DKYD-KABUM-05-CA-024: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|language=Tibetan
|language=Tibetan
|volnumtib=༥
|volyigtib=ཅ
|pagestatus=Temporary stub only
|pagestatus=Temporary stub only
|volumenumber=05
|volumenumber=05

Revision as of 15:53, 24 June 2024

Wylie title
Location mdo mkhyen brtse bka' 'bum
Volume 5, Text 24, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
༄༅། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མའིཿ དབང་ཆོག་བདུད་རྩིའི་བཅུད་འདྲེན་བཞུགས༔

༄༅། «།ན་མོ་ཨཱརྱ་ཏཱ་རེ་ཡ༔ མ་འོངས་བསྐལ་པའི་ཐ་མ་ལ༔ སེམས་ཅན་ཚེ་ཐུང་བསོད་ནམས་ཉམས༔ དུས་ངན་སྐྱོབས་པའི་ལྷ་མཆོག་འདིཿ དེ་ཚེ་སྙིང་སྟོབས་བདེན་པ་ཡིས༔ ཉམས་སུ་ལོངས་ལ་འགྲོ་དོན་སྤྱོད༔ དཀྱིལ་འཁོར་བུམ་པ་སྣང་བརྙན་དང་༔ རྩི་བཅུད་བདུད་རྩི་ཚེའི་རིལ་བུ༔ མདའ་དར་རྒྱ་གྲམ་མེ་ལོང་འཕྲེང་༔ ཅུ་གང་ཐིག་ལེ་གཏོར་མཆོད་བཅས༔ འདུ་བྱ་བདག་མདུན་བཟླས་པའི་རྗེས༔ »བདག་ཐུགས་འོད་ཀྱིས་བུམ་ལྷའི་ཐུགས་རྒྱུད་བསྐུལཿ དེ་ལས་འོད་འཕྲོས་རབ་འབྱམས་ཞིང་ཀུན་མཆོད༔ དགྱེས་ཤིང་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི༔ བྱིན་རླབས་ཚེ་བཅུད་འོད་ཀྱི་རྣམ་པར་བྱུང་ཿ སླར་ཡང་སྲིད་ཞིའི་ཚེ་དཔལ་བསོད་ནམས་སྟོབས༔ ཐམས་ཅད་ཀུན་བསྡུས་བདག་མདུན་བུམ་པར་བསྟིམ༔ མི་འགྱུར་མི་ཤིག་ཚེ་ཡི་དངོས་གྲུབ་ཐོབཿ རིལ་བུའི་རིག་འཛིན་རྡོ་རྗེའི་སྐུ་བརྙེས་བསམ༔« སྒྲུབ་སྔགས་ཤམ་བུར། »སརྦ་སིདྡྷི་ཕ་ལ་ཧོཿ «དམིགས་གནད་ལྡན་པས་ཅི་ནུས་བཟླས་པའི་མཐརཿ ཡན་ལག་བདུན་པ་འབུལ་ཞིང་མཆོད་ཅིང་བསྟོདཿ »ལས་ཀྱི་བུམ་པར་ཁྲོ་རྒྱལ་སྨེ་བ་བརྩེགས༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་སྡིག་མཛུབ་རྒྱ༔ ཁྲོ་བོའི་ཆས་རྫོགས་མེ་དཔུང་ཀློང་ན་བཞུགས༔ ཐུགས་ཀར་ཉི་གདན་ཧཱུྃཿམཐར་སྔགས་ཀྱིས་བསྐོར༔ འོད་ཟེར་ཚ་ལ་རྩུབ་པས་གྲིབ་གདོན་བསྲེགཿ བདུད་རྩིའི་རྒྱུན་བབས་བུམ་པ་བཅུད་ལྡན་གྱུར༔ ཨོཾ་བཛྲ་བྷུར་ཁུང་མ་ཧཱ་ན་ཡེ་བྷུར་ཁ་བྷི་མ་ལེ་ཨུཥྩུ་སྨ་ཀྲོ་ཏ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱཿ« ཅི་ནུས་བཟླ་བར་བྱ་ཞིང་མཆོད་ཅིང་བསྟོད་ལ༔ »རྣམ་རྒྱལ་བུམ་པའི་ལྷ་ཚོགས་ཀྱིས༔ སྐུ་ལས་བྱང་སེམས་བདུད་རྩི་བབསཿ ལྷ་ཚོགས་འོད་ཞུ་བུམ་ཆུར་འདྲེས༔ ཚེ་བཅུད་ནུས་པ་མཆོག་ལྡན་ཞིང་ཿ ལས་ལྷ་འོད་ཞུ་ཁྲོ་བོ་ཡིསཿ རྡུལ་ཕྲན་རྣམ་པར་གྱུར་པར་བསམ༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃཿ «དངོས་གཞིའི་དབང་བསྐུར་རིམ་པ་ནིཿ སློབ་མ་རྣམ་མདུན་དུ་འཁོད་ནས༔» ཇི་ལྟར་བལྟམས་པ་ཙམ་གྱིས༴« སོགས་སྣ་དྲངས་ཏེ། »བཞི་བརྒྱ་རྩ་བཞི༴« སོགས། ལས་སྔགས་བདུན་དང་ཉེར་གཅིག་སྐབས་དང་སྦྱར༔ »ཧོཿ ཐུགས་རྗེ་མྱུར་མགྱོགས་སྒྲོལ་དཀར་ཡུམཿ ཁྲོ་རྒྱལ་དམེ་བརྩེགས་བྱིན་ནུས་སྟོབས༔ ཆོས་ཉིད་ཆོས་ཅན་བདེན་པའི་མཐུས༔ བསྒྲུབ་བྱའི་སྐུ་གསུང་ཐུགས་གསུམ་ལ༔ སྒྲིབ་གཉིས་མི་གཙང་གྲིབ་ཕོག་པཿ ཉམས་མཁོན་བཙོག་མནོལ་གནས་སྟན་གོས༔ ཟས་སྤྱོད་བག་མེད་ཤོར་བའི་གྲིབཿ ལུས་ཀྱི་ལྷ་སྲུང་མནོལ་བ་དང་ཿ ནད་གདོན་བྱད་ཕུར་རྦོད་གཏོང་ཟུགཿ མི་མཐུན་གནོད་པའི་རྐྱེན་ངན་ཀུན༔ བྱང་ཞིང་དག་ནས་སོར་ཆུད་ཅིགཿ «རྩ་སྔགས་ཤམ་བུར༔» སརྦ་ཨ་པ་ན་ཡེ་སྭཱ་ཧཱཿ «གླུད་གཏོར་བསངས་སྦྱངས་བགེགས་འགུགས་བྱ་ཞིང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རླབས་ལཿ དེ་བཞིན་གཤེགས་པ་བཞིའི་མཚན་བརྗོདཿ སམ་བྷ་ར་ལན་བདུན་གྱིས་བསྔོ་ཞིང་༔» ཧཱུྃ་ཉོན་ཅིག་བགེགས་དང་ལོག་འདྲེན་འབྱུང་པོ་ཚོགས༔ «སོགས་ཀྱིས་གླུད་གཏོར་ཕྱིར་དོར་ཞིང་བདེན་སྟོབས་བརྗོད་ཅིང་ཿ ལས་སྔགས་དང་ཧཱུཾ་བཞིའི་སྔགས་སོགས་ཀྱིས་བགེགས་བསྐྲད༔ བསྲུངས་འཁོར་སྒོམ་པ་སྤྱི་ལྟར་རོཿ དེ་ནས་ལོ་རྒྱུས་མཚམས་སྦྱོར་ནི༔» དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཚེ་དབང་རིག་འཛིན་པདྨ་འབྱུང་གནས་དེ་ཉིད་ཀྱིས་སྔོན་དུས་རྒྱ་བོད་ལས་ཅན་གཟུངས་མ་རྗེ་འབངས་རྣམས་དང་མ་འོངས་སྙིགས་དུས་སྡུག་བསྔལ་གྱིས་གཟིར་བའི་འགྲོ་བ་མང་པོའི་དོན་དུ་འཆི་མེད་ཚེའི་གདམས་པ་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱི་ནང་ཚན་ལས༔ འདི་ཉིད་བྲག་ཕུག་མ་ར་ཏི་ཀའི་ཀེའུ་ཚང་དུ་ལྷ་ལྕམ་མནྡྷ་ར་བ་དང་ཨ་ཙ་ར་སུ་ཁ་སིདྡྷི་གཉིས་ལ་མནོག་ཆོས་སུ་གནང་ཞིང༌། སླར་ཡང་ཌཱཀྐི་བདེ་བ་དབྱིངས་ཀྱི་སྒྲོལ་མའི་མཁའ་ཀློང་དུ་རྒྱས་བཏབ་པ་ལས་རྟེན་འབྲེལ་དུས་བབས་ཀྱི་ཚེཿ དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལསཿ མ་འོངས་བྱང་ཕྱཽགས་ཁ་བ་ཅན་གྱི་ཡུལཿ གཉན་དང་ཤ་ཟ་མཁའ་འགྲོའི་རིགས་ཉིད་དུཿ ང་ཡི་བྱིན་རླབས་སྨྱོན་པའི་བརྟུལ་ཞུགས་འཆང་༔ བཛྲ་མིང་ཅན་སྣ་ཚོགས་སྤྱོད་པ་ཡིཿ གཟུགས་ཅན་གཟུགས་མེད་འགྲོ་བ་འགའ་འགའ་འདྲེན༔ ཞེས་གསུངས་པ་དང་༔ ཐུགས་ཐིག་གསང་བའི་ལུང་བྱང་ལས༔ དྲི་མེད་དགའ་རབ་དཔའ་བོ་བདག་ཉིད་ཀྱིཿ བྱིན་རླབས་རྣལ་འབྱོར་བྱང་སེམས་བརྟུལ་ཞུགས་ལྡནཿ དམ་ལྡན་གུས་ཤིང་དམ་མེད་ཡ་ག་སྒྲོགས༔ སྡེ་བརྒྱད་དབང་བསྡུས་འབྱུང་པོས་བཀའ་ལ་སྡོད༔ ཐིག་ལེ་སྐོར་གསུམ་གདམས་པ་འདི་འཕྲད་ནསཿ ལས་སྐལ་ལྡན་པའི་ཆོས་ཀྱིས་སྣ་དྲངས་ནཿ འགྲོ་བ་མང་པོ་ཡང་དག་ལམ་དུ་འདྲེན༔ ཞེས་གསུངས་པ་ལྟར་རིག་སྔགས་འཆང་བ་མཁའ་འགྲོའི་གསང་མཛོད་ལ་དབང་བསྒྱུར་བའི་ཁྲག་འཐུང་བདེ་བའི་རྡོ་རྗེས་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེའི་ནང་ཚན་ལས་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཚེ་འཕེལ་མའི་གདམས་པ་འདི་ཉིད་ཀྱང་རང་གཞུང་ལསཿ ཨེ་མཿ དྲི་མ་མེད་པའི་ཐུགས་ཀྱི་བཅུད༔ འགྲོ་བའི་དོན་དུ་བདག་ལ་གནང་ཿ སུ་ཁ་སིདྡྷིའི་ཉམས་ལེན་གནདཿ ད་ལྟ་ལྷ་ལྕམ་ཁྱོད་ལ་གཏདཿ མ་འོངས་ལྔ་བརྒྱའི་ཐ་མ་ལཿ བྱང་ཕྱོགས་ཁ་བཅན་གྱི་རིརཿ ལས་ཅན་བུ་དང་འཕྲད་པར་ཤོགཿ བྱིན་རླབས་དབྱར་སྐྱེས་ཆབ་དང་མཚུངསཿ དངོས་གྲུབ་དུས་མཐའི་མེ་ཆེན་འདྲཿ ཐུགས་རྗེའི་ནམ་མཁའི་གློག་ལས་མྱུརཿ ཚེ་ཟད་པ་ཡང་ལོ་བརྒྱར་འཚོཿ འཆི་མེད་རིག་འཛིན་མྱུར་འགྲུབ་འགྱུརཿ འདི་ཡི་ཡོན་ཏན་བརྗོད་མི་ལངསཿ བདེན་རྫུན་ལག་ཏུ་ལོངས་དང་ཤེསཿ ཞེས་གསུངས་པ་ལྟར༔ ཚེ་སྒྲུབ་བདུད་རྩི་བཅུད་འདྲེན་གྱི་དབང་ཆོག་ཟབ་མོ་སྐུར་བར་བྱེད་པ་ལ་བདག་སློབ་དཔོན་གྱིས་བགྱི་བར་འོས་པའི་རིམ་པ་རྣམས་སྔོན་དུ་སོང་ནསཿ ད་ཁྱེད་རང་རྣམས་ཀྱིས་ངོ་སྐལ་དུ་གྱུར་པ་ལ་མཎྜལ་ཕུལ་བར་མཛོད༔ «དེ་ལྟར་མཎྜལ་འབུལ་བའི་རིམ་པ་སོང་ནས་རྒྱུད་སྦྱངས་བའི་ཕྱིརཿ »མདུན་གྱི་ནམ་མཁར་བླ་མ་དང་དབྱེར་མ་མཆིས་པའི་འཕགས་མ་ཏཱ་རེ་ལྷ་མོ་རིགས་བདག་དང་བཅས་པ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་སྤྲིན་དཔུང་གཏིབས་པ་བཞིན་དུ་བསྐོར་བའི་དྲུང་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་འགྲོ་བ་དང་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་ཕྱིར་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད༔ ན་མོ་སྐྱེ་མེད་ཡུམ་ཆེན་འཕགས་མའི་ལྷ་ཚོགས་ལཿ འགག་མེད་དད་གུས་གདུང་བས་སྐྱབས་སུ་མཆིཿ མི་གནས་འགྲོ་རྣམས་འཕགས་པའི་སར་འགོད་ཕྱིརཿ སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ «ལན་གསུམཿ »སླར་ཡང་ཚོགས་ཞིང་མདུན་གྱི་ནམ་མཁར་གསལ་བའི་དྲུང་དུ་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད༔ ན་མོ་བདག་ལུས་ཞིང་རྡུལ་གྲངས་ལྡན་གུས་ཕྱག་འཚལཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་སྤྲུལ་ནས་འབུལཿ ཚེ་རབས་ལས་ཀྱི་སྡིག་ལྟུང་དམ་ཉམས་བཤགསཿ ཐུགས་རྗེས་སེམས་ཅན་དོན་མཛད་རྗེས་ཡི་རངསཿ འགྲོ་ཁམས་མ་སྟོང་བར་དུ་བཞུགས་གསོལ་འདེབསཿ དུས་གསུམ་ཟག་མེད་དགེ་ཚོགས་འགྲོ་ལ་བསྔོཿ དངོས་གཞིའི་དབང་གི་དོན་དུ་གསོལ་བ་གདབས་པ་འདིའི་རྗེས་ཟློས་མཛོདཿ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལཿ བདག་ཅག་ཚེ་བསོད་དཔལ་ཉམས་དང་ཿ འཆི་བའི་འཇིགས་པས་ཉེར་སྐྲགས་ནསཿ མགོན་པོས་ཐུགས་རྗེས་རྗེས་བཟུང་ཞིང་ཿ ཚེ་བསྲིངས་བསོད་ནམས་དཔལ་བསྐྱེད་པའིཿ དབང་དང་བྱིན་རླབས་བསྩལ་དུ་གསོལཿ« ལན་གསུམ་དང༌། དེ་ནས་ལྷ་བསྐྱེད་བྱིན་འབེབས་ནིཿ »ཨོཾ་སྭ་བྷ་ཝ༴« སོགས། »སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་སློབ་མའི་རྣམ་སྨིན་ཤ་ཁྲག་གི་ལུས་རྟེན་དབང་ཡུལ་བཅས་མི་དམིགས་པ་སྟོང་པ་ཉིད་དུ་སྦྱང་ཿ སྟོང་པའི་ངང་ལས་རིག་པ་ཏཾ་ཡིག་འོད་ཀྱི་འཕྲོ་འདུ་ལས་ཕྱི་སྣོད་གཡུ་ལོ་བཀོད་པའི་ཞིང་ཁམས་རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུས་སུ་སྣ་ཚོགས་པད་མ་དང་ཟླ་བའི་གདན་ལ་འཕགས་མ་ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ་སྐུ་མདོག་དཀར་གསལ་ཞལ་གཅིག་ཞི་འཛུམ་གཞོན་ཚུལ་ལྡན་ཞིང་སྤྱན་གསུམ་མཛེས་པས་འགྲོ་ལ་གཟིགས་ཤིང་ཕྱག་གཡས་པས་མཆོག་སྦྱིན་ཨུཏྤ་ལ་ནོར་བུས་མཚན་པའི་ཡུ་བ་བསྣམས་ཤིང༌། གཡོན་པས་དཀོན་མཆོག་གསུམ་མཚོན་ཕྱག་རྒྱས་ཚེ་བུམ་ཆུ་སྐྱེས་ཀྱིས་བཏེགས་པ་བསྣམས་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾཿ མགྲིན་པར་ཨཱཿ མཐར་ཧཱུཾ་གིས་མཚན་པ་ལས། འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཚོགས་དང་ཁྱད་པར་དུ་ཡང་པོ་ཏ་ལ་དང་གཡུ་ལོ་བཀོད་ན་བཞུགས་པའི་ཏཱ་རེ་ལྷ་མོ་ལྷ་ཚོགས་འཁོར་དང་བཅས་པ་སྤྲིན་དང་ན་བུན་འཐིབ་པ་བཞིན་དུ་བྱོན་པར་མོས་ལཿ« སློབ་མའི་མོས་གུས་དང༌། བླ་མའི་འདུན་པ་དྲག་པོའི་ངང་ནསཿ »པོ་ཏ་ལ་དང་གཡུ་ལོ་བཀོདཿ ཆོས་ལོངས་སྤྲུལ་སྐུའི་གནས་མཆོག་ནསཿ འཁོར་བ་ལས་སྒྲོལ་ཏཱ་རེ་མཿ ཏུཏྟ་ར་ཡིས་འཇིགས་བརྒྱད་སྒྲོལཿ ཏུ་རེ་ན་བ་རྣམས་ལས་སྒྲོལཿ ཚེ་འཛིན་ལྷ་མོ་འཁོར་བཅས་དང་ཿ རྒྱལ་བ་སྲས་བཅས་གཤེགས་སུ་གསོལཿ མོས་པའི་བུ་ལ་བྱིན་གྱིས་རློབསཿ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལཿ ཅེས་བརྗོད་པ་ཙམ་གྱིས་དབྱིངས་ན་བཞུགས་པའི་ཡེ་ཤེས་ཀྱི་ལྷ་ཚོགས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་རྡོ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་ཞིང་རྡོ་རྗེ་གསུམ་གྱི་བྱིན་རླབས་ཞུགས་ནས་འཆི་བ་མེད་པ་ཚེ་ཡི་རིག་འཛིན་ཐོབ་པའི་མོས་པ་མཛོདཿ ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཨོཾ་ཏཱ་རེ་ཏུཏྟ་རེ་ཨ་ཡུར་ཛྙཱ་ན་སརྦ་ས་མ་ཡ་ཨ་བཻ་ཤ་ཡ་ཕཻཾཿ «ཅི་ནུས་བཟླ་ཞིང་རོལ་མོའི་སྒྲ་དང་བཅས་ནསཿ དམིགས་པ་གཞུར་ལ་དྲངས་ཚེ་མོས་ལྡན་ལཿ སྒོ་གསུམ་བྱིན་ཕེབས་རྟགས་མཚན་ཤར་བར་འགྱུརཿ དེས་ཚེ་བརྟན་བཞུགས་བྱ་ཞིང་མེ་ཏོག་འཐོརཿ ཚེ་འགུགས་པ་ནི། མདའ་དར་གཡབ་ཅིང་ཿ »ཧྲཱིཿ བཅོམ་ལྡན་སྣང་བ་མཐའ་ཡས་འོད་དཔག་མེདཿ ཐུགས་རྗེའི་བདག་ཉིད་ཚེ་འཛིན་ཏཱ་རེ་མཿ སྤྲུལ་པ་ཉེར་གཅིག་དྲང་སྲོང་མཁའ་འགྲོར་བཅསཿ གློགས་ལྟར་མྱུར་བའི་ཐུགས་རྗེའི་འོད་ཟེར་གྱིསཿ རྒྱལ་བའི་བྱིན་རླབས་སྲིད་ཞིའི་ཚེ་བཅུད་དང་ཿ འབྱུང་ལྔའི་དངས་མ་རིག་འཛིན་ཚེའི་དངོས་གྲུབཿ མོས་པའི་བུ་ཡི་ཕུང་ཁམས་སྐྱེ་མཆེད་གསོསཿ འཆི་མེད་རིག་འཛིན་དངོས་གྲུབ་སྩལ་དུ་གསོལཿ ཨོཾ་ཏཱ་རེ་ཏུཏྟ་ཏེ་ཏུ་རེ་ཨ་ཡུར་ཛྙཱ་ན་པུཎྱེ་ཀུ་རུ་སརྦ་སིདྡྷི་བྷྲཱུྃཿ ཛཿ ཤར་ཕྱོགས་མགྱོགས་མ་མཐིང་གསལ་ཞི་བའི་ཉམསཿ ལྕགས་ཀྱུ་བུམ་པ་འཛིན་ཞིང་གར་སྟབས་བསྒྱུརཿ འཁྱམས་དང་ཡར་བའི་བླ་ཚེ་ཀུན་བསྡུས་ལཿ ཁྲག་གི་ཁམས་ནས་ཡར་བའི་བཅུད་གསོས་ཤིགཿ ཨོཾ་ཏཱ་རེ༴«སོགས། »ཧཱུཾཿ ལྷོ་ཕྱོགས་མགྱོགས་མ་སེར་གསལ་རྒྱས་པའི་ཉམསཿ ཞགས་པ་བུམ་པ་འཛིན་ཞིང་གར་སྟབས་བསྒྱུརཿ ཚེ་བསོད་ཉམས་དང་ཟད་པ་སོར་ཆུད་ལཿ ས་ཡི་ཁམས་ཤས་ཉམས་པ་ཀུན་གསོས་ཤིགཿ ཨོཾ་ཏཱ་རེ༴«སོགསཿ »བཾཿ ནུབ་ཕྱོགས་མགྱོགས་མ་དམར་མོ་དབང་སྡུད་ཉམསཿ ལྕགས་སྒྲོགས་བུམ་པ་འཛིན་ཞིང་གར་སྟབས་བསྒྱུརཿ ཚེ་དཔལ་ལྷ་འདྲེ་མཐུ་ཆེན་བརྐུས་པ་འཕྲོགཿ དྲོད་ཀྱི་ཁམས་ནས་ཉམས་པའི་སྟོབས་གསོས་ཤིགཿ ཨོཾ་ཏཱ་རེ༴«སོགསཿ »ཧོཿ བྱང་ཕྱོགས་མགྱོགས་མ་ལྗང་གསལ་དྲག་པོའི་ཉམསཿ དྲིལ་བུ་བུམ་པ་འཛིན་ཞིང་གར་སྟབས་བསྒྱུརཿ ཚེ་སྲོག་བྱད་དུ་བཅུག་པ་ཀུན་བསྡུས་ལཿ འབྱུང་བ་རླུང་ཁམས་ཉམས་པ་སོར་ཆུད་མཛོདཿ ཨོཾ་ཏཱ་རེ༴«སོགསཿ» ཧྲཱིཿ རྣམ་དག་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མཿ དཀར་གསལ་མདའ་དར་བུམ་པ་འཛིན་མའི་ཚོགསཿ སྤྲུལ་བསྒྱུར་སྣ་ཚོགས་ཧཱུྃ་ཧྲཱིཿབྷྲཱུྃཿགྱི་གླུསཿ འཁོར་འདས་སྣང་སྲིད་ནམ་མཁའི་བཅུད་བསྡུས་ལཿ རྣམ་ཤེས་ཁམས་ནས་ཉམས་པ་སོར་ཆུད་ཅིང་ཿ ལུས་ལ་བདེ་བ་ངག་ལ་ནུས་པ་བསྐྱེདཿ སེམས་ལ་ཉམས་རྟོགས་འབར་བར་བྱིན་གྱིས་རློབསཿ ཨོཾ་ཏཱ་རེ༴«སོགསཿ དེ་ནས་བུམ་པ་སྤྱི་བོར་བཞག་ཅིང་ཿ »ཧྲཱིཿ བཀྲ་ཤིས་རིན་ཆེན་བུམ་པའི་གཞལ་ཡས་སུཿ ལྷ་དང་དབྱེར་མེད་ཚེ་བཅུད་བདུད་རྩིས་གཏམསཿ མོས་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བསཿ ཚེ་ལ་དབང་བའི་རིག་འཛིན་ཐོབ་པར་ཤོགཿ «སྒྲུབ་སྔགས་ཤམ་བུར།» ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾཿ «བུམ་ཆུ་བླུད་ཅིང་ཉེ་རེག་བྱཿ» འཕགས་མའི་སྣང་བརྙན་སྤྱི་བོར་བཞག་ཅིང་ཿ དྲི་མེད་དུག་མདོག་དུང་གི་རི་བོ་ལཿ ཉི་མ་འབུམ་གྱིས་འཁྱུད་པའི་གཟི་འོད་ཅནཿ ཚེ་ཡི་དངོས་གྲུབ་བདེ་ཆེན་མཆོག་སྟེར་མཿ ཡིད་བཞིན་འཁོར་ལོའི་སྐུ་ཡི་དབང་ཐོབ་ཤོགཿ «སྒྲུབ་སྔགས་ཤམ་བུརཿ» ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུཾཿ «བཟླས་ལུང་ནིཿ» སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་ཿ སློབ་མ་འཕགས་མར་གསལ་བའི་ཞལ་ནས་ཞུགསཿ མཐར་ཟླ་བ་ལ་གནས་པའི་ཐུགས་སྲོག་གི་མཐར་སྔགས་ཕྲེང་གཡོན་དུ་འཁོར་བར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོདཿ« སྒྲུབ་སྔགས་ལན་གསུམ་རྗེས་ཟློས་བྱཿ རྩི་བཅུད་བདུད་རྩི་སྦྱིན་ལཿ» ཧྲཱིཿ འཕགས་མ་འཆི་མེད་དཔལ་སྟེར་མསཿ སྐུ་ལས་བདུད་རྩིའི་རྒྱུན་བབས་པཿ སྐལ་ལྡན་བུ་ལ་སྦྱིན་པ་ཡིསཿ འབྱུང་བའི་བཅུད་འཕེལ་ཚེ་བསོད་རྒྱསཿ བདེ་དྲོད་འབར་བའི་དབང་ཐོབ་ཤོགཿ« སྒྲུབ་སྔགས་མཐརཿ »ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ «ཚེ་ཟན་སྦྱིན་ལཿ »རྒྱལ་བས་བྱིན་རླབ་བརྟན་གཡོས་བཅུདཿ ཡོངས་འདུས་ཚེ་ཡི་རིལ་བུ་འདིཿ དད་ལྡན་བུ་ལ་སྦྱིན་པ་ཡིསཿ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཅིང་ཿ རྒྱས་པ་མེད་པའི་དབང་ཐོབ་ཤོགཿ «རྩ་སྔགས་ཤམ་དུ།» ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾཿ «རྒྱ་གྲམ་གནས་ལྔར་བཞག་ཅིང་ཿ» ཧྲཱིཿ མི་འགྱུར་མི་ཤིགས་རྡོ་རྗེའི་སྐུཿ གཞོམས་གཞིག་བྲལ་བ་རྡོ་རྗེའི་སྐུཿ འགགས་མེད་ཚངས་དབྱངས་རྡོ་རྗེའི་གསུངསཿ རིག་སྟོང་བློ་འདས་རྡོ་རྗེའི་ཐུགསཿ འཕགས་མའི་བྱིན་རླབས་རྡོ་རྗེའི་དཔལཿ སྐལ་ལྡན་བུ་ལ་ཐོབ་པར་ཤོགཿ སྒྲུབ་སྔགས་ཤམ་བུརཿ བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾཿ «དེ་ནས་མདའ་དར་གྱི་རྒྱས་གདབ་བྱ་ཞིང་ཿ »ཧྲཱཾཿ སངས་རྒྱས་མཁའ་འགྲོ་འཆི་མེད་གྲུབ་པའི་རྒྱལཿ སྐལ་ལྡན་ཕོ་མོའི་ཁམས་དང་སྐྱེ་མཆེད་ཀྱིཿ ཚེ་སྲོག་བསོད་ནམས་དཔལ་དང་གཡང་ཁུག་ལཿ བླ་ཚེ་ཡར་བ་ཁུག་ལ་ཆད་པ་མཐུདཿ འཁྱམས་པ་བསྡུས་ལ་བྱིངས་སོང་ཉམས་པ་གསོསཿ མི་འགྱུར་མི་ཤིགས་སྲོག་གི་ཀ་བ་ཚུགསཿ རྡོ་རྗེའི་ཆོས་བདུན་དབྱིངས་སུ་ཚེ་སྦས་པཿ ལྷ་དང་དྲང་སྲོང་རྒྱལ་བས་ཀྱང་མི་གཟིགསཿ དྷརྨ་དྷརྟུ་བཛྲ་རཀྵ་རཀྵ་ཧཱུཾཿ «ཞེས་རྒྱས་གདབ་བོཿ མཐའ་རྟེན་རྫས་རྟགས་སྣ་བདུན་དང་ཿ ཁས་བླངས་གཏང་རག་སྤྱི་ལྟར་ལཿ »ནམ་མཁར་བཞུགས་པའི་དཔའ་བོ་མཁའ་འགྲོ་དང་ཿ ལྷ་དང་ལྷ་མོས་བཀྲ་ཤིས་གླུ་དབྱངས་བརྗོདཿ མེ་ཏོག་པུཎྜ་རི་ཀ་ཕྱོགས་བཅུར་འཐོརཿ འཛམ་གླིང་བདེ་སྐྱིད་དཔལ་ལ་སྤྱོད་པར་མོསཿ «ཅེས་བརྗོད་ཅིང༌། བཀྲ་ཤིས་པའི་ཚིག་སྣ་ཚོགས་ཀྱིས་མཐའ་བརྒྱན་པར་བྱའོ། །ཨེ་མ། དྲི་མེད་དགའ་རབ་དཔའ་བོའི་ཐུགས་ཀྱི་བཅུདཿ ཨ་ཙར་དམར་པོའི་ཉམས་ལེན་གསང་བའི་ཆོསཿ ལྷ་ལྕམ་ལ་གཏད་མ་འོངས་དོན་ཉིད་དུཿ ཌཱཀྐི་ཚེ་འཛིན་མ་ཡི་ཐུགས་ཀློང་སྦསཿ ལྔ་ཕྲག་ཐ་མའི་འགྲོ་བ་སྡུག་བསྔལ་དུསཿ ཁ་བ་ཅན་དུ་ང་ཡིས་བྱིན་རླབས་པའིཿ བརྟུལ་ཞུགས་ཁྲག་འཐུང་སྨྱོན་པར་འཕྲད་ནས་ཀྱང་ཿ ཉམས་ཐག་འགྲོ་བ་མང་པོའི་དོན་བྱེད་ཤོགཿ དད་དང་མོས་གུས་དམ་ཚིག་ལྡན་པ་ཡིསཿ དབང་ཐོབ་ཐེ་ཚོམ་བྲལ་བའི་རིགས་རྒྱུད་གངཿ དམ་ལྡན་དྲུང་ནས་དབང་འདི་ཐོབ་གྱུར་ནཿ ཚེ་ཟད་པ་ཡང་ལོ་ལྟར་འཚོ་བར་ངེསཿ བསྐྱེད་རྫོགས་དད་ལྡན་ཚེ་ལྷག་བཅུ་གསུམ་གསོཿ ཐ་མལ་སྐྱེ་བོའང་ལོ་གསུམ་ཚེ་བསྲེངས་ངེསཿ དེ་ཕྱིར་གཅེས་པར་ཟུངས་ཤིག་ཕྱི་རབས་བུཿ དམ་མེད་ལོག་ལྟ་ཅན་ལ་ཁ་ཐམ་རྒྱཿ ས་མ་ཡཱཿ སྐུ་གསུང་ཐུགས་ཀྱི་རྒྱ་རྒྱ་རྒྱཿ ཅེས་པ་འདི་ཡང་དུས་རྟགས་མངོན་གྱུར་གྱི་སྐབས་སུ། དབྱིངས་རིགས་ཌཱཀྐི་མ་དང༌། ཐུགས་ཀྱི་སྲས་མཆོག་གིས་བསྐུལ་མ་བྱུང་ལྟརཿ མཁའ་འགྲོ་གསང་བའི་བརྡ་རིས་ལསཿ ཁྲག་འཐུང་བདེ་བའི་རྡོ་རྗེས་དག་པར་ཕབས་པསཿ ཡི་གེ་པ་ནི་རིགས་སྲས་སྤྲུལ་པ་དྲི་མེད་གྲགས་པས་བགྱིས་པཿ ཤིན་ཏུ་བྱིན་རླབས་ཆེ་བའི་སྡེ་ཚན་ནོཿ