JKCL-KABUM-11-DA-098

From Khyentse Lineage - A Tsadra Foundation Project
Revision as of 11:06, 14 January 2022 by Mort (talk | contribs)

Wylie title JKCL-KABUM-11-DA-098.pdf
Location chos kyi blo gros bka' 'bum
Volume 11, Text 98, Pages (Folios 1a to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: . Bir, H.P.: Khyentse Labrang, 2012.
Genre

1 Texts in this Section (sde tshan or chos tshan)

[edit]
༄༅། །ལྷ་ཆེན་ཞེ་ད་ལ་བསང་མཆོད་ལྷ་ཡི་དར་ཆེན་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ། ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་ཉིད། །གཙུག་གི་རྒྱན་དུ་མཆོད་བྱས་ནས། །གཏེར་སྲུང་གཞི་བདག་ལྷ་ཆེན་ཀྱི། །དགྱེས་བྱེད་བསང་གི་མཆོད་པ་སྤེལ། དེ་ལ་ཡུལ་གྱི་དགེ་བཅུ་གཡང་དུ་འཁྱིལ་པའི་གྲེ་ཏྲེ་ཤོད་ལྷ་ཆེན་ཞེ་ད་ལ་བསང་མཆོད་བྱ་བར་འདོད་པས་ཚེས་བཟང་པོར་ཤིང་རྩི་སྣ་ཚོགས་ཀྱི་བསང་དང་། འབྲུ་སྣ། ཤེལ་ཚིག །ཕྱེ་མར་དང་། གཏོར་མ་དཀར་ཟླུམ་གཙོ་འཁོར་བརྒྱད་ལ་མཐེབ་རིལ་དང་། བཀྲ་ཤིས་རྫས་རྟགས། བྱ་རི་དྭགས་གཡུང་དྭགས་སོགས་སྤྱན་གཟིགས་སྣ་ཚོགས་སྤར་དུ་བཏབ་པ་དང་། འབྲང་རྒྱས་ཞལ་དཀར་དམར། རིན་ཆེན་སྦྱར་བའི་ཆང་སྐྱེམས། །དཀར་མངར་རྒྱ་ཇའི་སྐྱེམས་སོགས་བཤམས། སྔགས་པ་དམ་ལྡན་སྟན་བདེ་བར་འཁོད་དེ་ལྷ་ཡི་རྣལ་འབྱོར་སྔོན་དུ་འགྲོ་བས། རྔ་གླིང་རོལ་མོའི་སྒྲ་དང་བཅས། ཧཱུྃ། རང་ཉིད་ལྷ་ཡི་ཐུགས་ཀ་ནས། རྃ་ཡྃ་ཁྃ་ལས་མེ་རླུང་ཆུས། །བསང་གི་དངོས་འཛིན་དྲི་མ་སྦྱངས། །སྣོད་བཅུད་དག་པ་ལྷའི་གཞལ་ཡས། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ས་དང་བར་སྣང་ཀུན་ཁྱབ་ཅིང་། །དྭངས་ཤིང་ཐོགས་པ་མེད་པའི་སྤྲིན། །རྟག་ཁྱབ་ཆེན་པོར་སྣང་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། ནམ་མཁའ་མཛོད་སྔགས་རྒྱ་དང་བཅས་ལན་མང་དུ་བརྗོད་པས་སྤེལ། ཀྱཻ། མཐོ་བ་དགུང་གི་ཡང་རྩེ་ནས། །སྤྲིན་དཀར་ལང་ལོང་འཁྲིགས་པའི་དབུས། །རྩ་གསུམ་ཆོས་སྐྱོང་དགྲ་ལྷའི་ཚོགས། །ནམ་མཁའ་གང་བར་དགྱེས་བཞུགས་ནས། །བདུད་རྩི་བསང་གི་མཆོད་པ་བཞེས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བརྟན་གཡོའི་རྒུད་པ་ཐམས་ཅད་སོལ། །སྣོད་བཅུད་བཀྲ་ཤིས་བྱིན་ཆེན་ཕོབས། །སྐུ་ལས་བྱུང་བའི་བདུད་རྩིའི་ཁྲུས། །མ་དག་པ་རྣམས་ཐམས་ཅད་སྦྱངས། །མི་གཙང་དྲི་མ་ཀུན་སེལ་ནས། །ཤེལ་དཀར་བཞིན་དུ་དག་གྱུར་ཅིག །ཀྱཻ། ས་འཛིན་པདྨ་ལྟར་རྒྱས་ཤིང་། །ཕྱྭ་གཡང་འདོད་རྒུའི་སྤྲིན་ཆེན་འཁྲིགས། །དཔལ་དང་ལྡན་པའི་ས་འཛིན་སྤོར། །རི་རྒྱལ་ལྷུན་པོ་བརྗིད་རེ་ཆེ། །ཤེལ་གྱི་རྡུལ་དཀར་གྱིས་གཡོགས་ཤིང་། །སྤང་ལྗོངས་བྲག་རི་ཡིད་དུ་འོང་། །ནགས་ཚལ་ལྷུན་སྟུག་འཁྲིགས་པ་དང་། །རྩི་སྨན་མེ་ཏོག་སྣ་ཚོགས་བཀྲ། །འོ་མཚོ་དཀར་པོ་མདངས་རེ་གསལ། །གསེར་མཚོ་སེར་པོ་མེ་རེ་རེ། །དུག་མཚོ་ནག་པོ་ཁོལ་ཞིང་འཕྱུར། །དཔལ་གྱི་དེའུ་བཀོད་རེ་ལེགས། །རིན་ཆེན་ཆོས་ནོར་གཏེར་གྱིས་གཏམས། །གནས་མཆོག་དེ་ན་སུ་བཞུགས་ན། །རྟ་མཆོག་གངས་རི་དཀར་པོའི་སྟེང་། །རིན་ཆེན་སྒ་སྲབ་མཛེས་པ་ལ། །དཔའ་བོ་ལྷ་ཆེན་དུང་གི་མདོག །མི་ཕོ་དཀར་འཚེར་ཞལ་རས་ནི། །བཅོ་ལྔའི་ཟླ་བ་རྒྱས་པ་འདྲ། །དབུ་ལ་ཤེལ་རྨོག་སྐུ་ལ་ནི། །ཤེལ་ཁྲབ་གསོལ་ཞིང་གཡས་པས་ནི། །ནོར་བུའི་རྒྱལ་མཚན་ལྷུན་རེ་སྟུག །གཡོན་པས་དར་མདུང་དཀར་པོ་ལ། །བཀྲ་ཤིས་རྟགས་ཀྱི་རི་མོས་མཚན། །མཆན་ཁུང་གཡོན་དུ་ནེའུ་ལེ། །ནོར་བུ་སྐྱུག་པ་བསྣམས་ཞིང་བཙིར། །རལ་གྲི་མདའ་གཞུ་རྐེད་ལ་བསྐོར། །ཀི་བསྭོ་ཆ་སྒྲ་འབྲུག་ལྟར་སྒྲོགས། །ཕྱི་ལྟར་སྐྱེས་བུ་མཐུ་རྩལ་ཅན། །ནང་ལྟར་དཔའ་གཏུམ་ཁྲོ་རྔམ་གཟུགས། །གསང་བ་གཏེར་འཆང་དབང་པོའི་ཚུལ། །རྣམ་འགྱུར་སྣ་ཚོགས་ཅིར་ཡང་བཀྲ། །ཅི་འདོད་དངོས་གྲུབ་སྩོལ་བ་ལ། །བདག་ཅག་དྭངས་བའི་སེམས་ཀྱིས་འདུད། །དེ་སྲས་རྡོ་རྗེ་དཔའ་བོ་རྩལ། །དཀར་དམར་མདངས་ལྡན་རལ་གྲི་དང་། །མདུང་རྣོན་དགྲ་བོའི་སྙིང་ལ་གཟིར། །རྟ་དམར་རླུང་གི་གཤོག་ལྡན་ཆིབས། །ཁྲབ་རྨོག་འཁོར་གསུམ་བརྗིད་པས་སྤྲས། །གཡོན་དུ་ཡུམ་མཆོག་དཔལ་ལྷ་མོ། །མཛེས་སྡུག་ཕུལ་ཕྱིན་གོ་ཟུ་དང་། །རིན་ཆེན་རྒྱན་གྱིས་རྣམ་པར་མཛེས། །མདའ་དར་ནོར་བུའི་གཞོང་པ་འཛིན། །རྟ་མཆོག་ངང་དཀར་སྟེང་ན་ཆིབས། །དམག་དཔོན་ཆེན་པོ་དགྲ་འདུལ་རྩལ། །དམར་ནག་མེ་ཡི་ཕྲེང་བ་ཅན། །མེ་ཡི་སྒྱོགས་ཆེན་བསྣམས་ནས་ནི། །ཅང་ཤེས་བྲ་ནག་སྟེང་ན་འགྱིང་། །རྨོག་ལ་དར་དམར་ཐོད་ཆིངས་དང་། །ཟངས་ཁྲབ་གསོལ་ཞིང་འཁོར་གསུམ་འདོགས། །མཆེ་བ་གཙིགས་ཤིང་དགྲ་ལ་རྔམ། །བཀའ་ཡི་བློན་ཆེན་རྡོ་རྗེ་ཤུགས། །མི་ཕོ་སྔོ་ནག་ལྕགས་ཁྲབ་གསོལ། །དར་མདུང་དང་ནི་ཤེལ་གྲི་འཛིན། །རྟ་མཆོག་སྔོན་པོ་རྒྱན་ལྡན་ཆིབས། །ཀླུ་མོ་དུང་སྐྱོང་དཀར་མོ་ནི། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །ཕྱག་གཉིས་ནོར་བུའི་གཞོང་པ་བསྣམས། །འོ་མའི་མཚོ་ལ་རྟེན་བཅས་བཞུགས། །རྒྱས་བྱེད་ལྷ་མོ་དཔལ་ལྡན་ཕྲེང་། །ཕྱག་གཉིས་གླིང་བུ་སྙན་ཅིང་བསྒྱུར། །རིན་ཆེན་རྒྱན་གྱིས་རྣམ་པར་སྤྲས། །ནོར་བུའི་ཁྲི་ལ་ཕྱེད་སྐྱིལ་བཞུགས། །དུག་མཚོ་ཁོལ་མར་རྟེན་བཅས་པའི། །ཀླུ་བདུད་ཆེན་པོ་གནམ་སྔོན་མདོག །ཀེ་ཤའི་སྒྲ་སྒྲོགས་ཕྱག་གཉིས་ཀྱིས། །ནོར་བུ་དང་ནི་ལྕགས་པར་འཛིན། །བདུད་རྟ་ནག་པོའི་སྟེང་དུ་རོལ། །དུག་གི་ཁ་རླངས་འཚུབས་མ་འཁྱིལ། །མེ་ཡི་ཚྭ་ཚྭ་འཕྲོ་ཞིང་འབར། །གཞན་ཡང་ཕྱི་འཁོར་ལྷ་ཀླུ་བཙན། །མ་མོ་གནོད་སྦྱིན་རྨུ་ཐེའུ་རང་། །ས་བདག་ལ་སོགས་འཁོར་གྱིས་བསྐོར། ཀྱཻ། སྲིད་པའི་ལྷ་ཆེན་ད་ཚུར་བྱོན། །རང་རང་དགྱེས་པའི་གདན་ལ་བཞུགས། །ཞི་རྒྱས་དབང་དང་དྲག་པོ་ཡི། །མཆོད་པ་དམ་པ་འདི་བཞེས་ཤིག །བཟང་ཤིང་སྣ་ཚོགས་སྲེག་པའི་སྤོས། །དུ་བས་ས་འོག་ས་སྟེང་དང་། །ས་བླའི་དབྱིངས་སུ་ཁྱབ་པ་ལས། །འདོད་ཡོན་དྲུག་གི་སྤྲིན་འཕྲོ་ཞིང་། །དག་བྱེད་ལྷ་མོའི་བདུད་རྩི་འབེབས། །མི་གཙང་ཉམས་གྲིབ་བཀྲུས་པ་དང་། །མནོལ་བ་སངས་ལ་འཐིབས་པ་དྭངས། །དགྱེས་ཞལ་བཀྲག་གསལ་ངོམ་གྱུར་ཅིག །ཀྱཻ། འཆི་མེད་བདུད་རྩི་བསང་གི་རྫས། །ཕྱེ་མར་གངས་རི་ལྟར་སྤུངས་ཤིང་། །ཤེལ་ཚིག་རྒྱུ་སྐར་བཞིན་དུ་བཀྲ། །རོ་བརྒྱ་ལྡན་པའི་གཏོར་མ་དང་། །ཇ་ཆང་འོ་ཞོ་མཚོ་ལྟར་བསྐྱིལ། །སྟག་གཟིག་གོ་ཁྲབ་གོས་དར་དང་། །རིན་ཆེན་བདུན་དང་བཀྲ་ཤིས་རྫས། །གཏེར་ཆེན་བུམ་པ་བཟང་པོ་དང་། །དཔག་བསམ་ཤིང་དང་འདོད་འཇོའི་བ། །ཁྲུས་ཀྱི་རྫིང་བུ་སྐྱེད་ཚལ་སོགས། །རྟ་གླང་གནག་ལུག་མ་ཧེ་དང་། །བྱ་གཅན་རི་དྭགས་སྣ་ཚོགས་པ། །ཁྲབ་རྨོག་གོ་མཚོན་བསམ་མི་ཁྱབ། །ནས་འབྲས་གྲོ་སོགས་འབྲུ་སྣའི་རིགས། །རི་ལྟར་སྤུངས་ཤིང་མཆོད་རྫས་ནི། །སྲིད་པའི་ཁམས་ན་ཇི་སྙེད་པས། །རྩ་བ་གསུམ་གྱི་ལྷ་ཚོགས་དང་། །ལྷ་ཆེན་ཞེ་ད་མཆེད་བརྒྱད་མཆོད། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །ཐུགས་དང་འགལ་བ་ཐམས་ཅད་བཤགས། །དགྱེས་རབ་ཟླ་བ་ལྟར་གྱུར་ཅིང་། །བདག་ཅག་གར་འགྲོ་གར་གནས་ཀྱང་། །ཉིན་མཚན་ཀུན་ཏུ་མེལ་ཚེ་དང་། །གཞི་བྱེས་ཀུན་ཏུ་བཀྲ་ཤིས་ཤིང་། །ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །ཡིད་ལ་བསམ་རྒུ་ཐམས་ཅད་སྒྲུབས། །ཁ་འཛིན་རྒྱབ་བརྟེན་སྡོང་གྲོགས་མཛོད། །ས་བཅུད་རྩི་བཅུད་རབ་རྒྱས་ཤིང་། །ལོ་ཐོག་འབྲུ་འཕེལ་ནོར་རྣམས་འཕེལ། །ལྷ་མིའི་འདུ་བ་རྟག་ཏུ་འཚོགས། །མི་འཕེལ་བསོད་ནམས་བཀྲག་མདངས་དང་། །བཙན་ཕྱུག་འཕེན་དར་ཆེ་བར་མཛོད། །དེང་སང་དུས་ངན་སྤྱོད་པ་ལ། །ལྷ་ཆེན་ཁྱེད་རྣམས་ཐུགས་མ་ཁྲེལ། །སྔོན་ཚེ་པད་འབྱུང་སྤྱན་སྔ་རུ། །ཞལ་བཞེས་སེམས་བསྐྱེད་སྟོབས་ཆེ་བས། །ལྗོངས་འདིར་རྟག་ཏུ་བཞུགས་པར་མཛོད། །མི་མཐུན་གནོད་པའི་ཕྱོགས་རྣམས་དང་། །བཙའ་སད་སེར་བའི་གནོད་པ་ཞི། །དགྲ་ཇག་ཆོམ་རྐུན་ལ་སོགས་པ། །མི་སྲུན་གདུག་པའི་སེམས་ལྡན་དང་། །ཕས་རྒོལ་བན་བོན་བྱད་རྦོད་སོགས། །མི་ཁ་བྲ་མཆུ་ཐམས་ཅད་དང་། །ལྟས་ངན་ཆོ་འཕྲུལ་ངན་པ་བཟློག །འབྱུང་པོ་མ་རུངས་སེམས་ལྡན་པའི། །རྒྱ་འདྲེ་འགོང་པོ་དམ་སྲི་དང་། །ཤི་འདྲེ་དཀོར་བདག་འཁྱམས་པོ་སོགས། །ཕྱོགས་འདིར་རྒྱུ་བའི་འཕྲང་ཆོད་ཅིག །ལྷ་ཆེན་སྤྲུལ་པ་མཐའ་ཡས་པས། །འབར་རྔམ་ཆོ་འཕྲུལ་རོལ་མོ་ནི། །ཀུན་ཏུ་ཁྱབ་པར་འཁྲོལ་བ་ཡི། །ཤིན་ཏུ་བཀྲ་ཤིས་དགེ་ལེགས་མཛོད། །བརྟན་གཡོའི་དྭངས་མ་བཅུ་བཞི་རྣམས། །ཁབ་ལེན་རྡོ་ཡི་ལྕགས་ཕྱེ་བཞིན། །རང་དབང་མེད་པར་ཕྱོགས་འདིར་བསྡུས། །སྣོད་བཅུད་རྒུད་པ་ཐམས་ཅད་གསོས། །ཕྱྭ་དང་གཡང་གི་རྒྱ་མཚོར་བསྐྱིལ། །ཁུ་ཡེ་ཧུ་ལོ་གཡང་འབོད་དོ། །བཀྲ་ཤིས་དངོས་གྲུབ་རྒྱ་མཚོ་ནི། །འཛད་མེད་ཡུན་དུ་འཁྱིལ་བར་ཤོག །ཀི་བསྭ་ཆའོ་ལྷ་རྒྱལ་ལོ། །ཞེས་གཏོར་མ་སྐྱེམས་ཕུད་མཆོད། ཕྱེ་མར་རོལ། བསང་མཆོད་ཉེས་འགལ་ཐམས་ཅད་བཤགས། །གནས་སྐབས་རང་རང་གནས་སུ་གཤེགས། །སླད་ནས་འབྱོན་པར་མཛད་དུ་གསོལ། །མཆོད་སྦྱིན་བགྱིས་པའི་དགེ་བ་འདི། །བསྟན་དང་འགྲོ་ལ་རབ་ཏུ་བསྔོ། །མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །རྫོགས་ལྡན་དཔལ་གྱིས་བཀྲ་ཤིས་ཤོག །ཅེས་པའི་བསང་མཆོད་འདིའང་དབོན་མཛོད་ཚེ་དཔལ་ནས་རྟེན་བཅས་བསྐུལ་ངོར་སྔར་གྱི་བསང་གཞུང་རྙིང་པ་མ་མཐོང་ཡང་ཡིད་ལ་གང་ཤར་དུ་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་འཕེལ་རྒྱས་ཤོག །མངྒ་ལཾ། ཞལ་དྲོའོ། །སླད་ནས་ཀོང་སྤྲུལ་རིན་པོ་ཆེའི་མཛད་པ་ཞིག་མཐོང་བས་ཚིག་ཁ་ཤས་བསྣན་པའོ།། །།
[edit]

@#/__/lha chen zhe da la bsang mchod lha yi dar chen ces bya ba bzhugs so/__/ na mo gu ru/__o rgyan rdo rje thod phreng nyid/__/gtsug gi rgyan du mchod byas nas/__/gter srung gzhi bdag lha chen kyi/__/dgyes byed bsang gi mchod pa spel/__de la yul gyi dge bcu g.yang du 'khyil pa'i gre tre shod lha chen zhe da la bsang mchod bya bar 'dod pas tshes bzang por shing rtsi sna tshogs kyi bsang dang /__'bru sna/__shel tshig__/phye mar dang /__gtor ma dkar zlum gtso 'khor brgyad la mtheb ril dang /__bkra shis rdzas rtags/__bya ri dwags g.yung dwags sogs spyan gzigs sna tshogs spar du btab pa dang /__'brang rgyas zhal dkar dmar/__rin chen sbyar ba'i chang skyems/__/dkar mngar rgya ja'i skyems sogs bshams/__sngags pa dam ldan stan bde bar 'khod de lha yi rnal 'byor sngon du 'gro bas/__rnga gling rol mo'i sgra dang bcas/__hU~M/__rang nyid lha yi thugs ka nas/__ra~M ya~M kha~M las me rlung chus/__/bsang gi dngos 'dzin dri ma sbyangs/__/snod bcud dag pa lha'i gzhal yas/__/kun tu bzang po'i mchod pa'i sprin/__/sa dang bar snang kun khyab cing /__/dwangs shing thogs pa med pa'i sprin/__/rtag khyab chen por snang bar gyur/__oM AHhU~M/__lan gsum dang /__nam mkha' mdzod sngags rgya dang bcas lan mang du brjod pas spel/__kyai/__mtho ba dgung gi yang rtse nas/__/sprin dkar lang long 'khrigs pa'i dbus/__/rtsa gsum chos skyong dgra lha'i tshogs/__/nam mkha' gang bar dgyes bzhugs nas/__/bdud rtsi bsang gi mchod pa bzhes/__/mchog dang thun mong dngos grub stsol/__/brtan g.yo'i rgud pa thams cad sol/__/snod bcud bkra shis byin chen phobs/__/sku las byung ba'i bdud rtsi'i khrus/__/ma dag pa rnams thams cad sbyangs/__/mi gtsang dri ma kun sel nas/__/shel dkar bzhin du dag gyur cig__/kyai/__sa 'dzin pad+ma ltar rgyas shing /__/phywa g.yang 'dod rgu'i sprin chen 'khrigs/__/dpal dang ldan pa'i sa 'dzin spor/__/ri rgyal lhun po brjid re che/__/shel gyi rdul dkar gyis g.yogs shing /__/spang ljongs brag ri yid du 'ong /__/nags tshal lhun stug 'khrigs pa dang /__/rtsi sman me tog sna tshogs bkra/__/'o mtsho dkar po mdangs re gsal/__/gser mtsho ser po me re re/__/dug mtsho nag po khol zhing 'phyur/__/dpal gyi de'u bkod re legs/__/rin chen chos nor gter gyis gtams/__/gnas mchog de na su bzhugs na/__/rta mchog gangs ri dkar po'i steng /__/rin chen sga srab mdzes pa la/__/dpa' bo lha chen dung gi mdog__/mi pho dkar 'tsher zhal ras ni/__/bco lnga'i zla ba rgyas pa 'dra/__/dbu la shel rmog sku la ni/__/shel khrab gsol zhing g.yas pas ni/__/nor bu'i rgyal mtshan lhun re stug__/g.yon pas dar mdung dkar po la/__/bkra shis rtags kyi ri mos mtshan/__/mchan khung g.yon du ne'u le/__/nor bu skyug pa bsnams zhing btsir/__/ral gri mda' gzhu rked la bskor/__/ki bswo cha sgra 'brug ltar sgrogs/__/phyi ltar skyes bu mthu rtsal can/__/nang ltar dpa' gtum khro rngam gzugs/__/gsang ba gter 'chang dbang po'i tshul/__/rnam 'gyur sna tshogs cir yang bkra/__/ci 'dod dngos grub stsol ba la/__/bdag cag dwangs ba'i sems kyis 'dud/__/de sras rdo rje dpa' bo rtsal/__/dkar dmar mdangs ldan ral gri dang /__/mdung rnon dgra bo'i snying la gzir/__/rta dmar rlung gi gshog ldan chibs/__/khrab rmog 'khor gsum brjid pas spras/__/g.yon du yum mchog dpal lha mo/__/mdzes sdug phul phyin go zu dang /__/rin chen rgyan gyis rnam par mdzes/__/mda' dar nor bu'i gzhong pa 'dzin/__/rta mchog ngang dkar steng na chibs/__/dmag dpon chen po dgra 'dul rtsal/__/dmar nag me yi phreng ba can/__/me yi sgyogs chen bsnams nas ni/__/cang shes bra nag steng na 'gying /__/rmog la dar dmar thod chings dang /__/zangs khrab gsol zhing 'khor gsum 'dogs/__/mche ba gtsigs shing dgra la rngam/__/bka' yi blon chen rdo rje shugs/__/mi pho sngo nag lcags khrab gsol/__/dar mdung dang ni shel gri 'dzin/__/rta mchog sngon po rgyan ldan chibs/__/klu mo dung skyong dkar mo ni/__/sbrul mgo bdun gyi gdengs ka can/__/phyag gnyis nor bu'i gzhong pa bsnams/__/'o ma'i mtsho la rten bcas bzhugs/__/rgyas byed lha mo dpal ldan phreng /__/phyag gnyis gling bu snyan cing bsgyur/__/rin chen rgyan gyis rnam par spras/__/nor bu'i khri la phyed skyil bzhugs/__/dug mtsho khol mar rten bcas pa'i/__/klu bdud chen po gnam sngon mdog__/ke sha'i sgra sgrogs phyag gnyis kyis/__/nor bu dang ni lcags par 'dzin/__/bdud rta nag po'i steng du rol/__/dug gi kha rlangs 'tshubs ma 'khyil/__/me yi tshwa tshwa 'phro zhing 'bar/__/gzhan yang phyi 'khor lha klu btsan/__/ma mo gnod sbyin rmu the'u rang /__/sa bdag la sogs 'khor gyis bskor/__kyai/__srid pa'i lha chen da tshur byon/__/rang rang dgyes pa'i gdan la bzhugs/__/zhi rgyas dbang dang drag po yi/__/mchod pa dam pa 'di bzhes shig__/bzang shing sna tshogs sreg pa'i spos/__/du bas sa 'og sa steng dang /__/sa bla'i dbyings su khyab pa las/__/'dod yon drug gi sprin 'phro zhing /__/dag byed lha mo'i bdud rtsi 'bebs/__/mi gtsang nyams grib bkrus pa dang /__/mnol ba sangs la 'thibs pa dwangs/__/dgyes zhal bkrag gsal ngom gyur cig__/kyai/__'chi med bdud rtsi bsang gi rdzas/__/phye mar gangs ri ltar spungs shing /__/shel tshig rgyu skar bzhin du bkra/__/ro brgya ldan pa'i gtor ma dang /__/ja chang 'o zho mtsho ltar bskyil/__/stag gzig go khrab gos dar dang /__/rin chen bdun dang bkra shis rdzas/__/gter chen bum pa bzang po dang /__/dpag bsam shing dang 'dod 'jo'i ba/__/khrus kyi rdzing bu skyed tshal sogs/__/rta glang gnag lug ma he dang /__/bya gcan ri dwags sna tshogs pa/__/khrab rmog go mtshon bsam mi khyab/__/nas 'bras gro sogs 'bru sna'i rigs/__/ri ltar spungs shing mchod rdzas ni/__/srid pa'i khams na ji snyed pas/__/rtsa ba gsum gyi lha tshogs dang /__/lha chen zhe da mched brgyad mchod/__/bdag cag dpon slob 'khor bcas la/__/thugs dang 'gal ba thams cad bshags/__/dgyes rab zla ba ltar gyur cing /__/bdag cag gar 'gro gar gnas kyang /__/nyin mtshan kun tu mel tshe dang /__/gzhi byes kun tu bkra shis shing /__/tshe ring nad med dpal 'byor rgyas/__/yid la bsam rgu thams cad sgrubs/__/kha 'dzin rgyab brten sdong grogs mdzod/__/sa bcud rtsi bcud rab rgyas shing /__/lo thog 'bru 'phel nor rnams 'phel/__/lha mi'i 'du ba rtag tu 'tshogs/__/mi 'phel bsod nams bkrag mdangs dang /__/btsan phyug 'phen dar che bar mdzod/__/deng sang dus ngan spyod pa la/__/lha chen khyed rnams thugs ma khrel/__/sngon tshe pad 'byung spyan snga ru/__/zhal bzhes sems bskyed stobs che bas/__/ljongs 'dir rtag tu bzhugs par mdzod/__/mi mthun gnod pa'i phyogs rnams dang /__/btsa' sad ser ba'i gnod pa zhi/__/dgra jag chom rkun la sogs pa/__/mi srun gdug pa'i sems ldan dang /__/phas rgol ban bon byad rbod sogs/__/mi kha bra mchu thams cad dang /__/ltas ngan cho 'phrul ngan pa bzlog__/'byung po ma rungs sems ldan pa'i/__/rgya 'dre 'gong po dam sri dang /__/shi 'dre dkor bdag 'khyams po sogs/__/phyogs 'dir rgyu ba'i 'phrang chod cig__/lha chen sprul pa mtha' yas pas/__/'bar rngam cho 'phrul rol mo ni/__/kun tu khyab par 'khrol ba yi/__/shin tu bkra shis dge legs mdzod/__/brtan g.yo'i dwangs ma bcu bzhi rnams/__/khab len rdo yi lcags phye bzhin/__/rang dbang med par phyogs 'dir bsdus/__/snod bcud rgud pa thams cad gsos/__/phywa dang g.yang gi rgya mtshor bskyil/__/khu ye hu lo g.yang 'bod do/__/bkra shis dngos grub rgya mtsho ni/__/'dzad med yun du 'khyil bar shog__/ki bswa cha'o lha rgyal lo/__/zhes gtor ma skyems phud mchod/__phye mar rol/__bsang mchod nyes 'gal thams cad bshags/__/gnas skabs rang rang gnas su gshegs/__/slad nas 'byon par mdzad du gsol/__/mchod sbyin bgyis pa'i dge ba 'di/__/bstan dang 'gro la rab tu bsngo/__/mtha' yas sems can thams cad kun/__/rdzogs ldan dpal gyis bkra shis shog__/ces pa'i bsang mchod 'di'ang dbon mdzod tshe dpal nas rten bcas bskul ngor sngar gyi bsang gzhung rnying pa ma mthong yang yid la gang shar du chos kyi blo gros pas bris pa dge legs 'phel rgyas shog__/mang+ga laM/__zhal dro'o/__/slad nas kong sprul rin po che'i mdzad pa zhig mthong bas tshig kha shas bsnan pa'o//__//

Footnotes

Other Information