DKYD-KABUM-07-JA-057: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod
|terma=Yes
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=07
|volumenumber=07
|volnumtib=ཇ
|volyigtib=༧
|volumeLetter=JA
|volumeLetter=JA
|textnuminvol=057
|textnuminvol=057

Revision as of 09:39, 28 June 2024

Wylie title
Location mdo mkhyen brtse bka' 'bum
Volume 7, Text 57, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
[edit]
༄༅ཿ སྨན་བཙུན་དངོས་གྲུབ་མཆོག་རྩོལ་ལྔའིཿ སྒྲུབ་ཐབས་ཡིད་བཞིན་དབང་རྒྱལ་བཞུགསཿ

༄༅ཿ ྅྅྅྅ཿ ན་མོཿ བླ་མ་ཡི་དམ་མཁའ་འགྲོ་གསུམཿ གཅིག་བསྡུས་རྡོ་རྗེ་རྣལ་འབྱོར་མཿ གུས་པས་འདུད་དོ་དངོས་གྲུབ་སྩོལཿ ཨ་ཏི་ཐིག་ལེ་སྐོར་གསུམ་གྱིཿ ཤིན་དུ་གསང་བའི་བསྟན་སྲུང་མཿ པདྨ་ཀ་རཱའི་གསང་བའི་ཡུམཿ སྨན་བཙུན་མཆེད་ལྔའི་མཆོད་སྒྲུབ་ཐབསཿ ཡིད་བཞིན་དབང་གི་རྒྱལ་པོ་བསྟནཿ སྤྲོས་བཅས་སྐུ་གསུང་ཐུགས་ཡོན་ཏནཿ ཕྲིན་ལས་མཆོད་རྫས་ལེགས་པར་བཀོདཿ ཆོས་ཉིད་ཡེ་གྲོལ་རྣལ་འབྱོར་པསཿ ཏིང་འཛིན་དམིགས་པའི་འཕྲུལ་འཁོར་མཆོགཿ བྱང་ཆུབ་སེམས་དང་ལྡན་པའི་དང་ཿ ཧཱུྃཿ སྐྱེ་འཆི་གཉིས་སྤངས་ཚེ་ཡི་རིག་འཇིག་བརྙེསཿ པདྨ་ཐོད་ཕྲེང་བྱིན་ཆེན་དབབ་ཏུ་གསོལཿ ཀྱཻཿ རང་ཉིད་ཡི་དམ་ལྷར་གསལ་བའིཿ མདུན་དུ་ནེའུ་སེང་སྨན་ལྗོངས་དབུསཿ འཇའ་ཚོན་ལྔ་ཡི་སྤྲིན་ཕུང་འཁྲིགསཿ ངོ་མཚར་འཕྲུལ་གྱི་གཞལ་ཡས་ཁང་ཿ སྣ་ཚོགས་རིན་པོ་ཆེ་ལས་གྲུབཿ རྒྱན་བཀོད་ཕུན་སུམ་ཚོགས་པ་ཡིཿ མཐའ་སྐོར་མཚོ་དང་གངས་རིས་བསྐོརཿ དབུས་སུ་རིན་ཆེན་ཁྲི་མཛེས་ཁརཿ སྨན་བཙུན་ཆེན་མོ་སྙིང་ཉེ་མཿ སྐུ་མདོག་གངས་རི་དཀར་པོ་ལཿ ཉི་མ་བྱེ་བས་འཁྱུད་པ་ལྟརཿ མཛེས་འཛུམ་ཆགས་པའི་གཟི་འོད་འབརཿ ཞལ་གྱིས་སྒྲུབ་པ་པོ་ལ་གཟིགསཿ ཕྱག་གཡས་ཚེ་ཡི་མདའ་དར་དང་ཿ སྲིད་གསུམ་གསལ་བའི་མེ་ལོང་འཛིནཿ གཡོན་པས་གཏེར་གྱི་བུམ་པའི་ཁརཿ ཡིད་བཞིན་དབང་གི་རྒྱལ་པོ་བསྣམསཿ ཟ་འོག་སྣ་ཚོགས་ན་བཟའ་དང་ཿ རྨ་བྱའི་སྒྲོ་ཐུལ་འཕྲུལ་གོས་གསོལཿ རིན་པོ་ཆེ་ཡི་པྲོག་ཞུ་དང་ཿ ཡིད་བཞིན་རྒྱན་ཆ་དུ་མས་སྤྲསཿ ཞབས་གཉིས་འཕྲུལ་གྱི་མཆིལ་ལྷྭམ་བཅསཿ མཉམ་པའི་སྟབས་ཀྱིས་མཛེས་པར་བཞེངསཿ མདུན་དུ་མཐིང་གི་ཞལ་བཟང་མཿ མདའ་དར་དུང་ཤྭ་མེ་ལོང་བསྣམསཿ གཡས་སུ་ཅོད་པཎ་མགྲིན་བཟང་སེརཿ མདའ་དར་ནོར་གཏེར་བུམ་པ་བསྣམསཿ རྒྱབ་ཏུ་མི་གཡོ་གླང་བཟང་དམརཿ མདའ་དར་ནོར་འགུགས་ཞགས་པ་བསྣམསཿ གཡོན་ཏུ་གཏལ་དཀར་འགྲོ་བཟང་ལྗང་ཿ མདའ་དར་འོ་བཅུད་གསེར་ཟོ་བསྣམསཿ དར་གྱི་ན་བཟའ་རིན་ཆེན་བརྒྱནཿ རྣམ་འགྱུར་སྣ་ཚོགས་ཅིར་ཡང་སྟོནཿ འཁོར་དུ་སྨན་བཙུན་འབུམ་སྡེས་བསྐོརཿ ཐུགས་ཀའི་འོད་ཀྱིས་འཕྲོ་འདུ་ལསཿ གར་བཞུགས་གནས་ནས་སྤྱན་དྲངས་བསྟིམཿ བམ་ཧ་རི་ནི་ས་བཛྲ་པྲ་མོ་ཧ་ཏིང་ཏིང་ཤག་དུང་དུང་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ ཀྱཻཿ སྲིང་ཅིག་སྨན་བཙུན་སྙེང་ཉེ་མཿ གྲོགས་གཅིག་རྡོ་རྗེའི་ཐ་ཚིག་ཅནཿ ཨུ་རྒྱན་ཡུལ་གྱི་ནུབ་ཕྱོགས་ནསཿ རྡོ་རྗེ་ཕག་མོའི་དམ་ཚིག་དགོངསཿ ཨ་སུ་ར་ཡི་བྲག་ཕུག་ཏུཿ སློབ་དཔོན་པད་མ་ཐོད་ཕྲེང་གིསཿ གསང་བའི་དབང་བསྐུར་མཛད་པའི་ཚེཿ རྡོ་རྗེའི་དམ་ཚིག་དྲན་མཛོད་ལཿ དགྱེས་པར་བཞུགས་ལ་བརྩེ་བར་དགོངསཿ དམ་ཚིག་ཆོས་ཉིད་གཅིག་ཏུ་བསྲེཿ འབྲལ་མེད་བཞུགས་ལ་དངོས་གྲུབ་སྩོལཿ ཡེ་ཤེས་འབྲས་བུ་མཆིས་པར་མཛོདཿ ས་མ་ཡཿ རཀྵནྟུཿ ཏིཥྛ་ལྷནཿ ཨེ་མ་ཧོཿ མཆོད་ཅིང་ཐུགས་དམ་བསྐང་བ་ནིཿ ཧྲཱིཿ ཆོས་ཉིད་དབྱིངས་ལས་རང་བྱུང་བཿ ཏིང་ངེ་འཛིན་གྱིས་རྣམ་སྤྲུལ་པསཿ སྨན་བཙུན་ཚེ་རིང་མཆེད་ལྔ་པོཿ འཁོར་བཅས་དགྱེས་པ་སྐྱེད་པའི་ཕྱིརཿ སྐུ་རྟེན་མདའ་དར་རིན་ཆེན་བརྒྱནཿ གསུང་རྟེན་དྲིལ་བུ་གཡེར་ཁ་བཅསཿ ཐུགས་རྟེན་སྲོག་གི་འཁོར་ལོ་དང་ཿ ཡོན་ཏན་ཚེ་ཡི་བུམ་པ་བཟང་ཿ ཕྲིན་ལས་སྣང་གསལ་མེ་ལོང་བཅསཿ རྟེན་སྒྲུབ་རྫས་ཀྱིས་ཐུགས་དམ་བསྐང་ཿ ཤེལ་དཀར་དུང་དང་རིན་པོ་ཆེཿ དར་ཟབ་ལོངས་སྤྱོད་ཕུན་སུམ་ཚོགསཿ བྱ་རིགས་གཅན་གཟན་རི་དྭགས་དང་ཿ འཕྲུལ་གྱི་རྨ་བྱ་གླང་པོ་ཆེཿ རྟ་མཆོག་རིན་ཆེན་རྒྱན་གྱིས་སྦྲསཿ རྫུ་འཕྲུལ་ཤུགས་མགྱོགས་དྲེའུ་སྔོཿ གཡག་དཀར་འབྲི་སྔོན་མ་ཧེ་ལུགཿ བསྐང་རྫས་སྣ་ཚོགས་ཐུགས་དམ་བསྐང་ཿ དཀར་གསུམ་སྦྱར་བའི་ཞལ་ཟས་དང་ཿ བྱིན་གྱིས་བརླབས་པའི་བདུད་རྩིའི་བཅུདཿ འོ་ཚོལ་མངར་གསུམ་དང་སྦྱར་བཿ གཞན་ཡང་བཟའ་བཏུང་བྱེ་བྲག་རིགསཿ ཕྱེ་མར་ཤིང་ཏོག་སྣ་ཚོགས་པཿ འབྲུ་སྣ་སྨན་དང་སྤོད་སྣ་ཚོགསཿ ཁྱད་པར་མཆོད་པའི་རྫས་རྣམས་ཀྱིསཿ སྨན་བཙུན་འཁོར་བཅས་ཐུགས་དམ་བསྐང་ཿ རྨད་དུ་བྱུང་བའི་དམ་ཚིག་རྫསཿ ཐབས་མཆོག་བདེ་ཆེན་ཧེ་རུ་ཀཿ ཡེ་ཤེས་བདེ་བ་ཆེན་པོ་རུཿ སྦྱོར་བའི་ལྷན་སྐྱེས་ཡེཤེས་རོཿ གཟུང་འཛིན་བག་ཆགས་གཉིས་སྣང་གིཿ མ་རིག་རུ་ཏྲ་སྐྱེ་མེད་ཀློངཿ བསྒྲལ་བའི་མཆོད་པ་ཆེན་པོ་ཡིསཿ མཁའ་འགྲོ་མཆེད་ལྔའི་ཐུགས་དམ་བསྐངཿ གཞན་ཡང་ཁམས་གསུམ་གྱིས་བསྡུས་པའིཿ སྟོང་གསུམ་སྟོང་གི་འཇིག་རྟེན་ནཿ འདོད་ཡོན་ལྔ་ཡི་མཆོད་པའི་རིགསཿ སྲིད་ཞིའི་དཔལ་ཡོན་ཕུན་སུམ་ཚོགསཿ འབྱུང་བ་ལྔ་ཡི་བཀྲག་མདངས་དངཿ སྐྱེ་དགུའི་ཚེ་བསོད་དཔལ་འབྱོར་ཀུནཿ མ་ཚངས་མེད་པར་ལེགས་བཀོད་པསཿ སྨན་བཙུན་འཁོར་བཅས་ཐུགས་དམ་བསྐང་ཿ སྒྲུབ་པ་པོ་ལ་ཚེ་བཅུད་རྩོལཿ ལས་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོདཿ བསྟོད་ཅིང་ཕྲིན་ལས་བཅོལ་བ་ནིཿ ཀྱཻ་བདེ་ཆེན་ལྷ་མོ་དཔལ་འབར་མཿ དམ་ཚིག་ལྷ་མོ་བརྩེ་བའི་གྲོགསཿ ཆོས་ཉིད་ཡེ་གྲོལ་ཉམས་ཀྱི་རྩལཿ དུང་མདོག་ཆགས་པའི་གཟི་འོད་འབརཿ དངོས་གྲུབ་འབྱུང་བའི་གཏེར་ཆེན་མོཿ གསང་སྔགས་དབང་གི་གཉེར་འཛིན་མཿ སྒྱུ་འཕྲུལ་ལྷ་མོ་མཆེད་ལྔ་མཿ དམ་གཙང་སྙིང་ཉེ་མ་ལ་བསྟོདཿ གསང་སྔགས་དམ་ཉམས་བླ་མར་སྐུརཿ དམ་ཚིག་མཁོན་དང་དམེ་ཡུགས་མནོལཿ དཀར་དམར་ཐབ་གཞོབ་མཛེ་ཡུག་བསྟེནཿ དམ་ཚིག་ཉམས་ལ་ཆོས་བཤད་སོགསཿ སྨན་བཙུན་ཐུགས་དང་འགལ་བའི་ལསཿ ཅི་བགྱིས་བཤགས་སོ་བཟོད་པར་གསོལཿ ཁྱེད་ལ་རྣམ་རྟོག་མི་མངའ་ཡངཿ འཁོར་གྱིས་བཀའ་ཆད་མ་གཏོང་ཞིགཿ ཨ་ཏི་ཐིག་ལེ་སྐོར་གསུམ་གྱིཿ ལས་ཀྱི་གཉེར་ཁ་དམ་དུ་ཟུངསཿ སློབ་དཔོན་ཞབས་པད་བརྟན་པ་དང་ཿ དམ་ཚིག་ལྡན་པའི་རྣལ་འབྱོར་ལཿ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལཿ བསོད་ནམས་རླུང་རྟ་སྙན་གྲགས་སྤེལཿ བང་མཛོད་ཟས་ནོར་ཆར་ལྟར་ཕོབཿ རྨ་གཡང་ནོར་གྱི་དངོས་གྲུབ་སྩོལཿ སྦྱིན་བདག་མངའ་ཐང་འབྱོར་བ་སྤེལཿ འཁོར་རྣམས་ཚེ་ཆོས་འཕེལ་བ་དང་ཿ འབྱུང་བ་བཞི་ཡི་གནོད་པ་སྲུངསཿ ཕ་རོལ་གཞན་སེམས་དབང་དུ་སྡུསཿ དགྲ་བགེགས་ཐུགས་རྗེའི་ཤུགས་ཀྱིས་ཟློགཿ རྒྱལ་ཁམས་འབྲུ་བཅུད་ལོངས་སྤྱོད་སྤེལཿ འདུ་བ་རྣམ་གསུམ་ཆར་ལྟར་འཕེལཿ འབར་བ་རྣམ་གསུམ་ཉི་ཟེར་བཞིནཿ འཕེལ་བ་རྣམ་གསུམ་འོད་དཀར་ལྟརཿ ལྷ་མོ་དངོས་གྲུབ་ཀུན་འབྱུང་མསཿ དེང་ནས་བྱང་ཆུབ་མ་ཐོབ་པརཿ བདག་དང་འབྲལ་མེད་ཕྲིན་ལས་མཛོདཿ བཀྲ་ཤིས་བདེ་དགའི་གནས་མཆོག་ལཿ ལོངས་སུ་སྤྱོད་པའི་སྐལ་ལྡན་ཤོགཿ ཨེ་མཿ གསང་བ་ལས་ཀྱང་ཆེས་གསང་བཿ སྨན་བཙུན་དངོས་གྲུབ་མཆོག་རྩོལ་ལྔའིཿ མཆོད་སྒྲུབ་ཡིད་བཞིན་དབང་རྒྱལ་འདིཿ བདག་འདྲ་ཨ་ཙར་དམར་པོ་དང་ཿ བདེ་སྟེར་ལྷ་ལྕམ་ཌཱཀྐི་མའིཿ སྙིང་དང་འདྲ་བའི་བཀའ་སྲུང་མཆོགཿ ཐུགས་ཐིག་གསང་བའི་གཉེར་འཛིན་ཏེཿ བསྟན་པར་ཕངས་བའི་མན་ངག་འདིཿ མ་འོངས་ལྷ་ལྕམ་སྤྲུལ་གར་བསྒྱུརཿ ང་སྦྲུལ་སྐྱེས་བུ་ཡབ་ཡུམ་སྲསཿ དོན་དུ་རིན་ཆེན་བརྡ་རིས་བཀོདཿ གཞན་ལ་སྤེལ་ན་དམ་ལས་ཉམསཿ སྲོག་ལ་ཧུར་ཐུམ་འབྱུང་ཏ་རེཿ སྲོག་དང་དམ་ཚིག་གཉན་པོའི་རྒྱཿ སྲོག་གི་ཕྱིར་ཡང་མ་ཤོར་ཞིགཿ རྡོ་རྗེ་དྲག་མོ་རྒྱལ་ལ་གཏདཿ མཐུ་རྩལ་ཐོག་དང་འདྲ་བ་སྟེཿ ཉིན་མཚན་དུས་ཀུན་མ་གཡེལ་སྲུངསཿ བཀའ་རྐུན་དམ་ཉམས་དམ་མེད་ལཿ གཏད་ན་སྲོག་གི་གཤེད་མ་གྱིསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ སྐུའི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ སྲོག་གི་རྒྱཿ དམ་ཚིག་གི་རྒྱཿ གུ་ཧྱཿ སརྦ་སིདྡྷི་ཕ་ལ་ཧོཿ བདག་འདྲ་གཏེར་སྨྱོན་མཁའ་འགྲོའི་གསང་མཛོད་ལ་དབང་སྒྱུར་ཁྲག་འཐུང་ཆགས་པའི་རྡོ་རྗེས་ཤིན་ཏུ་གསང་བའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་དམ་ལྡན་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པཿ ཡིད་བཞིན་ནོར་བུ་ལས་ལྷག་བསྟན་པར་ཕངས་པའི་བཀའ་སྲུང་སྟེཿ གཞན་ལ་མི་སྤེལ་བ་དམ་ཚིག་གི་བཀའ་རྒྱ་དགུ་ཡོདཿ ཚེ་ཡི་ལྷ་མོ་དཔལ་ལྷ་མོཿ ཚེ་ལ་དབང་པའི་རིག་འཛིན་མཆོགཿ ཚེ་བཅུད་སྒྲུབ་པའི་གྲོགས་མཛད་མཿ ཚེ་རིང་དཔལ་སྐྱེད་མ་ཁྱོད་རྒྱཿ ཨེ་མ་ཧོཿ ཤྲཱྀ་ཤུ་བྷཾཿ ༈ །རྟེན་འབྲེལ་དུས་བཞི་དག་པའི་ཚེ་རིང་མཿ །རྣལ་འབྱོར་སྐྱོང་ལ་མ་དང་སྲིང་མོའི་ཚུལ། །ཁུ་རྡུལ་རླུང་གསུམ་བྱང་ཆུབ་སེམས་ཀྱི་ཀློང༌། །ཞུ་བདེའི་འགྲོས་ཀྱིས་དྲངས་པའི་གྲོགས་དམ་མཛོད། ཅེས་པའང་མཁྱེན་བརྩེའི་ལྷས་སོ། །