཱ་ར་བས། ཉིད་དང་མ་འཇལ་མ་འོང་སེམས་ཅན་རྣམས། །མ་རིག་མུན་པའི་སྒྲོན་མེ་གང་གིས་བྱེད། །དེ་བཞིན་སྦྱིན་པའི་བསོད་ནམས་གང་ལ་གསོག །ལུས་ཕུང་བདེ་བའི་མེ་ཏོག་གང་ལ་འབུལ། །འཇིག་རྟེན་དག་ན་བདེ་བ་སྦྱིན་པའི་མཆོག །འཁོར་བའི་སྡུག་བསྔལ་རྒྱ་མཚོ་གང་གིས་སྐེམས། །བདེ་སྟོང་བླ་མེད་བརྒྱུད་པ་སུ་ཡིས་འཛིན། །པད་སྡོང་ལས་འཁྲུངས་དཀར་ལ་དམར་མདངས་ཅན། །བཟང་པོའི་མཚན་གྱི་སྐུ་ལ་བརྒྱན་པས་གསུངས། །ཞེས་དོན་ཚན་ལྔའི་དྲི་བ་ཞུས་པའི་ཚེ། གུ་རུའི་ཞལ་ནས། ཉོན་ཅིག་ལྷ་མོའི་གཟུགས་ཅན་ཡིད་འོང་མ། །ང་དང་མ་འཕྲད་མ་འོང་སེམས་ཅན་རྣམས། །མ་རིག་མུན་པའི་སྒྲོན་མེ་སྐུ་འདྲས་བྱེད། །པད་འབྱུང་སྐུ་ཚབ་མཆོད་པའི་རྟེན་བཞེངས་པ། །འདི་ཕྱི་དོན་ལྡན་བསྟན་པའི་རྒྱལ་མཚན་འཛུགས། །དེ་ལ་འདུད་ཅིང་མོས་གུས་སུས་བྱེད་པ། །འདོད་པ་ཀུན་ཚོགས་རིན་ཆེན་ཕུང་པོ་འདྲ། །འཕེལ་འགྲིབ་མེད་པ་འགྱུར་མེད་བདེ་བའི་ཞིང་། །སྙིང་པོ་རྒྱུན་དུ་བཟླ་བ་གང་བྱེད་པ། །མི་རྣམས་སྨོན་ལམ་ཇི་ལྟར་བཏབ་པ་བཞིན། །ལེགས་པ་ཀུན་འབྱུང་ཨེ་མ་ངོ་མཚར་ཆེ། །ཞེས་དྲི་བ་དང་པོའི་དོན་གུ་རུ་ཉིད་བོད་དུ་མི་བཞུགས་པའི་ཚེ་མ་རིག་མུན་པའི་སྒྲོན་མེ་སྐུ་འདྲས་བྱེད་པར་གསུང་ཤིང་། དེའི་ཕྱིར་གུ་རུ་ཉིད་ཀྱི་སྐུ་ཚབ་གསར་དུ་བཞེངས་ན་སྐུ་གསུམ་ཐོབ་པའི་དོན་དང་ལྡན་ཞིང་བསྟན་པའི་རྒྱལ་མཚན་འཛུགས་པ་དང་། གུ་རུའི་སྐུ་ཚབ་དེ་ལ་ཡིད་གུས་པའི་སྒོ་ནས་མོས་གུས་བྱེད། ངག་གུས་པས་སྙིང་པོ་བཛྲ་གུ་རུ་འཛབ་དབྱངས་ཀྱི་གསོལ་བ་འདེབས་པ་དང་། ལུས་གུས་པས་ཕྱག་དང་བསྐོར་བ་ལ་སོགས་བྱས་ན། རང་གི་ཡིད་ལ་གང་འདོད་པའི་སྨོན་ལམ་ཐམས་ཅད་འགྲུབ་པར་ཞལ་གྱིས་བཞེས་ཤིང་། དྲི་བ་གཉིས་པའི་ལན་དུ། འབྱུང་བའི་བཅུད་ལས་བསམ་འཕེལ་ནོར་འབྱུང་བཞིན། །ཇི་ལྟར་ཚོགས་པ་བཤམས་པའི་འདོད་ཡོན་ལྔ། །བྱི་དོར་ལྡན་པའི་བཀྲ་ཤིས་འཕེལ་བར་འགྱུར། །ཞེས་སོགས་ཀྱིས་སྦྱིན་པའི་བསོད་ནམས་གསོགས་པའི་ཞིང་བླ་ན་མེད་པ་ཡང་གུ་རུའི་སྐུ་ཚབ་ཉིད་ཡིན་པར་བསྟན་ཏེ། རིམ་པ་བཞིན་སྨན་ལྔ་ཕུལ་ན་འདུ་བའི་ནད་ལས་གྲོལ། ན་བཟའ་ཕུལ་ན་ཡེ་ཤེས་ཀྱི་སྤྱན་དང་ལྡན། གདན་ཕུལ་ན་རེག་འཇམ་མཛེས་པའི་གདན་ཐོབ། མར་མེ་ཕུལ་ན་བློ་དང་རིག་པ་གསལ། རིན་པོ་ཆེའི་རིགས་ཕུལ་ན་དབུལ་ཕོངས་བྲལ། སྤོས་ལྔ་ཕུལ་ན་ཀུན་གྱི་ཡིད་དུ་འོང་། སྙིང་པོ་ལྔ་ཕུལ་ན་བདེ་བའི་མཆོག་ཐོབ། དྲི་བཟང་ཕུལ་ན་གནས་གཙང་དྲི་མ་མེད་པ་ཐོབ། འབྲུ་བཅུད་ཕུལ་ན་བདུད་རྩིའི་རྒྱ་མཚོ་ལ་སྤྱོད། མེ་ཏོག་ཕུལ་ན་ཉོན་མོངས་ལྔ་ཞི་ཞིང་སྒྲིབ་པ་བྱང་། དཀར་གསུམ་ཕུལ་ན་བདུད་རྩིའི་འདོད་འཇོའི་བ་ལ་ལོངས་སྤྱོད། མངར་གསུམ་ཕུལ་ན་བདུད་རྩི་ཁ་ཟས་ཞིམ་དགུ་ཐོབ། །སྤྱན་གཟིགས་ཕུལ་ན་བསོད་ནམས་དང་ལོངས་སྤྱོད་འཕེལ། འབྲུ་ལྔ་ཕུལ་ན་མ་རྨོས་པའི་ལོ་ཏོག་ལ་ལོངས་སྤྱོད། འཕན་གདུག་ཕུལ་ན་ཆོས་ཀྱི་བཤད་པ་བླ་ན་མེད་པ་ཐོབ། དར་དཔྱངས་ཕུལ་ན་ལྷ་ཡི་ན་བཟའ་ཐོབ། སིལ་སྙན་ཕུལ་ན་དབྱངས་སྙན་ཞིང་ངག་བདེ། རོལ་མོ་ཕུལ་ན་སྟོབས་ཆེ་ཞིང་གཟུགས་བཟང་། གསེར་དངུལ་གཡུ་ལྕགས་དུང་ཟངས་སྣག་ཚ་རྣམས་ཕུལ་ན་རྒྱལ་སྲིད་བདུན་ཐོབ་ཅིང་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་མཐོང་། སྤྱན་ལ་སྤྱན་དབྱེ་བྱས་ན་ཡེ་ཤེས་ཀྱི་སྤྱན་དང་ལྡན། སྙན་ལ་སྙན་ཤལ་དར་དཔྱངས་ཕུལ་ན་ལྷའི་སྙན་དང་ལྡན། ཤང་ལ་དྲི་ཞིམ་མཆོད་ན་དྲི་བསུང་ངད་ལྡན་གྱི་གནས་ཐོབ། ཚེམས་ལ་དཀར་མདངས་བཏོན་ན་དུག་གསུམ་རྩད་ནས་གཅོད། ལྗགས་ལ་རོ་མཆོག་ཕུལ་ན་འགྲོ་ཀུན་འཁོར་བ་ལས་སྒྲོལ་བའི་ཆོས་འཆད་པའི་ལྗགས་དང་ལྡན། སྐུ་ཚབ་བཞུགས་ཁང་གི་གཞལ་ཡས་ཁང་ཕུལ་ན་ལྷའི་ཕོ་བྲང་ནང་དུ་སྐྱེ། སྐུ་ཚབ་བཞུགས་ཁང་བཞེངས་པའི་ལས་དཔོན་བྱས་ན་ཆོས་ཀྱི་འཁོར་ལོས་བསྒྱུར་བ་ཐོབ། སྐུ་འདྲའི་བཟོ་གནས་བྱས་ན་འདི་ཕྱི་ཀུན་ཏུ་རིག་པའི་གནས་ལྔ་ལ་མཁས། སྐུ་ཚབ་རྒྱུའི་འདམ་རྫབ་སྦྱར་ན་བསོད་ནམས་གོང་ནས་གོང་དུ་འཕེལ། སྐུ་འདྲ་ལ་རྡུལ་ཕྱིས་བྱས་ན་གཟུགས་བཟང་བ་དང་། ཆོས་གོས་ལེགས་པ་དང་ཁ་དོག་མཛེས་པ་ཐོབ། སྐུ་ཁྲུས་གསོལ་ན་དྲི་མ་མེད་ཅིང་ཡིད་དུ་འོང་བའི་ཁ་དོག་དང་ལྡན། སྐུ་ཚབ་ཀྱི་མཆོད་གཡོག་བྱས་ན་རྫུ་འཕྲུལ་གྱི་རྐང་པ་དང་ལྡན། ཕྱག་དང་བསྐོར་བ་བྱས་ན་འཁོར་བའི་སྡུག་བསྔལ་ཐམས་ཅད་ཞི་ནས་མྱ་ངན་འདས་པའི་བདེ་བ་ཐོབ། བསྐྱེད་རྫོགས་དང་ལྡན་པས་རབ་གནས་བྱས་ན་ཡུལ་དེར་དམག་འཁྲུགས་དང་མུ་གེ་ནད་ཡམས་ལ་སོགས་པ་ཞི། སྐུ་ཚབ་ལ་རྟེན་བཤད་བྱས་ན་སེམས་བསྐྱེད་དང་ཏིང་ངེ་འཛིན་ལ་གནས། གཞན་ལ་ཕྱག་མཆོད་དང་བསྐོར་བ་སོགས་བྱེདཔར་བསྐུལ་མ་བཏབ་ན་འབྲེལ་ཚད་དོན་དང་ལྡན་ཞིང་འགྲོ་བ་མང་པོའི་ལས་སྒྲིབ་དག་པར་གསུངས། གཞན་ཡང་ཇི་ལྟར་སྨོན་པའི་དོན་འབྲས་ཐམས་ཅད་གུ་རུའི་སྣང་བརྙན་ལ་གསོལ་བ་བཏབ་པ་ལས་འབྱུང་སྟེ། སྐྱེ་རྒུའི་ཚེ་འཕེལ་པད་འབྱུང་སྐུ་འདྲ་ནི། །ང་ཡི་ཐུགས་ལས་ཡེ་ཤེས་འོད་འཕྲོས་ནས། །མ་འོང་མོས་པའི་རྟེན་དུ་གཏད་པ་ཡིན། །འདོད་དགུ་འབྱུང་བའི་ཡིད་བཞིན་ནོར་བུ་འདྲ། །ཞེས་དང་། གཞན་ཡང་རྨང་པོ་བུ་མེད་པ་དག་བུ་འདོད་ན་ལུས་སེམས་དཔང་དུ་བཙུག་པའི་དད་པ་དང་དག་སྣང་རྩེ་གཅིག་པའི་སྒོ་ནས་བསྐོར་བ་བྱས་ན་ཆུང་སྲི་ཐེའུ་རང་ལ་སོགས་དཔག་ཚད་དང་རྒྱང་གྲགས་སུ་འབྲོས་ཤིང་ཡིད་དུ་འོང་བའི་བུ་སྐྱེ་བར་གསུངས་ཤིང་། རྨང་པོ་བུད་མེད་ང་ལ་གསོལ་བ་ཐོབ། །ལུས་སེམས་དཔང་བཙུག་རྐང་པས་བསྐོར་བ་བགྱིས། །ལོག་འདྲེན་བར་ཆད་དཔག་ཚད་རྒྱང་གྲགས་བྲོས། །ཡིད་འོང་ཉམས་དགའི་དངོས་པོ་པང་དུ་སྐྱེས། ཞེས་དང་དབུལ་པོ་ནོར་མེད་པ་ལོངས་སྤྱོད་དང་བཟའ་བཏུང་ཐོབ་པར་འདོད་ན་ཡང་། ཨོ་རྒྱན་སྐུ་ཚབ་ལ་ཕྱག་མཆོད་བསྐོར་བ་སོགས་བྱས་ནས་གསོལ་བ་བཏབ་པས། གུ་རུའི་སྐུ་ལས་འོད་ཟེར་སྣ་ཚོགས་སྤྲོས་ཏེ་འཇིག་རྟེན་ཁམས་ཀྱི་བཟའ་བཏུང་དང་ལོངས་སྤྱོད་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་བདག་ལ་སྩལ་བར་བསྒོམ་ན་འཇིག་རྟེན་ཟང་ཟིང་གི་འབྱོར་པ་ཐོབ་སྟེ། དབུལ་པོ་ནོར་མེད་ང་ལ་གསོལ་བ་ཐོབ། །གསང་སྔགས་གསུངས་རབ་པད་འབྱུང་བཀོད་པ་ལས། །རོ་འབྱུང་བཅུད་བསྡུས་དོན་ལ་ཐིམ་པར་བསྒོམ། །འཇིག་རྟེན་ཟང་ཟིང་ནོར་གྱིས་ལག་མི་ཐོག །ཅེས་དང་། གཞན་ཡང་འཕྲལ་གྱི་འདོད་པའི་དོན་གང་དང་གང་ཡིན་ཡང་པད་འབྱུང་གི་སྐུ་ཚབ་ལ་མཆོད་པ་ཕུལ་ནས་གསོལ་བ་བཏབ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབ་པ་ལྟར་དགོས་འདོད་ལྷུན་གྲུབ་ཏུ་འབྱུང་བས་ན། བྱེས་སུ་འགྲོ་བའི་ལམ་ལྷ། གཞི་ལ་སྡོད་པའི་སྲུང་མ། ནད་གདོན་གྱིས་ཉེན་པའི་རིམ་གྲོ་སོགས་གང་དང་གང་ལ་ཡང་གུ་རུའི་སྐུ་ཚབ་ཀྱི་དྲུང་དུ་གསོལ་བ་བཏབ་པ་ལས་ལྷག་པ་མེད་དེ། དོན་དང་མི་ལྡན་པ་ལ་གསོལ་བ་ཐོབ། །རིག་པའི་སེམས་ལ་འཁོར་བའི་སྐྱོན་མེད་དེ། །ནོར་བུ་རིན་ཆེན་རང་ལ་ཡོད་མོད་ཀྱང་། །བཀུར་སྟི་རིམ་གྲོ་མཆོད་པ་མ་བྱས་ན། །འདོད་པའི་ཡོན་ཏན་གང་ཡང་འཕེལ་མི་འགྱུར། །སྨོན་ལམ་གང་བཏབ་དེ་ཡིས་དེ་ཐོབ་བྱེད། །གསོལ་བཏབ་པད་འབྱུང་ང་ལ་དགོས་འདོད་འབྱུང་། །ཞེས་སོ། །ཡང་རྨོངས་པ་གང་དག་དེ་ལྟ་བུའི་ཡོན་ཏན་འབྱུང་བ་ནི་སྔོན་གུ་རུ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་སྐུ་ཚབ་རིན་པོ་ཆེ་མཚོ་སྐྱེས་རྡོ་རྗེ་ལ་སོགས་པ་ཡིན་གྱི་གུ་རུའི་སྣང་བརྙན་ཡིན་ནོ་ཅོག་ལ་མ་ཡིན་ནོ་སྙམ་ན། དེ་ནི་མ་ཡིན་ཏེ་གུ་རུའི་ཐུགས་རྗེ་ལ་ཉེ་རིང་མེད་ཅིང་སྐུ་བརྙན་ལ་ཁྱད་པར་མེད་པ་དང་། གུ་རུ་ཉིད་ཀྱི་སྐུ་ཚབ་ཡིན་ནོ་ཅོག་ལ་གུ་རུའི་རབ་གནས་མ་བྱས་པ་ཡང་ཡོད་མི་སྲིད་དེ། རྒྱལ་པོ་བཀའ་ཐང་ལས། བྱང་ཆུབ་སེམས་དཔའི་སྐུ་གདུང་ལུང་བསྟན་པའི་སྐབས་སུ། རབ་གནས་ལྷོ་ནུབ་སྲིན་ཡུལ་ནས། །ཨོ་རྒྱན་པདྨ་ང་ཡིས་བྱེད། །ཅེས་གསུངས་པ་ལྟར། གུ་རུ་ཉིད་ཀྱི་ཐུགས་རྗེས་སྤྱིར་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཀུན་ལ་གཟིགས་ཀྱང་ཡང་སྒོས་བོད་ཡུལ་གྱི་འགྲོ་བ་ཀུན་ལ་སྨོན་ལམ་གྱི་དབང་གིས་ཐུགས་རྗེས་ལྷག་པར་དུ་གཟིགས་ཤིང་སྐུ་གསུང་ཐུགས་ཀྱི་རྟེན་རྙིང་པ་དང་གསར་དུ་བྱས་ན་ཐམས་ཅད་འཕྲལ་ལ་བྱིན་གྱིས་བརླབས་ཏེ་གུ་རུ་ཉིད་དང་ཁྱད་པར་མེད་པར་མཛད་པ་ཤ་སྟག་ཡིན་པས་ན་ཕྱག་དང་མཆོད་པ་ལ་སོགས་གང་བྱས་ཀྱང་ཕན་ཡོན་གོང་ལྟར་འབྱུང་ཞིང་ཁྱད་པར་གུ་རུ་ཉིད་ཀྱིས་རྗེས་སུ་འཇུག་པ་དག་གིས་ནི་གུ་རུའི་སྐུ་བརྙན་གྱི་དྲུང་དུ་ཡར་ངོ་ཚེས་བཅུའི་དུས་མཆོད་བཟུང་ནས་གསོལ་བ་འདེབས་པ་ནི། ངེས་པར་གལ་