PJCW-KABUM-06-CHA-033: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 11: Line 11:
|pagestatus=Temporary stub only
|pagestatus=Temporary stub only
|volumenumber=06
|volumenumber=06
|volnumtib=༦
|volyigtib=ཆ
|volumeLetter=CHA
|volumeLetter=CHA
|textnuminvol=030
|textnuminvol=030

Revision as of 15:37, 6 June 2024

Wylie title
Location dpal sprul bka' 'bum
Volume 6, Text 30, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre
[edit]
༄༅། །རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་རོ་དྲུག་སྨན་གྱི་བྱེད་པས་ནད་དྲུག་སྦྱོང་བའི་དཔེས་ཕྱིན་དྲུག་གི་ཡོན་ཏན་དང་ལྡན་པར་བསྔགས་པ།


ན་མོ་གུ་རུ་བྷཻ་ཥ་ཛྱེ། སྲིད་པའི་ཟུག་རྔུ་དྲུང་འབྱིན་པའི། །མཆོག་གི་སྨན་པ་ཐམས་ཅད་མཁྱེན། །ལྷ་དང་མི་ཡི་རྗེར་གྱུར་བའི། །སྐྱོབས་པ་དེ་ལ་ཕྱག་འཚལ་ལོ། །གཞ༵ན་ཕ༵ན་བྱང་ཆུབ་སེམས་ཀྱི་སྨན། །མཐ༵འ་ཡ༵ས་འགྲོ་བའི་གཉེན་གཅིག་པུ། །སྲིད་པའི་གདུང་བར་བསིལ་སྦྱིན་པའི། །ཟླ་བའི་འོ༵ད་ཟེ༵ར་དེ་ཁོ་ན། །གང་ཞིག་སྲིད་པའི་ཟུག་རྔུ་ནི། །ཇི་སྙེད་མཆིས་ཀུན་མ་རིག་པའི། །རྩ་བ་ཅན་དེ་དེ་ལ་ཡང་། །བདག་ལྟས་ལོ་འདབ་བསྐྱེད་པ་ལས། །རྟེན་འབྲེལ་བཅུ་གཉིས་འཁོར་བ་ཡི། །རྩ་བ་གཅོད་པའི་ཤེས་རབ་མཚོན། །གང་གིས་འཆང་བ་དེ་ཁོ་ན། ། སྲིད་པའི་མིག་མཁན་རྒྱལ་པོ་ལགས། །མ་རིག་རྨོངས་པའི་རྟེན་འབྲེལ་ལས། །ཆགས་སྡང་གྲང་དང་ཚ་བའི་ནད། །སྲིད་པའི་གདུང་བ་ཇི་སྙེད་པའི། །ཕྱི་མོ་ཉིད་དུ་ངེས་པར་གྲུབ། །དུག་གསུམ་དུག་གི་ས་བོན་ལས། །རླུང་འཁྲིས་བད་ཀན་འདུ་བ་གསུམ། །རྣམ་པར་མ་གྱུར་གྱུར་པ་ཡི། །ལུས་དང་ནད་ཀྱི་གཞི་མར་གྲུབ། །དེ་ལ་མཚན་ཉིད་ཉི་ཤུ་དང་། །དབྱེ་བ་བཞི་བརྒྱ་རྩ་བཞི་སོགས། །སྲིད་པའི་ཉེ་ཉོན་ཉི་ཤུ་དང་། །བརྒྱད་ཁྲི་བཞི་སྟོང་རྒྱུ་ལས་བྱུང་། །དེ་སླད་སྲིད་པའི་ཉོན་མོངས་ནད། ཇི་སྙེད་ས་བོན་བཅས་སྤང་པ། །བྱང་ཆུབ་སེམས་ཀྱི་བདུད་རྩི་ནི། །གང་གིས་སྟོན་པ་སྨན་མཁྱེན་གཙོ། །དེ་སླད་གཞན་ལ་ཕན་དགོངས་པའི། །རྒྱལ་སྲས་སྨན་པ་བླ་མེད་དག །སྦྱིན་པའི་༡རོ་མངར་འཇིག་རྟེན་ན། །མཐའ༷་ཡས་གདུང་བ་སེལ་ཞེས་གྲགས། ། ཉེས་སྤྱོད་དྲི་མ་རྣམ་སྦྱོང་ཞིང་། །དགེ་ཚོགས་བཞིན་རས་སྡུད་འགྱུར་བའི། །ཚུལ་ཁྲིམས་༢སྐྱུར་རྩིས་འཇིག་རྟེན་གསུམ། །ཕན་བདེའི་འགྲམ་ཆུ་སློང་མིན་ནམ། །གནོད་དང་ཟབ་མོའི་དོན་མཆོག་ལ། །སྐྱོ་བ་མི་མངའ་མི་སྐྲག་པའི། །དཀའ་ཐུབ་མཆོག་གི་རླན་སྡུད་པ། །བཟོད་པ་༣ལན་ཚྭའི་རོ་བཞིན་ལེན། །གདུང་བ་དང་དུ་ལེན་པའི་བློ། །སྲིད་པའི་དྲི་མ་དག་ཕྱིར་དེ། ། བརྩོན་འགྲུས་༤ཁ་བའི་རོ་མཆོག་བཞིན། །དཀའ་བ་དང་དུ་ལེན་མིན་ནམ། །སེམས་ཀྱི་སྒྲིབ་པ་སྲེག་བྱེད་པ། །མངོན་ཤེས་ཡེ་ཤེས་དྲོད་བསྐྱེད་པའི། །བསམ་གཏན་༥ཚ་བའི་རོ་བདའ་བས། ། སྒྲིབ་གཉིས་དྲུང་ནས་འབྱིན་པར་བྱེད། །ཤེས་རབ་༦མཆོག་གི་སྨན་བཟང་ནི། །སྟོང་པའི་ལྕེ་ལ་རྗེས་ཆགས་པའི། །བསྐ་བའི་རོ་བཞིན་སྲིད་ཞི་རུ། །ཡོན་ཏན་ཁ་དོན་གསལ་བར་བྱེད། །ཕྱིན་དྲུག་སྤྱོད་པའི་རྣམ་གྲངས་ཀྱིས། །གོ་ཆའི་སྒྲུབ་པ་ལ་སྤྱོད་པའི། །དྲན་བཞིན་མངར་བའི་ཞུ་རྗེས་ཀྱིས། །ཚོགས་ལམ་འདུ་བའི་ཐོག་ཐབ་བསྐྱེད། །འཇུ་བྱེད་མ་འདྲའི་བརྩོན་པ་ནི། །རྣམ་བཞིའི་དྲོད་ཀྱིས་ལེགས་བཞུ་བའི། །སྤྱོད་མཆོག་སྐྱུར་བའི་ཞུ་རྗེས་ཀྱིས། །ཚོགས་ལམ་འབུལ་བའི་བར་པ་བསྐྱེད། །ཡིད་བྱེད་མེ་མཉམ་ཐབས་བཅས་པས། །རྟོག་པའི་དྭངས་སྙིགས་བྱེད་པའི་སེམས། །ཏིང་འཛིན་ཁ་བའི་ཞུ་རྗེས་ཀྱིས། །ཚོགས་ལམ་འདུ་བའི་ཐ་ཐོག་བསྐྱེད། ། ༈ རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་ལམ་མཆོག་གི་སྤྱོད་པ་ལ་དབང་བའི་ཡོན་ཏན་བསྐུལ་བའི་ཟོལ་གྱིས་བསྔགས་པ། གཞ༵ན་ཕན་ཐུགས་བསྐྱེད་རྩ་བ་བརྟན་ཞིང་། །ཕ༵ན་བདེའི་འབྲས་བུའི་ཡལ་ག་ལྕི་ལ། །མཐ༵འ་བྲལ་ལྟ་བའི་ཁོ་ལག་ཡངས་པ། །ཡ༵ས་འབེབས་ཐེག་རྩེའི་གྲིབ་མ་སྣུམ་མོ། །གང་གཞ༵ན་བསྐལ་བར་གོམས་དཀའི་ཚོགས་གཉིས། །འགྲོ་ཕ༵ན་སྨོན་མཐུས་ཡིད་ཀྱིས་འགྲུབ་ པའི། །གྲུབ་མཐ༵འ་དེ་ལ་ཁྱེད་ཅིག་དགྱེས་པས། །དཔག་ཡ༵ས་འགྲོ་ཕྱིར་ཐུགས་བསྐྱེད་བརྟན་ནོ། །བདག་བས་གཞ༵ན་གཅེས་བློ་སྟོབས་ཆེན་པོས། །སྲིད་ཞིའི་ཕ༵ན་བདེ་འགྲོ་ལ་འགྱེད་ པའི། །ཐུགས་བསྐྱེད་མཐ༵འ་ལ་ཐུག་པ་མེད་ཕྱིར། །ཐུགས་རྗེ་ཡ༵ས་སྤྲུལ་རྒྱལ་བ་ཁྱེད་ཡིན། ། དགྲ་གཉེན་བདག་གཞ༵ན་འཛིན་པ་དོར་བའི། །སྙོམ་པའི་འགྲོ་ཕ༵ན་ཐབས་བརྒྱས་བསྒྲུབས་ནས། །ཐེག་རྩེའི་གྲུབ་མཐ༵འ་སྙིང་ལ་བཅིང་སྟེ། །ལམ་བཟང་གཞལ་ཡ༵ས་འགྲོ་ལ་སྟོན་ནོ། ། འདི་ལ་ཉེ་ལམ་གཞ༵ན་ཞིག་མེད་ཅེས། །བདེ་སྟོང་ཕྱག་རྒྱས་ཕན་ཚུན་འདེབས་པས། །རྣམ་རྟོག་འགྱུ་བ་མཐ༵འ་དག་ཟ་བ། །དཔྱིད་ཀྱི་ཐིག་ལེའི་ཡ༵ས་བབས་བཞེད་དམ། །གང་ལ་ལྟོས་ན་ལམ་གཞ༵ན་འཆིང་བྱེད། །གང་དང་ལྡན་ན་འགྲོ་ཕ༵ན་ལྟ་ཅི། །གང་ཡང་ལམ་ཞེས་གྲུབ་མཐ༵འ་འཆའ་བའི། །རྣམ་མང་ཐབས་ཚུལ་བགྲང་ཡ༵ས་མཁྱེན་ནམ། །གཉིས་ཆོས་འབྱེད་པོའི་གྲུབ་མཐའ་གཞ༵ན་གྱིས། །མཉམ་ཉིད་རྟོགས་པའི་དོན་ལ་ཕ༵ན་མེད། །ཚུལ་ཆེན་ཐེག་པའི་ཉེ་ལམ་མཐ༵འ་དག །རྟོགས་པའི་ཀློང་ནས་ཡེ་ཤེས་ཡ༵ས་བབ། །དོན་འདི་མ་རྟོགས་རྩོལ་སྒྲུབ་ལམ་གཞ༵ན། །ཐར་མཆོག་ཉེ་ལམ་སྒྲུབ་ལ་མི་ཕ༵ན། །ཁ་བཤད་ཚིག་ལམ་གཉེར་བའི་གྲུབ་མཐ༵འ། ། ཉམས་ལེན་གནད་དུ་འབེབས་ཚེ་པྲ་ཡ༵ས། །ཀྱེ་ལགས་གཅན་གཟན་རྒྱལ་པོའི་རྒྱལ་རྒྱུད། ། དམན་ལམ་སྤྱོད་པའི་རྟོག་པས་ལྟ་ཅི། །བྱར་མེད་བྱུང་རྒྱལ་གཡུ་རལ་བསིག་ནས། །གངས་སྟོང་འགྲིམ་ལ་དགྱེས་པ་ཡོད་དམ། །ཡར་ལ་བགྲོད་པའི་ཡང་དབེན་ཞིག་ན། །མེས་བརྒྱས་མནན་པའི་རྒྱལ་ས་ཡོད་སྐད། །རྒྱལ་རིགས་སྐལ་ལྡན་ཁྱེད་གཅིག་ལགས་ན། །བརྟན་པའི་དམ་བཅའ་དོན་ཡོད་དགོས་སོ། །ཀུན་འཇིགས་དུས་ཀྱང་འཇིགས་པར་བྱེད་པའི། །དུས་དགྲའི་དབང་པོའི་ཕོ་བྲང་དེ་ན། །གྲུབ་གཉིས་ནོར་བུའི་མཛོད་ཀྱི་སྒོ་འཕར། །ཐབས་མཆོག་སྡེ་མིག་ཁྱེད་ལ་ཡོད་སྐད། །ཐར་མཆོག་ཐར་པ་གང་ལ་བསྟེན་ན། །ཐར་ལམ་འདི་ཞེས་ལག་རྩེར་གཏོད་བའི། །པད་ཅན་དྲྭ་བའི་པདྨ་རྣམ་རྒྱས། །མཆོག་སྦྱིན་ལྷ་མོའི་སྒུགས་ཡུན་མ་བསྲིངས། ། གྲུབ་བརྒྱའི་སྤྱི་མེ་སངས་རྒྱས་ཡེ་ཤེས། །གྲུབ་ཚུལ་ཟླ་མེད་མེ་ལོང་རྡོ་རྗེ། །གྲུབ་བརྒྱས་བརྟེན་པའི་སྐུ་ཡི་དབེན་གནས། །གྲུབ་པས་སྟོང་པའི་དུས་འདིས་ནོངས་སོ། །མེས་ཀྱི་ཚྭ་སྐྱེས་ཚར་ལ་ཉེ་ཚེ། །ལྟར་སྣང་བཅོས་མའི་ཝ་སློག་དོར་རན། །ཡབ་མེས་སྟག་སླག་ཐབས་ཀྱི་ཐང་ཤམ། ། ལྷུབ་པོར་བགོས་པའི་འབྱོར་འགྲོས་མ་འཕྱི། །ཆོས་བརྒྱད་སྣང་བ་སྒྱུ་མའི་གྲོང་ན། །རྟོག་པའི་གར་མཁན་ལྟད་མོས་ཅི་བྱེད། །བྱིས་བློའི་བློ་འཚུབ་ཤུལ་བུ་སྐྱུར་དང་། །བྱིས་པའི་མཁར་སོ་རྨོངས་པས་བསྒྲུབ་འགྲོ། །ལུང་རྟོགས་ཡོན་ཏན་རྒྱལ་བསྟན་ལགས་ན། །སྡེ་རིས་གཅོད་པའི་གྲུབ་མཐའ་ཅི་བྱེད། །ཆགས་སྡང་སྐྱུར་ལ་དབེན་རི་སྙོགས་དང་། །ཕྱོགས་རིས་རྩོད་པ་ཁོང་ཚོ་མཁས་འགྲོ། །སྙིགས་མའི་རྒྱལ་བསྟན་དཔུང་པས་མི་ཐེག །རང་འདོད་གྲུབ་མཐའ་ཚིག་གིས་མི་ཟིན། །ཐུབ་བསྟན་རི་མོ་ཐུགས་ལ་བྲི་ནས། །ཡབ་མེས་གོང་མའི་གདན་ས་འཛིན་རན། ། ཐུགས་བསྐྱེད་བརྟན་ཡང་གཞན་རྒྱུད་ཐུལ་དཀའ། །སྒྲོ་སྐུར་གཡབ་མོས་གཡབ་འདོར་ལགས་ན། །དབྱིངས་ཕྱུག་མཁའ་འགྲོ་དབྱིངས་ནས་ཁྲེལ་ཏེ། །རེག་འཇམ་དཀར་པོའི་དར་ལམ་བརྐྱང་འོང་། །སྦས་བརྒྱའི་སྦུབ་ནས་སྐུ་ཚེའི་སྣང་བྱེད། །ལེགས་ལམ་ངང་དུ་འབར་ཡུན་རིང་ ན། །དོན་གཉིས་ལྷུན་གྲུབ་ངམ་ངམ་ཤུགས་ཤུགས། །གཞན་ཕན་སྒྲུབ་ལ་སྒྲུབ་རྒྱག་ཅི་དགོས། ། ཆོས་ཡོལ་ཕག་ནས་འདི་སྣང་སྒྲུབ་པའི། །ངོ་བསྟོད་འཁོར་གྱི་ངོ་དགས་ཅི་བྱེད། །བཅོས་མའི་ཁྱུ་ལས་ཐག་རིང་བཤོལ་དང་། །ཆེ་འདོད་དཔོན་ལ་ཁོང་ཚོ་བཏུད་འགྲོ། །ཡན་པ་བློ་བདེ་རྒན་པོའི་བུ་བརྒྱུད། །འདི་སྣང་བྱིས་པའི་རྩེ་གྲོགས་མི་ཁོམས། །བྱར་མེད་ལྷུག་པའི་བག་ཡངས་དེ་ལ། །དགྱེས་པ་ཡོད་ན་དེ་ཤུལ་སྙོག་རན། །ནམ་མཁའི་རྡོ་རྗེ་རྒྱ་གྲོལ་རྣལ་འབྱོར། །བླ་མའི་གསུངས་ལ་རང་འདོད་གར་ཡོད། །གྲྭ་སའི་བརྫུ་བའི་རྫུན་གྱིས་བསླུ་བྲིད། །དེ་ལ་གསན་པ་ཐུགས་དགོངས་ཆུང་ངམ། །རྡོ་རྗེའི་ཚིག་ཡིན་དང་པོའི་ལུང་བསྟན། །འཁྲུལ་མེད་བཀའ་ཡིན་བར་གྱི་གསུང་སྒྲོས། །གཙོ་བོའི་ཞལ་ལ་འཁོར་གྱི་ཞིང་རྨོས། །རང་དོན་སྙི་མ་ས་རྫི་ཀ་ལགས། ། སྣ་ཆེན་སྣ་བོའི་གཏམ་དང་ལོངས་སྤྱོད། །མཆོག་ཏུ་བརྩི་ན་འདི་སྣང་མཁན་པོ། །གསེར་དང་བོང་པ་མཉམ་པར་གཟིགས་པའི། །དམ་པ་ཁྱེད་ལ་དེ་འདྲ་སྲིད་དམ། །བསྟན་པའི་ཆོ་ལོ་རྒྱལ་སྲས་སྤྱི་ལ། །ཐུབ་པས་བྱིན་པའི་མིང་ཡིག་ལགས་ན། །ཞལ་བཞེས་མང་ལ་ཕྱག་བཞེས་ཉུང་བ། །དམ་པ་ཁྱེད་ལ་འོས་པ་ཡིན་ནམ། །བསྟན་པ་ཟོལ་མའི་གཉེར་ཁའི་བྲེལ་ཚུབ། །མཛད་པ་མང་སྟེ་འགྲུབ་མཁན་ཉུང་བས། །སྙིང་པོར་འཇུག་ས་ཕྱག་འཛུབ་ཐེག་དང་། །འཛུག་ས་དངོས་དེ་གང་ཞིག་རེད་ལགས། །ཙི་ནའི་དཔོན་ཚུལ་ཤུབས་ན་འགྱིང་བའི། །རྟ་ཐོག་བླ་མས་བསྟན་པ་ཅི་ཤེས། །རྣམ་གསུམ་ཆོས་གོས་སྐུ་ལ་བཞེས་ཚེ། །སྦྱང་ཡོན་བཅུ་གཉིས་གཏན་གྲོགས་མིན་ནམ། །ཚུལ་འཆོས་རྒྱ་ཡིས་རང་རྒྱུད་བཅིང་བའི། །ལོག་འཚོ་མཁན་པོས་བསླབ་གསུམ་ཅི་ཤེས། །ཐུབ་བསྟན་ཡོངས་རྫོགས་ཐུགས་ལ་བཞེས་ཚེ། །ཐུབ་ཚུལ་རྨ་མེད་རང་ལུགས་མིན་ནམ། །རང་དོན་ཡིད་བྱེད་ལམ་གོལ་འཁྱམས་པའི། །བློ་ཆུང་བློ་ཡིས་ཐེག་ཆེན་མི་ཤེས། །ནམ་མཁའ་ལྟ་བུའི་ཐེག་མཆོག་ཞོན་ནས། །ལམ་གྱི་མྱུར་ལམ་གཉེར་བྱ་མིན་ནམ། །འཁོར་འདས་ཆོས་ལ་སྤུ་རིས་འབྱེད་པའི། །སྤང་བླང་མཁན་པོས་མཉམ་ཉིད་ཅི་ཤེས། །གང་ཡང་ཞེན་མེད་ལམ་དུ་འཁྱེར་ལ། །གཏད་མེད་འཆིང་བྲལ་མཐར་ཐུག་མིན་ནམ། །ཐབས་དང་བྲལ་བའི་སྟོང་སྒོམ་མུན་རྡོས། །མི་ཚེ་སྐྱེལ་ནས་ཐབས་མཆོག་ཅི་ཤེས། །སྙན་རྒྱུད་སྒོམ་པའི་དབང་བཞིའི་རྣལ་འབྱོར། །སྤྱོད་པའི་བོག་འདོན་ལ་བཟླ་མིན་ནམ། །འགྱུར་མེད་དོན་གཉེར་དམན་ལམ་འགྲོ་བས། །འགྱུར་བ་མེད་པའི་ཁྱད་ཆོས་ཅི་ཤེས། །འཕོ་མེད་བདེ་ཆེན་དོན་དུ་གཉེར་བས། ། འཛག་མེད་ཚུལ་ཁྲིམས་བསླབ་བྱ་མིན་ནམ། །བསྐྱེད་པས་བསྐྱེད་ནུས་སོ་སྐྱེའི་ལམ་མཐའ། ། རྫོགས་པའི་རྣལ་འབྱོར་སྐྱེ་འཕགས་མཚམས་སྦྱོར། །རྫོགས་ཆེན་རྟོགས་པའི་འཕགས་ལམ་འཁྲུལ་མེད། །རྩ་མདུད་གྲོལ་བའི་ལག་རྗེས་མིན་ནམ། །སོར་མོས་མ་ཡིན་སྙུགས་གུའི་ལྟ་ཅི། ། དགོངས་རྒྱུད་ཁྲོལ་དཀའ་འཁོར་ལྔའི་མདུད་རྒྱ། །གང་གིས་གཞིག་ནུས་བཅོམ་ལྡན་ལྡན་པ། ། གྲུབ་བརྒྱས་བརྟེན་པའི་བཞེས་འཕྲོ་མིན་ནམ། །སྟག་ཤམས་ཐིག་ལེའི་འཛུམ་ཆེན་དགོངས་དང་། །ཟླུམ་པོའི་མཐིང་གོས་པུས་མོའི་འཆིང་ཐགས། །བསླབ་པའི་བཙོན་བུའི་སྡོམ་པའི་སྒྲོགས་ལ། །རོ་མཉམ་རིགས་སྔགས་ད་ནི་འདེབས་རན། །རྒྱན་དྲུག་རི་མོའི་འཕྱང་འཕྲུལ་དགོངས་དང་། །ཟླུམ་ཚལ་སྣམ་ཕྲན་དཀྲོལ་བའི་འཆིང་ཐག །བླང་འདས་བརྩི་བའི་གུད་དོགས་བཙོན་ཁང་། །སྤང་བླངས་མེ་སྒྱོགས་ད་ནི་བརྡེག་རན། །ཐོར་ཚུགས་འཁོར་ལོའི་མཛེས་པ་དགོངས་དང་། །མགོ་རིག་བརྟུལ་ཞུགས་དཀྱིལ་འཁོར་བརྙས་བཅོས། །གསོ་སྐྱོང་བསྒྲིགས་བཅད་འཛིན་པའི་བཙོན་སྲུང་། །གཏད་སོའི་སྲོག་དང་ད་ནི་འབྲལ་རན། །ཕ་གཅིག་པདྨའི་ཚོམ་བུའི་ཚོགས་སུ། །སྨོན་ལམ་མཐུན་པའི་སྤྱོད་པའི་བོགས་འབྱིན། །བརྒྱུད་པ་ཀུན་ལ་བགོ་སྐལ་ལགས་ན། །སྟོན་མོའི་རང་སྐལ་ད་ནི་བཞེས་རན། །ཨ་ལ་ལ་ཧོ་ཆགས་མེད་ཞེན་བྲལ། ། ཨེ་མ་ཧོ་དེ་གང་བྱས་གུ་ཡང་། །ཀློང་ཆེན་བརྒྱུད་པའི་ཁྱད་ཆོས་དེ་ཀོ། དེ་ཀ་ཡིན་ནམ་སྐྱབས་རྗེ་ཁྱེད་དགོངས། །ཨ་བུ་སྨྱོན་པའི་རྩེད་མོའི་གླུ་ཆུང་། །ཐོལ་བྱུང་ངང་ནས་གང་དྲན་ཕུལ་བ། ། འབྲེལ་མེད་གཏམ་ལ་བརྗོད་བྱ་མེད་ཀྱི། །བཀའ་བཀྱོན་མེད་པའི་བཀའ་དྲིན་ཞུ་ཞུ། །

༈ སྣང་བཞི་ཚད་དུ་ཕེབས་པ་སོགས་རང་དོན་མངོན་དུ་གྱུར་ཅིང་སྡེ་སྣོད་གསུམ་སྟོན་པ་སོགས་གཞན་དོན་མཛད་པའི་ཡོན་ཏན་ལ་བསྔགས་པ། གཉིས་ཀྱི་བདེན་པ་གཉིས་པ་དོན་དམ་ཇི་བཞིན་ཐུགས་སུ་ཆུད། །དང་པོའི་ཀུན་རྫོབ་སྣང་བ་འགགས་མེད་འཆར་ན་ཡང་། །གསུམ་སྐུ་གྱི་ཐོག་མའི་ཆོས་སྐུའི་དབྱིངས་སུ་འུབ་ཆུབ་ཚེ། །བཞི་ཡི་སྣང་བ་ཐ་མའི་སྐབས་སུ་ཆོས་ཉིད་ཟད་པ་འཕོས་དེར་བསྔགས། །ཕུལ་བྱུང་བཅུ་གཉིས་སྡེ་སྣོད་གསུང་གི་དང་པོ་མདོ་སྡེ་མཆོག །བཅུ་ཡི་ཐ་མ་རྒྱུན་མཐའ་རྫོགས་པའི་སྐལ་བཟང་ལ། །ཀུན་ནས་ལྔ་ཡི་དབང་བོ་གཉིས་པར་རྣ་བར་བསྒྲགས་པའི་ཚེ། །བཞི་ཡི་བདེན་པ་ཐོག་མ་སྡུག་བདེན་ཉམས་ལ་མངོན་གྱུར་སྙམས། །འགོག་བདེན། རྣམ་དག་བསླབ་པ་གསུམ་གྱི་དང་པོ་ཚུལ་ཁྲིམས་ལ་གནས་ཤིང་། །གསུམ་གྱི་སྦྱོར་དངོས་རྗེས་ཐོག་མ་བར་དང་ཐ་མ་རུ། །དྲུག་གི་ཕར་ཕྱིན་བཞི་བརྩོན་འགྲུས་བར་གཞོལ་ལ་ཐུགས་བསྐྱེད་ཀྱིས། །གསུམ་གྱི་ཁམས་གསུམ་གནས་ནས་མྱུར་དུ་འདའ་བར་མཛོད། །དེ་སྐད་གསུམ་སྒོ་གྱི་གཉིས་ངག་པའི་ལམ་ནས་དྲངས། །ལྔ་ཡི་སོར་མོ་གཅིག་གིས་མཐེ་བོང་གཉིས་པ་འཛུབ་མོ་དང་པོའི་རྩེར། །སྨྱུ་གུ་གཉིས་ལ་ཆུ་སྣག་གཉིས་ཕྱིན་པའི་གཅིག་གི་བྲི་བ་བྱེད་ལས་ཀྱིས། །ཀུན་ནས་མང་པོར་ཡིག་གཟུགས་སྤེལ་བའི་མཐུ་ལྡན་ཤོག །