DKYD-KABUM-07-JA-050: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod
|terma=Yes
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=07
|volumenumber=07
|volnumtib=ཇ
|volyigtib=༧
|volumeLetter=JA
|volumeLetter=JA
|textnuminvol=050
|textnuminvol=050

Revision as of 10:39, 28 June 2024

Wylie title
Location mdo mkhyen brtse bka' 'bum
Volume 7, Text 50, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
[edit]
༁ྃཿ རིག་འཛིན་ཐུགས་ཐིག་ལསཿ དམ་ཅན་དགེ་བསྙེན་གསོལ་མཆོད་བསྟན་དགྲ་ཚར་གཅོད་བཞུགསཿ

«༁ྃཿ ྅྅྅྅྅ཿ དཔལ་ཆེན་གཏུམ་པོའི་རྒྱལ་ལ་བདུདཿ དྲག་སྒྲུབ་ཀུན་ཀྱི་བཅུད་བསྡུས་པཿ ཁྲག་འཐུང་རྒྱལ་པོའི་ལས་མཁན་ཆེཿ ཐིག་ལེ་སྐོར་གསུམ་གཉེར་འཛིན་ཆེཿ དམ་ཚིག་ཅན་གྱི་སྲུང་མ་ཆེཿ དེ་བསྙེན་ཆེན་པོ་བསྙོ་ཁ་ནགཿ མཆོད་སྒྲུབ་དུག་གི་སྤུ་གྲི་བསྟནཿ དམ་ཚིག་ལྡན་ལས་ཁ་ཐཾ་རྒྱཿ གཙང་མའི་སྣོད་དུ་བཤོས་པུ་ནིཿ གྲུ་བཞི་རྩེ་མོ་བྱུང་རྒྱལ་ཅནཿ ཐ་མར་སྐྱུ་ཀུ་གྲངས་མེད་བསྐོརཿ དཀར་གསུམ་ཤ་ཁྲག་ཟས་སྣས་བརྒྱནཿ ཆང་དང་ཕུད་རྒོད་རཀྟ་དམརཿ སྨྱུག་རྒོད་དར་སྣའི་བརྒྱན་པ་དང་ཿ སྲོག་ཆགས་མདངས་སམ་དེའི་གཟུགས་བརྙནཿ དངོས་འབྱོར་ཡིད་སྤྲུལ་སྤྱན་གཟིགས་བསྐོརཿ ཡི་དམ་ལྷ་ཡི་ང་རྒྱལ་གྱིསཿ »ཧཱུྃཿ རང་ཉིད་ཁྲག་འཐུང་ཐུགས་ཀ་ནསཿ ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོསཿ མཆོད་གཏོར་རྫས་ཀྱི་མ་དག་སྐྱོནཿ བསྲེགས་གཏོར་བཀྲུས་ཤིང་རྣམ་པར་སྦྱངསཿ རྃ་ཡྃ་ཁྃཿ «ལན་གསུམཿ »སྐུ་གསུང་ཐུགས་ཀྱི་ཡི་གེ་འཕྲོསཿ ཡེ་ཤེས་བདུད་རྩི་སྤྱན་དྲངས་བསྟིམསཿ ངོ་བོ་ཟག་མེད་བདུད་རྩི་ལཿ རྣམ་པ་འདོད་ཡོན་ལྔ་ལྡན་གྱུརཿ ཨོཾ་ཨཱཿཧཱུྃཿཔཉྩ་ཨ་མྲྀ་ཏ་བཱ་ལིཾ་ཏ་རཀྟ་པཱུ་ཙ་ཧ་ཧོ་ཧྲཱིཿ «ལན་བདུན་དག་གིས་བྱིན་གྱིས་བརླབསཿ སྤྱན་འདྲེན་པ་ནིཿ »རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཏེར་སྲུང་དམ་ཅན་དགེ་བསྙེན་ཆེན་པོ་བཙུན་མོ་སྲས་འཁོར་དང་བཅས་པ་སྤྱན་དྲངས་པར་«མོས་ལཿ སྤོས་རོལ་དང་བཅསཿ »ཧཱུྃཿ རྒྱ་བལ་གཉིས་ཀྱི་ས་མཚམས་སུཿ དམར་ནག་རཀྟའི་མཚོ་ཆེན་དབུསཿ འཇིགས་པའི་སྐུ་མཁར་ནང་ཤེད་ནཿ བདུད་དང་ཀླུ་མོ་བཤོས་པའི་སྲསཿ དམ་ཅན་དགེ་བསྙེན་མཐུ་བོ་ཆེཿ ཞི་བའི་ཆ་ལུགས་མཛད་ཙ་ནཿ སྐུ་མདོག་དཀར་སེར་འོད་དུ་འབརཿ དར་དང་ཟ་འོག་བེར་ཆེན་དང་ཿ རིན་པོ་ཆེ་ཡི་པྲོག་ཞུ་གསོལཿ འཁོར་གསུམ་སྟག་རལ་གཟིག་ཤུབས་བརྒྱནཿ མདུང་དར་གཡས་ལ་གཏེར་བུམ་གཡོནཿ རག་བ་གཞོང་ནག་སྟག་ལག་ཆིབསཿ གདུག་པའི་གཤེད་དུ་ཁྲོས་པའི་ཚེཿ སྐུ་མདོག་ནག་ལ་དུག་རླངས་འཚུབསཿ དར་ནག་བེར་དང་སྟག་སློག་གསོལཿ ཞེ་སྡང་སྦྲུལ་གྱི་གདེང་ཀ་དང་ཿ སྐ་རགས་ཞབས་ཕྱག་གདུ་བུ་བྱསཿ ཕྱག་གཡས་སྤུ་གྲི་འབར་བ་ཕྱརཿ གཡོན་པས་སྦྲུལ་ནག་ཞགས་པ་འཕེནཿ རྟ་ནག་རླུང་གི་གཤོག་ཅན་ཆིབཿ སྦྲུལ་གྱི་གོང་སྨེད་སྲབ་མཐུར་བྱསཿ ནད་ཀྱི་མཚོན་རྐྱལ་ཤད་དུ་བཅིང་ཿ སྦལ་སྦྲུལ་སྡོམ་སྡིག་ཕོ་ཉར་འགྱེདཿ གཡས་གཡོན་ཐུགས་ཀྱི་དགྱེས་སྡེ་ནིཿ བཙུན་མོ་ལྷ་སྨན་ཀླུ་སྨན་ཟུངཿ ལྷ་ཡི་སྲས་མོ་གཟི་འབར་ དངཿ ཀླུ་མོའི་སྲས་མོ་ཐོག་རྒོད་འཁྱིལཿ ཞོན་པ་རྣམ་འགྱུར་སྣ་ཚོགས་སྟོནཿ མདུན་དུ་སྤྲུལ་པ་ལས་མཁན་ཆེཿ ཀླུ་བདུད་ནག་པོ་ཏི་པ་ཙཿ མི་ལུས་སྡིག་པའི་མགོ་བོ་ཅནཿ སྤྲུལ་མཇུག་འཁྱིལ་ཞིང་ཁམས་གསུམ་བསྐོརཿ མིག་བརྒྱ་པ་ལས་དུག་རླངས་ཕྱུརཿ སྦྲུལ་ནག་ཞགས་པ་ནད་རྐྱལ་ཐོགསཿ གཞན་ཡང་དམུ་བདུད་བློན་པོ་བདུནཿ བཀའ་སྡོད་བྱེ་བ་འབུམ་སྡེས་བསྐོརཿ སྔོན་གྱི་དམ་ཚིག་དྲན་གྱིས་ལཿ སྐྱིན་ཐང་འཐོར་རླུང་གིས་བསྐྱོད་བཞིནཿ སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལཿ དུ་ཏྲི་པྲ་བྷ་ལ་ཙིཏྟ་ཧྲཱིང་ཧྲཱིང་སརྦ་ས་མ་ཡ་ཛ་ཛཿ «བཞུགས་སུ་གསོལ་ཞིང་དམ་ཚིག་བསྐུལ་བ་ནིཿ »ཧྲཱིཿ ལྷ་ཡི་དགེ་བསྙེན་ཆེན་པོ་ནིཿ བསྙོ་ཁ་ནག་པོ་འཁོར་དང་བཅསཿ སྔོན་གྱི་དམ་ཚིག་དྲན་གྱིས་ལཿ བདག་དང་འབྲལ་མེད་བརྟན་པར་བཞུགསཿ ཨ་སུ་ར་ཡི་བྲག་ཕུག་ནསཿ ཐ་ཚིག་གཉན་པོ་དྲན་བཞིན་དུཿ རྣལ་འབྱོར་དམ་ལས་མི་འདའ་ནཿ དམ་ཅན་དམ་ལས་མ་འདའ་ཞིགཿ རང་ཅག་གཉིས་ཀྱི་དམ་ཚིག་ནིཿ སྲོག་གི་ཕྱིར་ཡང་མི་གཏོང་ངོ་ཿ ས་མ་ཡ་ན་རཀྐན་ཏིཥྛ་ལྷནཿ «མཆོད་ཅིང་འཐུགས་དམ་བསྐང་བ་ནིཿ »ཧྲཱིཿ དབང་དྲག་པདྨ་འབྱུང་གནས་ཀྱིཿ བཀའ་ཉན་ལས་མཁན་མཐུ་བོ་ཆེཿ བསྙོ་ཁ་ནག་པོ་འཁོར་བཅས་ལཿ དམ་རྫས་རྒྱན་ལྡན་གཏོར་མ་དང་ཿ མྱོས་བྱེད་བདུད་རྩི་ཨ་མྲྀཾ་ཏཿ ཕུད་རྒོད་དམར་གྱི་རཀྟ་དང་ཿ གཡང་མོའི་ཤ་ཁྲག་རུས་པར་བཅསཿ དབང་པོ་ལྔ་དང་ནང་རོལ་སྤུངསཿ ཕྱེ་མར་ཟས་སྣ་དཀར་གསུམ་མངརཿ འབྲུ་སྣ་སྨན་སྦོས་སྦྱར་བ་ཡིསཿ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་ཿ སྨྱུག་རྒོད་རྦ་ལྕགས་སྐུ་ཡི་རྟེནཿ དར་དམར་སྔགས་བྱང་གསུང་གི་རྟེནཿ དྲི་མེད་དངུལ་དཀར་མེ་ལོང་ཐུགསཿ གསེར་གཡུ་དུང་དང་ཕ་ཝཾ་ལོང་ཿ བླ་རྡོ་སྲོག་གི་འཁོར་ལོ་དང་ཿ རྟེན་སྒྲུབ་རྫས་མཆོག་བླ་ན་མེདཿ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལཿ དགེ་བསྙེན་འཁོར་དང་བཅས་ལ་འབུལཿ ཐུགས་དམ་གཉན་པོ་བསྐང་གྱུར་ཅིགཿ ཅང་ཤེས་རྟ་མཆོག་རིན་ཆེན་བརྒྱནཿ དྲེལ་སྔོན་གཡག་ནག་ཟལ་དཀར་འབྲིཿ བྱ་རིགས་རི་དྭགས་གཅན་གཟན་ཚོགསཿ ཁྱི་ནག་ཐོང་དཀར་དགྲ་ལ་རྔམསཿ གོ་མཚོན་གསེར་དངུལ་དཀོར་ཆའི་རིགསཿ བསྐང་རྫས་སྤྱན་གཟིགས་སྣ་ཚོགས་པཿ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལཿ དམ་ཅན་འཁོར་དང་བཅས་ལ་འབུལཿ ཐུགས་དམ་གཉན་པོ་སྐོང་གྱུར་ཅིགཿ ལྟ་བ་ཆོས་དབྱིངས་འཕོ་འགྱུར་མེདཿ ཡེ་ཤེས་ལྔ་ཡི་རྩལ་ཤར་བའིཿ སྒོམ་པ་རང་བབ་གཉུག་མའི་ངོསཿ འདོད་ཡོན་མ་སྤང་རྒྱན་ཤར་བའིཿ སྤྱོད་པ་སྤང་བླང་རེ་དོགས་བྲལཿ སྲིད་དང་ཞི་བའི་དཔལ་འབྱོར་ཀུནཿ ཏིང་ངེ་འཛིན་གྱིས་བྱིན་བརླབས་པའིཿ དམ་ཅན་འཁོར་དང་བཅས་ལ་འབུལཿ ཐུགས་དམ་གཉན་པོ་བསྐང་གྱུར་ཅིགཿ བདག་ཅག་རྣལ་འབྱོར་སྒྲུབ་པ་པོསཿ རྡོ་རྗེ་སློབ་དཔོན་ཐུགས་རྒྱུད་དཀྲུགསཿ ལྟ་སྒོམ་ཏིང་འཛིན་མ་གསལ་དང་ཿ གསང་སྔགས་དམ་ཚིག་ཉམས་འགལ་རལཿ བཀའ་ལྟར་མ་ལྕོག་གསང་སྒོ་འཆོལཿ དམེ་ཕོ་དམ་ཉམས་གྲོགས་སུ་བརྟེནཿ ཚོགས་གཏོར་ཆུང་ཞིང་རྫས་མ་ཚང་ཿ དུས་ཀྱི་མཆོད་པ་ཆགས་པ་དང་ཿ ཉམས་པ་ཅན་དང་སྤྱོད་ལམ་འདྲེསཿ ལྷ་ལ་སྤོང་ལེན་ཤོར་བ་སོགསཿ དམ་ཅན་ཐུགས་དང་འགལ་བགྱིས་པཿ མཐོལ་ལོ་བཤགས་སོ་བཟོད་པར་གསོལཿ འཁྲེན་ཅིང་གཤུང་བ་མ་མཛད་པརཿ སྒྲུབ་པ་པོ་ལ་དགྱེས་ཞལ་སྟོནཿ སྡང་བའི་དགྲ་དང་གནོད་པའི་བགེགསཿ མིང་ཙམ་མེད་པར་རྡུལ་དུ་རློགཿ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོདཿ «མངའ་གསོལ་བྱ་བ་ནིཿ »ཀྱེཿ ཀ་དག་ཀློང་ལས་ཐུགས་རྗེའི་རྩལ་ཤར་བཿ རབ་འབྱམས་རྒྱལ་ཀུན་ངོ་བོ་པདྨ་སྐྱེསཿ ཁྲོ་བོ་འཆོལ་པའི་སྐུ་རུ་ཡོངས་ཤར་ཚེཿ ཁ་ཙམ་མ་ཡིན་སྙིང་ནས་ཐ་ཚིག་བོརཿ ག་ལེར་ལྔ་ཕྲག་ཐ་མར་ཐུག་པའི་དུསཿ བླ་རྫོགས་ཐུགས་གསུམ་བཀའ་གཏེར་གཉེར་གཏད་བཞིནཿ དུས་དྲུག་གཡེལ་བ་མེད་པར་སྲུང་མཛད་པའིཿ ང་ཡི་བླ་མ་པདྨའི་ཕོ་ཉ་བཿ ཅ་ཅོའི་ཁ་ཙམ་མ་ཡིན་སྙིང་ནས་འབོདཿ དེང་དུས་སྙིགས་མ་ལྔ་ཡི་ཡང་མཐར་འདིརཿ མདོ་སྔགས་བསྟན་པ་རི་མོའི་མར་མེ་བཞིནཿ ཆ་ལུགས་ཙམ་ལས་བསྐྱེད་རྫོགས་ཡ་བྲལ་ཞིང་ཿ ཇ་ཧོང་ནོར་ལ་སྙིང་པོ་བྱེད་དུས་འདིརཿ ཁྱོད་ཀྱི་དམ་བཅས་རི་མོའི་དུས་ལ་བབསཿ མཐུ་ཆེན་སྲུང་མའི་བླ་རུ་མངའ་གསོལ་ནཿ ཉ་མོ་ཆབ་དང་འགྲོགས་པ་ཇི་བཞིན་དུཿ ཏ་ཐཱ་ག་ཏའི་བསྟན་པའི་སྙིང་པོའི་དཔལཿ ཡང་གསང་ཐིག་ལེ་སྐོར་གསུམ་འཛིན་པ་ཡིཿ དམ་ལྡན་རྣལ་འབྱོར་བདག་ཅག་བུ་བཞིན་སྐྱོང་ཿ ཐ་མལ་མི་དང་མ་མིན་གདུག་པ་ཅནཿ ད་དུས་སྙིགས་མའི་སྟོབས་ཀྱི་ནག་ཕྱོགས་དང་ཿ ཟབ་གསང་ཆོས་ལ་ཡ་ག་སྣ་ཚོགས་སྒྲོགསཿ རྡོ་རྗེ་སློབ་དཔོན་བརྒྱུད་པར་བཅས་ལ་སྡང་ཿ ན་རི་མཁའ་འགྲོའི་ཆོས་ལ་ལོགས་པར་ལྟཿ པ་སངས་ལྟར་དཀར་བྱང་ཆུབ་སེམས་ལྡན་ཀུནཿ རྒྱུད་དཀྲུགས་སུན་དབྱུང་མི་དགེའི་སྡིག་རྒྱུན་སྤེལཿ དམ་ལོག་སྲོག་གི་གཤེད་མར་མངའ་གསོལ་ནཿ ཕ་རོལ་དམིགས་པའི་ཡུལ་གྱུར་སྡང་བའི་དགྲཿ བ་མོ་ཚ་ཟེར་ཕོག་པ་ཇི་བཞིན་དུཿ མངོན་སྤྱོད་དྲག་པོ་རོལ་བས་ཚར་ཆོད་ལཿ དགྲ་ཕམ་བདག་རྒྱལ་དམ་གཙང་སྒྲུབ་པ་པོརཿ མ་ཡིས་བུ་ལ་བརྩེ་བཞིན་འབྲལ་མེད་སྐྱོངསཿ ཙ་མ་ར་བཞིན་ཁེང་དྲེག་ལྡན་པ་ཡིསཿ གསར་སྐྱེས་རྒྱལ་བསེན་འབྱུང་པོ་དམ་སྲིའི་རིགསཿ འཇོམས་མཛད་སྲོག་གི་གཤེད་མར་མངའ་གསོལ་ནཿ ཚ་བའི་དཔལ་ལྡན་རྣོ་བར་དྲག་པོའི་མཚོནཿ ཛ་ལང་སྤྱོད་པ་ཀུན་ཀྱི་སྙིང་ལ་གཟིརཿ ཚེ་བསོད་བཀྲག་མདངས་གཟི་བྱིན་གནང་ལོངས་ལཿ རྣམ་པར་ཤེས་པ་ཐར་མེད་གནས་སུ་སྐྱོལཿ ཝ་སྐྱེས་གདོང་ལྔས་གཞོམ་བཞིན་རྡུལ་དུ་རློགཿ ཞྭ་མོའི་ཏོག་ལྟར་མངའ་གསོལ་དམ་ཅན་ཁྱོདཿ དྲེགས་ལྡན་ཚོགས་ཀྱི་མཐུ་སྟོབས་གཅིག་བསྡུས་ནཿ བཏང་སྙོམས་ལེ་ལོའི་ངང་དུ་མ་བཞུགས་པརཿ ཟ་རྗེས་མ་སྙོགས་བདག་གི་བཀའ་ལ་ཉོནཿ འ་འོལ་གཡོ་རྒྱུ་དུག་ལྟར་འཁྲིགས་པ་ཡིསཿ ཁ་འཇམ་སྙིང་ན་འདུ་འཛིའི་ངོ་སྲུང་ཅནཿ འདུན་མ་རླུང་ལ་བསྐུར་ཅིང་རག་ཕུང་དུཿ ཡ་མཚན་མངོན་སྤྱོད་རྟགས་མཚན་ངོམ་པར་མཛོདཿ ར་གན་གསེར་མདོག་བན་བོན་བྱད་མ་མཁནཿ བསམ་ངན་དམོད་པ་དུག་ལྟར་གཡོ་པའི་རིགསཿ རང་གཤེད་འབེབ་པའི་སྲུང་མར་མངའ་གསོལ་ནཿ ལ་ལུང་གར་གནས་བྱད་མ་རང་ཐོག་ཐོངསཿ ཤ་ཁྲག་སྲོག་དབུགས་ཚེ་བསོད་སྟོབས་འབྱོར་བཅསཿ དམ་ཅན་ཡབ་ཡུམ་སྲས་འཁོར་སྲུང་མའི་ཚོགསཿ མྱུར་དུ་ཟས་སྐལ་གཏད་དོ་ཤུལ་མེད་ཐོངསཿ ས་ལམ་ཡོན་ཏན་འཕེལ་བའི་རྟེན་འབྲེལ་སྒྲིགསཿ ཧ་ལ་ནད་མཚོན་དུག་གི་ཆར་འབེབ་པའིཿ དམ་ཅན་ཁྱོད་ནི་བདག་གི་གྲོགས་མཛོད་ལཿ མངོན་སྤྱོད་དྲག་པོའི་ལས་ཀུན་ཐོགས་མེད་སྒྲུབསཿ མངའ་གསོལ་བྱས་སོ་དུས་ཀུན་ལས་མ་འགྱངསཿ ཨ་ལ་ལ་ཧོ་མཚོན་ཆའི་འཕྲུལ་འཁོར་སྒྱུརཿ ཨཏི་རྣལ་འབྱོར་བཀའ་ལས་མ་འདའ་བརཿ སྔར་བཅོལ་ལས་སྒྲུབ་གཏང་རག་གཉན་པོ་དངཿ མ་འོངས་ལས་བཅོལ་གཉེར་ཟན་ཆེན་པོ་སྟེཿ ད་ལྟ་ལས་སྒྲུབ་དཔའ་ཟས་བཱ་ལིཾ་ཏཿ ཤ་རུས་མྱོས་བྱེད་རྒྱ་ཇ་བསད་ཁྲག་སོགསཿ མཆོད་དོ་འབུལ་ལོ་མངའ་གསོལ་དབུ་འཕང་བསྟོདཿ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོདཿ ཧོཿ དམ་ཚིག་གཉན་གྱི་སྲུང་མཿ དགེ་བསྙེན་ཆེན་པོ་བསྙོ་ཁ་ནག་པོཿ སྐུ་མདོག་མུན་ལྟར་གཏིབ་ཅིང་དུག་དང་ནད་ཀྱི་རླངས་པ་འཕྱོ་བཿ ཕྱག་གཡས་རལ་གྲི་འབར་བ་ཕྱར་ཞིང་གཡོན་པས་སྤྲུལ་ཞགས་དགྲ་ལ་འདེབས་པཿ རྟ་ནག་རླུང་གི་གཤོག་པ་ཅན་ལ་ཆིབས་ནས་སྟོང་གསུམ་སྐད་ཅིག་སྐོར་བ་ཕྲིན་ལས་གློག་ལྟར་མྱུར་བའི་བཀའ་དང་གཏེར་གྱི་སྲུང་མ་ཁྱོད་ལ་མཆོད་དོཿ འབུལ་ལོཿ བཙུན་མོ་ལྷ་སྨན་ཀླུ་སྨན་གཉིས་ནི་དར་གོས་རིན་ཆེན་པྲོག་ཞུ་གསོལ་ཞིང་སྣ་ཚོགས་འཛིན་པས་དགྲ་ལ་མི་འདོད་སྣ་དགུ་གཏོང་ཞིང་སྒྲུབ་མཆོག་རྣལ་འབྱོར་བྱ་ར་བྱེད་པཿ ཞོན་པ་རྣམ་འགྱུར་ཅིར་ཡང་སྟོན་ཅིང་ཿ ལས་མཁན་ཀླུ་བདུད་ཏི་པ་ཙ་ནི་མིག་བརྒྱ་བགྲད་པས་དགྲ་ལ་ལྟ་ཞིང་ནད་མཚོན་དུག་གི་ཆར་པ་འབེབ་པཿ སྡིག་པའི་མགོ་བོ་གཏུམ་རྔམས་ལྡན་པས་རྒྱལ་བསེན་འབྱུང་པོ་དམྱལ་ཐག་གཅོད་པ་སྦྲུལ་མཇུག་འཁྱིལ་བའི་རྒྱ་མཚོ་དཀྲུག་ཅིང་ས་འོག་ས་སྟེང་ས་བླར་ཉུལ་བཿ བཀའ་ཡི་བློན་པོ་མཆེད་སྡེ་བརྒྱད་ནི་དུས་དྲུག་དགྲ་ལ་བྱ་ར་བྱེད་པཿ སྔ་དགྲ་བྱས་པའི་སྲོག་དབུགས་ལེན་ཞིང་ཿ ད་དགྲ་བྱེད་པའི་ཚེ་བསོད་ཀུན་སྡུད་ཅིང་ཿ ཕྱི་དགྲ་ཤོམ་པའི་འདུན་མ་བཤིགས་པཿ འཁོར་ཚོགས་སུམ་བརྒྱ་དྲུག་ཅུ་ལས་མཁན་བྱེ་བ་འབུམ་ཚོགས་དང་བཅས་པ་རྣམས་ལ་གསོལ་ལོཿ འབུལ་ལོཿ མཆོད་དོཿ གསང་སྔགས་ཀྱི་བསྟན་པ་སྲུངས་ཤིགཿ རྣལ་འབྱོར་པའི་མགོན་སྐྱབས་མཛོད་ཅིགཿ སྡང་བྱེད་ཀྱི་དགྲ་སོད་ཅིགཿ གནོད་བྱེད་ཀྱི་བགེགས་ཐུལ་ཅིགཿ བར་ཆད་ཀྱི་རྐྱེན་སོལ་ཅིགཿ བྱད་མ་མཁན་རང་གཤེད་དུ་ཕོབ་ཅིགཿ ཉིན་གྱི་བྱ་ར་མཛོད་ཅིགཿ མཚན་གྱི་མེལ་ཚེ་མཛོད་ཅིགཿ རྒྱབ་ཀྱི་རྟེན་ས་མཛོད་ཅིགཿ མདུན་གྱི་མཁར་བ་མཛོད་ཅིགཿ མི་མང་སར་སྨ་མ་ཕབཿ བྱ་མང་སར་སྤུ་མ་བཏོགཿ རང་ལ་གཞན་གྱིས་བརྙས་སུུ་མ་འཇུགཿ བསམ་པ་སྒྲུབས་ཤིགཿ རེ་བ་སྐོངས་ཤིགཿ བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིགཿ «བསྟོད་པ་བྱ་བ་ནིཿ» ཧྲཱིཿ བལ་བོད་གཉིས་ཀྱི་ཕ་རོལ་ནསཿ རྒྱ་གར་ཡུལ་གྱི་ཚུ་རོལ་ནཿ རིན་ཆེན་ལྗོན་ཤིང་ནགས་ཚལ་དབུསཿ རཀྟའི་མཚོ་ལས་བྱུང་བ་ཡིཿ ཀླུ་བདུད་ནག་པོ་ཁྲག་མིག་དང་ཿ ལྷ་བདུད་འབར་བ་བཤོས་པའི་སྲསཿ དམ་ཅན་དགེ་བསྙེན་མཐུ་བོ་ཆེཿ ཐོགས་མེད་བསྙོ་ཁ་ཞེས་བྱ་བཿ ཞི་དྲག་རྣམ་འགྱུར་སྣ་ཚོགས་སྟོནཿ ཉི་ཟེར་ཆིབས་དང་ཟླ་ཟེར་ཆིབསཿ སྐར་མདའ་ཆིབས་དང་སྐྱ་རེང་ཆིབསཿ རག་པ་ཆིབས་དང་རྟ་ནག་ཆིབསཿ སྟོང་གསུམ་སྐད་ཅིག་ཡུད་ཀྱིས་སྐོརཿ རེ་འགའ་སྟག་ཆས་པྲོག་ཞུ་བེརཿ མདུང་དར་དང་ནི་གཏེར་བུམ་འཛིནཿ རེ་འགའ་བདུད་ནག་ཤན་པའི་ཆསཿ ནད་མཚོན་དུག་རླངས་མཚོན་ཆར་འབེབསཿ དམ་ཚིག་ཅན་ལ་བདག་བསྟོད་དོཿ བཙུན་མོ་སྲས་དང་ཀླུ་བདུད་ཆེཿ བློན་འཁོར་ཕོ་ཉ་ལས་མཁན་ཚོགསཿ དྲག་རྩལ་ལས་ལ་ཐོག་ལྟར་མྱུརཿ དམ་གཙང་སྙིང་ཉེ་ཕྲག་ཡང་པའིཿ གཏེར་སྲུང་ཚོགས་ལ་ཕྱག་འཚལ་བསྟོདཿ «ཕྲིན་ལས་བཅོལ་པ་ནིཿ »བྷྱོཿ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀསཿ བཀའ་བསྒོས་དམ་ལ་བཞག་པ་དང་ཿ ཨ་སུ་ར་ཡི་བྲག་ཕུག་ཏུཿ ཐོད་ཕྲེང་དྲག་རྩལ་ཡབ་ཡུམ་གྱིཿ དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཞིང་ཿ དམ་ཚིག་བདུད་རྩི་ལྕེ་ལ་བཞགཿ བཀའ་རྟགས་རྡོ་རྗེ་སྤྱི་བོར་བཅིང་ཿ བཀའ་བསྒོས་ཐ་ཚིག་བསྒྲགས་པའི་ཚེཿ ཁྱོད་ཀྱི་སྲོག་གི་སྙིང་པོ་ཕུལཿ བླ་རྫོགས་ཐིག་ལེ་སྐོར་གསུམ་པོཿ གཉེར་དུ་གཏད་བཞིན་སྲུང་བ་དང་ཿ སློབ་དཔོན་ཡབ་ཡུམ་མཛད་ཕྲིན་སྤེལཿ སྐུ་ཚེ་བསྲིང་ཞིང་འགལ་རྐྱེན་བཟློགཿ དམ་ལྡན་རིག་འཛིན་ཕོ་མོ་སྐྱོངསཿ དམ་ཉམས་ལས་ངན་ལོག་ལྟ་ཅནཿ སྡང་དགྲ་བསམ་ངན་འཆང་བ་ཀུནཿ མ་བསྐུལ་བར་ཡང་དེ་མ་ཐགཿ ཧུར་ཐུམ་གཏོང་བར་ཁས་བླངས་བཞིནཿ ཐ་ཚིག་གཉན་པོར་མ་འདའ་བརཿ སྡང་བར་བྱེད་པའི་དམ་ཉམས་དགྲཿ དམིགས་པའི་ཡུལ་དུ་གྱུར་པའི་གཙོསཿ བསམ་ངན་སྦྱོར་རྩུབ་གནོད་སྤྱོར་རིགསཿ ལོ་ཟླ་ཞག་དུས་མ་འགྱང་བརཿ ཚེ་བསོད་བཀྲག་མདངས་གཟི་བྱིན་བསྡུསཿ ནད་མཚོན་དུག་གི་ཆར་པ་ཕོབཿ སྲོག་གཅོད་དབུགས་ལེན་རྣམ་ཤེས་སྤོརཿ ཤ་ཁྲག་མངའ་ཐང་ལོངས་སྤྱོད་དང་ཿ རིགས་རྒྱུད་ཉེ་འབྲེལ་རེ་ལྟོས་ཀུནཿ དགེ་བསྙེན་ཆེན་པོ་འཁོར་བཅས་མཆོདཿ ཀླུ་བདུད་ནག་པོའི་ཟས་སྐལ་དུཿ གཏད་དོ་རྗེས་ཤུལ་མེད་པར་ཐོངསཿ མིང་ཙམ་མེདཔར་བརླག་པར་མཛོདཿ ཁྱོད་ནི་སྔོན་གྱི་ཐུགས་བསྐྱེད་མཐུསཿ དྲག་པོའི་ལས་ལ་རྔམས་པའི་ཕྱིརཿ བདག་ཅག་རྣལ་འབྱོར་སྒྲུབ་པ་པོརཿ དོ་བསྔོ་ཕོད་བཙུག་གནོད་སྦྱོར་ཤོམསཿ མཐོ་གནོན་བསམ་ངན་མི་ཁ་སྒྲོགསཿ ལོག་ལྟར་སྐུར་འདེབས་བྱེད་རིགས་ཀུནཿ ཉིན་མཚན་གཡེལ་བ་མེད་པར་ལྟོསཿ གང་དུ་ཡོད་ཀྱང་སྒྲོལ་ལ་ཤོགཿ དགྲ་ཕམ་བདག་རྒྱལ་རྒྱལ་རྔ་རྡུངསཿ བདག་ལ་བུ་ལྟར་བརྩེ་བ་དང་ཿ ལས་མྱུར་སྙིང་ཉེ་ཕྲག་ཡང་བའིཿ འདོད་བའི་དོན་དང་གཉེར་བའི་ལསཿ ཐེ་ཚོམ་མེད་པར་འགྲུབ་པར་མཛོདཿ «ཨེ་མཿ བདག་འདྲ་པདྨ་ཐོད་ཕྲེང་གིཿ ལས་མཁན་དམ་ཅན་མཆོད་སྒྲུབ་འདིཿ སྙིང་ཉེ་ཕྲག་ཡང་ལས་མྱུར་བའིཿ བསྟན་པར་འཕང་བའི་མན་ངག་སྟེཿ མ་འོངས་ལྔ་བརྒྱའི་ཐ་མ་ལཿ ཐུགས་ཐིག་འགྲོ་དོན་སྤྱོད་པའི་ཚེཿ སེམས་ཅན་དུག་ལྔ་ཤིན་ཏུ་རགཿ འཁོར་ངན་བདུད་སྦྲུལ་འགའ་འགའ་འབྱུང་ཿ མི་ཁ་གཏམ་ངན་རླུང་ལྟར་འཁྲུགསཿ དྲིན་ལན་ཁྱད་གསོད་གནོད་སྦྱོར་བརྩོནཿ དམག་དང་འཁྲུག་རྩོད་དར་བའི་ཚེཿ འདི་མེད་དཔའ་བོ་མཚོན་མེད་མཚུངསཿ རང་ལ་མི་ལྡོག་གཞན་ལ་མྱུརཿ ཟས་ཕྱིར་མི་འབྲང་དམ་མི་འདའཿ འདི་འདྲ་གཞན་ལ་དཀོན་པ་སྟེཿ ལྷ་ལྕམ་ཐུགས་ཀྱི་སྤྲུལ་པ་དང་ཿ འཕྲད་ནས་འགྲོ་དོན་ཡོངས་ཁྱབ་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཁ་ཐཾཿ གུཧྱཿ གསང་རྒྱཿ བཀའ་འདི་ཀླུ་བདུད་ཏི་བ་ཙ་ལ་གཏདཿ དམ་མེད་ལག་ཏུ་མ་ཤོར་དམ་ཚིག་རྒྱཿ རཀྵན་ཏུཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་དབང་པོས་བརྡ་རིས་ལས་དག་པར་ཕབ་པ་ཡི་གེ་འདུ་བྱེད་སློབ་བུ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པའོཿ