ཆེ་ཞིང་ཕན་ཡོད་ཀྱང་ཚད་ལས་འདས་པ་དང་ལྡན་པར་མ་ཟད། ཡར་ངོ་དང་མར་ངོའི་ཚེས་བཅུ་ལ་ཚོགས་ཀྱི་འཁོར་ལོ་བྱེད་པ་དང་། དཔའ་བོ་དང་དཔའ་མོའི་དགའ་སྟོན་ལ་སོགས་པ་བྱེད་པ་ནི་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་ནས་བཤད་དེ། བདེ་མཆོག་རྩ་རྒྱུད་ལས། མར་གྱི་ངོ་ཡི་ཚེས་བཅུ་དང་། །ཟླ་བ་ཡར་ངོའི་ཚེས་བཅུ་ལ། །མྱུར་དུ་འབད་པས་མཆོད་བྱ་སྟེ། །ཞེས་དང་། རྣལ་འབྱོར་ཀུན་སྤྱོད་ལས། དགུན་འབྲིང་ལ་སོགས་ཟླ་བ་ཡི། །བཅུ་པ་ལ་ནི་རབ་ཏུ་མཆོད། །ཅེས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ཀྱང་། ཚེས་བཅུ་ཡར་ངོ་མར་ངོའི་ཉིན་དང་མཚན། །བསྙེན་བསྒྲུབ་ཚོགས་མཆོད་བསྐང་བཤགས་འབད་པར་བྱ། །ཞེས་གསུངས་པ་ལྟར། ཡར་ངོའི་ཚེས་བཅུའི་ཉིན་མོ་དང་། མར་ངོའི་ཚེས་བཅུའི་མཚན་མོའི་ཁྱད་པར་གྱི་དངོས་གྲུབ་མྱུར་བས་དུས་ཆེན་ཡིན་ཞིང་ལྷག་པར་ཨོ་རྒྱན་སངས་རྒྱས་གཉིས་པ་ཉིད་ཀྱིས་མཛད་པ་རྒྱ་ཆེན་པོ་ཐམས་ཅད་ཡར་ངོའི་ཚེས་བཅུ་ཁོ་ན་ལ་མཛད་པ་ཤས་ཆེ་བས་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་ཐམས་ཅད་ཀྱང་ཨོ་རྒྱན་ཉིད་ཀྱི་མཛད་པ་ཕྲིན་ལས་ཀྱི་དུས་ཆེན་ཁོ་ན་ཡིན་ཏེ། སྤྲེལ་གྱི་ཟླ་བའི་ཚེས་བཅུ་ལ་ངྷ་ན་ཀོ་ཤར་པདྨའི་སྦུབ་ལས་སྐུ་འཁྲུངས་བའི་དུས་ཆེན་ཡིན་པར་གཏེར་གཞུང་ཚད་ལྡན་དུ་མ་ནས་བཤད་ཅིང་། དེ་ཡང་བོད་འདིར་རྩིས་གཞུང་འགྱུར་མགོ་མི་འདྲ་བའི་དབང་གིས་སྤྲེལ་ཟླའི་ངོས་འཛིན་མི་འདྲ་བ་གསུམ་དུ་འབྱུང་ཞིང་དེའི་དབང་གིས་རྗེས་འཇུག་རྣམས་ཚེས་བཅུ་ཆེན་མོ་བྱེད་པའི་དུས་ཚིག་མི་འདྲ་བ་དུ་མ་བྱུང་ཡང་འདིར་ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱིས་རྡོ་རྗེའི་གསུང་དུ་འཁྲུལ་བ་མེད་པ་བླ་མ་དགོངས་པ་འདུས་པའི་ཚེས་ཁང་རེའུ་མིག་ལ་ཧོར་ཟླ་བཅུ་གཉིས་པ་རྒྱལ་གྱི་ཟླ་བ་ཉིད་སྟག་ཟླར་བྱས་ནས་བགྲང་བའི་རྗེས་སུ་འབྲང་སྟེ་མཁས་གྲུབ་ཀརྨ་ཆགས་མེད་ལ་སོགས་དམ་པ་དུ་མ་ཞིག་གིས་རྩིས་གཞུང་བཀོད་ཅིང་། ཁྱད་པར་ཚེས་བཅུའི་དུས་ཚིགས། གནད་བྱང་ཐུགས་ཀྱི་སྒྲོམ་བུ་ལས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ། །པདྨ་ང་དང་དངོས་སུ་མཇལ། །ཞེས་རྡོ་རྗེའི་ལུང་གིས་བསྔགས་པའི་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་ཉིད་ཀྱིས། ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ། །ངྷ་ན་ཀོ་ཤར་པདྨའི་སྦུབས་ལས་བྱོན། །ཞེས་ཐག་ཆོད་པར་གསུངས་པ་ཉིད་ཀྱི་རྗེས་སུ་འབྲང་ན་ཧོར་ཟླ་བཅུ་གཉིས་པ་སྟག་གི་ཟླ་བ་ལ་ཨོ་རྒྱན་གྱི་རྒྱལ་བོ་ཨིན་དྲ་བྷོ་དྷིས་སྤྱན་དྲངས། རྒྱལ་སར་མངའ་གསོལ། ཟླ་བ་དང་པོ་ཡོས་ལ་རྒྱལ་སྲིད་སྤངས་ནས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད། གཉིས་པ་འབྲུག་ཟླར་སློབ་དཔོན་པྲ་བྷ་ཧ་སྟི་ལས་རབ་ཏུ་བྱུང་། གསུམ་པ་སྦྲུལ་ལ་ཟ་ཧོར་རྒྱལ་པོས་གསོན་བསྲེག་མཛད་ཚེ་མེ་ཉིད་ཆུར་བསྒྱུར་བའི་རྫུ་འཕྲུལ་བསྟན། བཞི་བ་རྟ་ལ་ཨོ་རྒྱན་རྒྱལ་པོས་གུ་རུ་ཡབ་ཡུམ་གཉིས་ཙནྡན་གྱི་མེར་བསྲེགས་ཀྱང་མ་ཚིག་པར་དད་པའི་གནས་ལ་བཀོད། ལྔ་པ་ལུག་ལ་ལྷོ་ཕྱོགས་ཀྱི་རྒྱལ་ཁམས་སུ་བསྟན་ལ་འཚེ་བའི་མུ་སྟེགས་པ་རྣམས་ཐོག་གིས་བསྒྲལ། དྲུག་པ་སྤྲེལ་ལ་སིནྔྷིའི་རྒྱ་མཚོར་སྐུ་འཁྲུངས། བདུན་པ་བྱ་ལ་མཐའ་འཁོབ་ཀྱི་རྒྱལ་པོས་ཟངས་ཁ་སྦྱོར་དུ་བཅུག་ནས་ཆུ་ལ་བཀུར་ཀྱང་རྫུ་འཕྲུལ་གྱིས་ནམ་མཁར་བྱོན། བརྒྱད་པ་ཁྱི་ལ་མུ་སྟེགས་ངན་པས་ཟས་དུག་ཅན་དྲངས་ཀྱང་ཅུང་ཟད་ཀྱང་མ་གནོད་པར་གཟི་མདངས་ལྷག་པར་རྒྱས་པའི་ཚུལ་བསྟན། དགུ་པ་ཕག་ལ་བལ་ཡུལ་ཡང་ལེ་ཤོད་དུ་ཕེབས་ཏེ་དཔལ་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་ནས་བལ་ཡུལ་དང་བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། བཅུ་པ་བྱི་བར་བོད་ཡུལ་དུ་ཕེབས་ནས་ཧས་པོ་རིའི་རྩེར་ལྷ་སྲིན་དམ་ལ་བཞག་སྟེ་བསམ་ཡས་ཀྱི་ས་བཏུལ། བཅུ་གཅིག་པ་གླང་གི་ཟླ་བའི་ཚེས་བཅུར་ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་པར་དགོངས་ནས་བསམ་ཡས་མཆིམ་ཕུར་ཡོན་མཆོད་བཀའ་བགྲོས་མཛད་དེ་གཏེར་ཁ་སྦས་པའི་སྟ་གོན་དུ་ལྷ་འདྲེ་དབང་དུ་བསྡུས་ཏེ་གཏེར་གྱི་གཉེར་བྱང་གཏད་པའི་དུས་ཆེན་ཡིན་ཞིང་། གུ་རུ་ཉིད་ཀྱི་ཞལ་ནས། དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང་། །དུས་ཀྱི་ཚེས་བཅུ་ཐམས་ཅད་ལ། །སྤྲུལ་པ་འཛམ་གླིང་ཁྱད་པར་འགྱེད། །མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར། །མི་ཚེ་བླ་མའི་སྒྲུབ་པ་ལ། །བསྐྱལ་ན་ཚེ་ཡི་དུས་བྱས་ཚེ། །ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ། །ཞེས་དང་། པདྨ་བཀའ་ཐང་ལས། ཚེས་བཅུ་བྱུང་རེས་ང་ཉིད་བོད་དུ་འོང་། །རླུང་ཁྱེར་རྫས་བཞིན་ཅི་ཡོད་ཚོགས་སུ་ཕུལ། །ཞེས་དང་། གསོལ་འདེབས་བསམ་པ་ལྷུན་གྲུབ་ལས། ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན། །ཡར་ངོའི་ཚེས་བཅུའི་དུས་སུ་དངོས་སུ་བྱོན། །ཞེས་སོགས་གསུངས་པ་བཞིན་ཡར་ངོའི་ཚེས་བཅུ་ནམ་ཤར་དུ་གུ་རུ་ཉིད་སྐུ་དངོས་ཀྱི་བོད་ཡུལ་དུ་བྱོན་ནས་དད་པ་ཅན་ལ་བྱིན་གྱིས་བརློབས་པར་ཞལ་གྱིས་བཞེས་པ་ཡིན་ཞིང་ཁྱད་པར་བྱིན་བརླབས་བླ་མའི་སྒྲུབ་པ་གང་བྱེད་ཀྱི་རྣམ་གཡེང་མེད་པའི་བསྐྱེད་རིམ་གསལ་བའི་དུས་དང་། སེར་སྣ་སྤངས་ཏེ་མཆོད་གཏོར་བཤམས་པའི་དུས་ཉིད་གུ་རུ་ཉིད་དེའི་དྲུང་དུ་ཐེ་ཚོམ་མེད་པར་བྱོན་ཏེ། གསང་འདུས་ཞལ་གདམས་ལས། སྒྲུབས་ཐབས་གང་ཡིན་བསྐྱེད་རིམ་ནི། །གསལ་བར་བསྒོམ་པའི་དུས་ན་ཡང་། །ང་ཉིད་དེ་ཡི་དྲུང་ན་གནས། །མཎྜལ་མཆོད་པ་གཏོར་མ་ཡི། །བཅའ་གཞི་བཤམས་པའི་དུས་ན་ཡང་། །ང་ཉིད་ཐེ་ཚོམ་མེད་པར་བྱོན། །ཞེས་དང་། ཤ་མེད་འོད་ཀྱི་གཟུགས་ཅན་ནི། །པདྨ་འབྱུང་གནས་སྐུ་རུ་བསྒོམ། །དེ་དུས་ཆེ་བའི་ང་རྒྱལ་བསྐྱེད། །སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ། །བྲག་ཁ་དག་གནས་ཆུ་འབབ་བཞིན། །དྲག་པོ་བར་མཚམས་མེད་པར་བགྲངས། །ང་ཉིད་རང་དབང་མེད་པར་བྱོན། །ཨོ་རྒྱན་པདྨ་ང་ཉིད་ལ། །མོས་གུས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་དྲག་ཏུ་བཏབ་པའི་ཚེ། །ང་ཉིད་དེ་ཡི་དྲུང་དུ་འོང་། །ཞེས་སོ། །དེས་ན་ཚེས་བཅུ་འདི་དག་གི་སྐབས་སུ་གུ་རུ་ཉིད་ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས་བོད་ཡུལ་དུ་བྱོན་པ་དང་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱང་འཛམ་བུའི་གླིང་ཁྱབ་པར་ཉུལ་ཞིང་ཚོགས་ཁང་དང་སྒྲུབ་གནས་གང་ཡོད་དུ་སྒྲུབ་པ་པོའི་རྒྱུད་ཚོད་ཉུལ་ཏེ་ཚུལ་བཞིན་སྤྱོད་པ་ལ་དངོས་གྲུབ་སྟེར། ཉེས་པ་སྤྱོད་པ་ལ་ཆད་པ་གཅོད་པ་ཡིན་པས་ཚེས་བཅུའི་དུས་མཆོད་ཀྱི་སྐབས་སུ་གུ་རུ་ཉིད་ལ་མོས་གུས་ཀྱི་གདུང་ཤུགས་བསྐྱེད་ཅིང་བསྐྱེད་རྫོགས་ཀྱི་དོན་ལས་མི་གཡེལ་བར་ཚུལ་བཞིན་དུ་སྤྱོད་པ་ལས། སྲེད་ཞེན་གྱི་དབང་གི་བཟའ་བཏུང་ལ་ལྷག་པར་སྤྱོད་པ་དང་། ཆང་བཟི་ཀུ་ཅོ་སོགས་བྱས་ན་ནི་དམ་ཚིག་གི་རྫས་བག་མེད་སྤྱད་པའི་རྩ་ལྟུང་དང་། ཚོགས་ཀྱི་འཁོར་ལོའི་དུས་ན་ལུས་ངག་རྩོད་པའི་ཡན་ལག་སྦོམ་པོའི་ལྟུང་བའི་ཉེས་པ་གཉིས་འབྱུང་ཞིང་སྒྲུབ་པ་པོ་ཇི་ཙམ་འདུས་པའི་གྲངས་ཀྱི་འཕེལ་དང་། དུས་ཆེན་གྱི་དབང་གིས་འབུམ་འགྱུར་དུ་འགྲོ་ལ། ཨོ་རྒྱན་གྱི་ཐུགས་ཁྲེལ་དང་མཁའ་འགྲོའི་བཀའ་ཆད་རིན་གྱིས་ཉོས་པ་ཡིན་པས་བག་མེད་དུ་ཉེས་པ་ཅི་ཆེ་མི་བྱེད་པ་ཚེས་བཅུའི་དུས་སུ་སྡིག་དང་མ་འདྲེས་པའི་མཆོད་པ་ཡོན་ཆབ་མར་མེ་སོགས་དངོས་གཙང་རྩལ་དུ་འདོན་ཞིང་གསང་སྔགས་ཀྱི་རྫས་ཤ་ཆང་སོགས་རྟེན་འབྲེལ་གྱི་རྫས་ཙམ་ཚོགས་ན་ཡང་བག་མེད་དུ་མི་སྤྱད་བཟའ་བཏུང་གི་རྣལ་འབྱོར་དང་ལྡན་པར་བྱ་ཞིང་ཁྱད་པར་སེམས་སྐད་ཅིག་ཀྱང་མ་ཡེངས་པར་གུ་རུ་ཉིད་ལ་དད་པའི་གདུང་ཤུགས་བསྐྱེད་པ་གལ་ཆེ་སྟེ། གསང་འདུས་ལས། ལེགས་ཉེས་སྐྱིད་སྡུག་མཐོ་དམན་དང་། །ཤི་གསོན་ཚེ་འདི་ཕྱི་མ་སོགས། །གནས་སྐབས་མཐར་ཐུག་ཐམས་ཅད་དུ། །སྐྱིད་སྡུག་རེ་ལྟོས་ཁྱོད་ཤེས་པས། །བདག་ལ་རེ་ས་གཞན་ན་མེད། །ཨོ་རྒྱན་མཁྱེན་ནོ་སྙམས་པ་ཡིས། །བློ་ནི་ཡང་ཡང་གཏད་པར་བྱ། །ཞེས་སོ། །དེ་ལྟ་བུའི་དད་བརྩོན་དང་ལྡན་པས་ཚེས་བཅུའི་དུས་མཆོད་ལན་གཅིག་བཟུང་ཡང་གང་འདོད་པའི་དོན་ཐམས་ཅད་འགྲུབ་པ་ཉིད་རིག་འཛིན་འཇིག་མེད་གླིང་པའི་ཞལ་ནས། དེ་ཕྱིར་བྱུང་ངོ་ཅོག་གི་ཚེས་བཅུ་རྣམས། །ཁྱོད་ཀྱི་མཛད་པ་ཕྲིན་ལས་དུས་ཆེན་དང་། །མ་དང་མཁའ་འགྲོ་འདུ་བའི་དུས་ཡིན་པས། །ནང་དུ་རྡོ་རྗེའི་ལུས་ལ་རྩ་ཐིག་རླུང་། །འདུ་བ་ངོ་མཚར་ཅན་གྱི་རྟེན་འབྲེལ་ལས། །རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་འབྱོར་ཞིང་། །ཆར་ཆུ་དུས་འབེབས་མི་ཕྱུག་ནད་ཡམས་ཞི། །དམག་འཁྲུགས་དབུལ་ཕོངས་སད་སེར་བཙའ་ཐན་སོགས། །འཇིག་རྟེན་དུས་ཀྱི་རྒུད་པ་ཇི་སྙེད་པ། །ཚེས་བཅུའི་དུས་མཆོད་བཟུང་ནས་གསོལ་འདེབས་ཀྱི། །བྱིན་རླབས་ཁོ་ནས་ཞི་བ་མངོན་སུམ་ཉིད། །ཅེས་གསུངས་སོ། །དེས་ན་ད་ལྟ་རང་རེ་སངས་རྒྱས་ཀྱི་བསྟན་པ་དར་བའི་ཡུལ་དུ་སྐྱེས། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་དང་འཇལ་དུ་ཡོད་པ་འདི་སྔོན་བསོད་ནམས་བསགས། ད་ལྟ་སྐལ་བ་བཟང་བ་ཡིན་པས་མཆོག་དམན་སེར་སྐྱ་བུད་མེད་སུ་དང་གང་ཡིན་ཡང་རང་རང་གི་ཉེ་སྐོར་ན་གནས་པའི་ལྷ་ཁང་དང་རྟེན་གསུམ་སྤྱིར་སྒེར་སུས་དབང་བ་ཡིན་ཡང་གུས་པ་དང་ཞེ་ས་བསྐྱེད། ཕྱག་དང་བསྐོར་བ་རང་འབྱོར་དང་བསྟུན་པའི་མཆོད་པ། དཀར་མེ། སྙན་ཤལ། སེར་སྣ་མེད་པའི་དངོས་རྫས་མེ་ཏོག་དང་ཡོན་ཆབ་སོགས་འབད་པས་ཕུལ་ན་འདི་ཕྱི་ཀུན་ཏུ་བསོད་ནམས་རྒྱུན་ཆད་མེད་པར་འབྱུང་ཞིང་། ཚེ་འདིར་བསམ་པའི་དོན་ཐམས་ཅད་འགྲུབ་པ་དང་། ཕྱི་མ་ལྷ་མིའི་ལུས་རྟེན་ཁྱད་པར་ཅན་ཐོབ་པར་འགྱུར་ལ་ཐ་ན་གཙུག་ལག་ཁང་གི་ཕྱི་ནང་དུ་རྡུལ་ཕྱག་ཙམ་བྱས་ན་ཡང་ཕན་ཡོན་ཚད་མེད། འདུལ་བ་ལུང་ལས། ཕྱག་དར་བྱས་པ་ལ་ཕན་ཡོན་ལྔ་ཐོབ་སྟེ། རང་གི་སེམས་དྭངས་པར་འགྱུར་བ་དང་། གཞན་གྱི་སེམས་མོས་པར་འགྱུར། ལྷ་རྣམས་ཡིད་དགའ་བར་འགྱུར། མཛེས་པར་འགྱུར་བའི་དགེ་བའི་རྩ་བ་སོགས་པར་འགྱུར་རོ། །ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །དེས་ན་ལྷ་ཁང་གཙུག་ལག་ཁང་རྣམས་ཀྱི་དཀོར་གཉེར་དང་ཉེ་སྐོར་ན་གནས་པ་དག་གིས་ཀྱང་འབད་པ་དྲག་པོའི་ཞེ་ས་དང་གུས་པ་བསྐྱེད་དེ་ལྷ་ཁང་ཕྱི་ནང་རྡུལ་ཕྱག་དང་ཕྱག་དང་བསྐོར་བ་འབད་ཅིང་ཆུ་དང་མེ་ཏོག་གི་མཆོད་པ་འབུལ་བ་ལ་བརྩོན་ན་ཕན་ཡོན་རྒྱ་ཆེན་པོ་ཐོབ་ཅིང་དེ་ལས་གཞན་དུ་ལྷ་ཁང་ལ་བརྙས་བཅོས་སོགས་བྱས་ན་མཚམས་མེད་པའི་སྡིག་པ་དང་འདྲ་བའི་ཉེས་པ་འབྱུང་། ཐ་ན་གཙུག་ལག་ཁང་གི་ཕྱགས་མས་རང་ཁྱིམ་ཕྱགས་ན་ཕྱགས་མ་ལྟ་བུའི་དམྱལ་བར་སྐྱེ་བ་དང་། རྩིག་པ་དང་ཀ་བ་ལ་སྣབས་སོགས་བགོས་ན་ཀ་བ་དང་རྩིགས་པ་ལྟ་བུའི་དམྱལ་བར་སྐྱེ་བར་འགྱུར་ཞེས་འདུལ་བ་ལུང་ལས་གསུང་ཞིང་། ཁྱད་པར་ལྷ་ཁང་གི་རྫས་དང་མཆོད་ཐེབས་རྟེན་བཞག་སོགས་ལོངས་སྤྱད་ན་ཉེས་པ་མཚམས་མེད་དང་འདྲ། དཀོན་མཆོག་གི་དཀོར་འཕྲོག་པས་བྱང་ཆུབ་སེམས་དཔའི་རྩ་ལྟུང་འབྱུང་། ཤི་མ་ཐག་ཏུ་ཁྲོ་ཆུ་ཁོལ་མ་འཐུང་བའི་དམྱལ་བར་སྐྱེ་ཞིང་དེ་ནས་ཀྱང་ཡི་དྭགས་ཀྱི་ལུས་སྟོང་ཕྲག་ལ་སོགས་པ་ལེན་པར་འགྱུར་བ་དང་། ཐ་ན་ལྷ་ཁང་དུ་སྔ་དྲོ་འབུལ་རྒྱུའི་མཆོད་རྫས་ཕྱི་དྲོ་འབུལ་བ་དང་། དབྱར་ཕུལ་ཞིག་ཟེར་བའི་མཆོད་རྫས་སྟོན་འབུལ་བ་དང་། ད་ལྟ་ཕུལ་ཞིག་ཟེར་བའི་མཆོད་རྫས་དུས་མཆོད་ལ་སོགས་པའི་བར་དུ་འཇོག་པའི་བསྔོས་བརྒྱུར་བྱས་ཚེ་ཕྱི་མ་ལ་རྐེད་པ་ཆད་པའི་ཆ་རྒྱུས་པ་ཕྲ་མོས་སྦྲེལ་ནས་སྡུག་བསྔལ་མྱོང་བའི་ཉི་ཚེ་བའི་དམྱལ་བར་སྐྱེ་བར་འདུལ་བ་ནས་གསུངས་པས་ཤིན་ཏུ་གཟབ་པར་བྱ་ཞིང་། ཇི་ལྟར་བཤད་པའི་ཕན་ཡོན་དང་ཉེས་པ་འབྱུང་ཚུལ་རྒྱལ་བའི་བཀའ་ནས་འབྱུང་བ་རྣམས་ལ་ཡིད་ཆེས་པར་བྱས་ཏེ། དཀོན་མཆོག་གི་རྟེན་གང་བཞུགས་པ་ལ་དད་པ་དག་སྣང་བསྐྱེད་དེ་ཕྱག་སྐོར་དང་མཆོད་པ་ལ་བརྩོན་པ་བསྐྱེད་ན་གནས་སྐབས་མཐར་ཐུག་ཀུན་ཏུ་ལེགས་ཚོགས་ཀྱི་དཔལ་ཡོན་གོང་ནས་གོང་འཕེལ་དུ་འགྱུར་བ་ཡིན་པས་སྙིང་ཐག་པ་ནས་འབད་པར་མཛོད་ཅིག་ཅེས། ཁོ་བོས་ཐལ་མོ་སྦྱར་ཏེ་མཆོག་དམན་ཀུན་ལ་གསོལ་བ་འདེབས་པ་ལགས་ན་དེ་དེ་བཞིན་དུ་མཛད་དུ་གསོལ་ལོ། །རྒྱལ་བ་སྲས་དང་བཅས་པའི་བདེན་སྟོབས་དང་། །མཆོག་གསུམ་བསླུ་བ་མེད་པའི་ཐུགས་རྗེ་དང་། །དྲིན་ཅན་རྩ་བརྒྱུད་བླ་མའི་ཐུགས་བསྐྱེད་མཐུས། །ཁོ་བོའི་བདེན་པའི་ཚིག་འདི་འགྲུབ་གྱུར་ཅིག །སྐྱབས་མཆོག་དཀོན་མཆོག་རིན་ཆེན་དབུ་འཕང་མཐོ། །བསྟན་འཛིན་དགེ་འདུན་འདུས་སྡེ་མཛད་སྤྱོད་ལེགས། །གཙུག་ལག་ཁང་རྣམས་བཤད་སྒྲུབས་མཆོད་ཚོགས་རྒྱས། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར་གྱུར་ཅིག །ཐ་མལ་སྐྱེ་བོ་ཀུན་གྱི་དཀོན་མཆོག་མཆོད། །མཆོག་གསུམ་ཐུགས་རྗེ་བྱིན་རླབས་འགྲོ་ལ་ཞུགས། །སྣོད་བཅུད་ཀུན་ཀྱང་ལེགས་ཚོགས་ཡོན་ཏན་རྒྱས། །འབད་མེད་རྫོགས་ལྡན་དཔལ་ལ་སྤྱོད་པར་ཤོག །བདག་ཀྱང་ཚེ་རབ་ཀུན་ཏུ་དཀོན་མཆོག་གསུམ། །བསླུ་མེད་སྐྱབས་གཅིག་ཁྱོད་དང་མི་འབྲལ་ཞིང་། །གཞན་ལའང་ལེགས་བྱས་ཚུལ་འདི་ལེགས་འདོམས་པའི། །བདེན་ཚིག་རྒྱལ་བ་བཞིན་དུ་འགྲུབ་གྱུར་ཅིག །ཅེས་ཨོ་རྒྱན་སངས་རྒྱས་གཉིས་པའི་སྐུ་བརྙན་གཙོ་བོར་གྱུར་བའི་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལ་གུས་པར་བྱེད་པའི་ཚུལ་བརྗོད་པ་ལེགས་ལམ་དམ་པའི་གསོས་སྨན་ཞེས་བྱ་བ་འདི་ཡ ང་མཐའ་ཡས་པའི་སེམས་ཅན་ལ་ཕན་འདོད་ཀྱི་བསམ་པ་དུང་དང་ཟླ་བ་ལྟར་དཀར་བ་དང་། ཁྱད་པར་སྔར་འདྲིས་ཀྱི་གྲོགས་པོ་སྒྲུབ་བརྩོན་དམ་པ་བླ་མ་ཚེ་དབང་བཟང་པོའི་ཚེས་བཅུའི་གཙུག་ལག་ཁང་གསར་དུ་བཞེངས་པའི་སྐབས་སུ་བདག་གིས་ཀྱང་རྗེས་སུ་ཡི་རང་བའི་སེམས་ཀྱིས་ཟང་ཟིང་ཞབས་ཏོག་བཅས་བཙུན་གཟུགས་དཔལ་དགེ་ཧྲལ་པོ་ལས་ངན་དུག་ལྔ་མེ་འབར་དུ་འབོད་པས་རང་གཤིས་ཉོན་མོངས་པའི་དུག་དང་མ་འདྲེས་པ་རྒྱལ་འཕགས་རི་ཁྲོད་ལྗོན་པའི་ཚལ་ཉམས་དགའ་བར་བྲིས་པ་དེ་ཁོ་ན་བཞིན་འགྲུབ་པར་གྱུར་ཅིག །དགེའོ།། །།