SPCD-KABUM-02-KHA-004: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(2 intermediate revisions by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=རི་ཆོས་ཀྱི་འགྲེལ་པ་ཐར་པའི་ཐེམ་སྐས།
|fulltitle=ri chos kyi 'grel pa thar pa'i them skas
|citation=[['phags mchog rdo rje]]. ''Ri chos kyi 'grel pa thar pa'i them skas''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. 2: 55-166.  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|collectiontitletib=འཕགས་མཆོག་བཀའ་འབུམ།
|collectiontitle='phags mchog bka' 'bum
|collectiontitle='phags mchog bka' 'bum
|collectiontitletib=འཕགས་མཆོག་བཀའ་འབུམ།
|totalvolumes=3
|author='phags mchog rdo rje
|author='phags mchog rdo rje
|authortib=འཕགས་མཆོག་རྡོ་རྗེ་
|authortib=འཕགས་མཆོག་རྡོ་རྗེ་
|citation=[['phags mchog rdo rje]]. ''''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. : .  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|tibgenre=Commentaries - 'grel pa
|terma=No
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=02
|volumenumber=02
|volumeLetter=KHA
|volnumtib=
|volyigtib=ཁ་
|totalvolumes=3
|textnuminvol=004
|textnuminvol=004
|pagenumbers=55-166
|totalpages=112
|beginfolioline=1a1
|endfolioline=56b5
|totalfolios=56
|multivolumework=No
|versonotes=ri chos 'grel pa
|colophontib=།ཞེས་པ་འདིའང་བཀའ་དང་དགོངས་འགྲེལ་ཟབ་རྒྱས་དུ་མར་བཞུགས་ཀྱང་མཐོང་ཐོས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་བློ་དམན་རྣམས་དང་། ཁ་ཅིག་གོ་ལོ་ཤེས་ལོ་སྒྲུབ་ལོ་ཙམ་གྱིས་ཆོག་ཤེས་པར་བཟུང་བ་དང་། ཁ་ཅིག་ཐོས་བསམ་ཤེས་རབ་བརྩོན་འགྲུས་རབ་ཏུ་གཞོལ་བ་རྣམས་ལ་དགོས་གལ་ཆེ་བ་འགའ་ཞིག་མཐོང་སྟེ་རི་ཆོས་རྩ་བའི་ས་བཅད་ལས་ཅུང་ཟད་འགྲེལ་ཏེ་རྒྱས་བསྡུས་འཚམས་པ་གོ་སླ་གཙོ་བོར་བཟུང་སྟེ་རྒྱུད་ལུང་མན་ངག་འགའ་རེའི་སྙིང་པོ་དམར་རྗེན་དུ་བསྟན་པ་འདི་ཡང་གྲུབ་སྲས་མིང་པས་ལྷག་བསམ་བཟང་པོ་དང་བཅས་གྲུབ་རི་ངོ་མཚར་སྨན་ལྗོངས་སུ་སྦྱར་བ་འདིས་ཀྱང་རྗེས་འཇུག་རྣམས་ཀྱིས་ཐོས་བསམ་སྒོམ་པར་བྱ་བའི་གསོས་སུ་ཅུང་ཟད་འགྱུར་བར་ཤོག་ཅིག
|colophonwylie=/zhes pa 'di'ang bka' dang dgongs 'grel zab rgyas du mar bzhugs kyang mthong thos kyi spyod yul du ma gyur pa blo dman rnams dang /_kha cig go lo shes lo sgrub lo tsam gyis chog shes par bzung ba dang /_kha cig thos bsam shes rab brtson 'grus rab tu gzhol ba rnams la dgos gal che ba 'ga' zhig mthong ste ri chos rtsa ba'i sa bcad las cung zad 'grel te rgyas bsdus 'tshams pa go sla gtso bor bzung ste rgyud lung man ngag 'ga' re'i snying po dmar rjen du bstan pa 'di yang grub sras ming pas lhag bsam bzang po dang bcas grub ri ngo mtshar sman ljongs su sbyar ba 'dis kyang rjes 'jug rnams kyis thos bsam sgom par bya ba'i gsos su cung zad 'gyur bar shog cig
|pdflink=File:SPCD-KABUM-02-KHA-004.pdf
|pdflink=File:SPCD-KABUM-02-KHA-004.pdf
|volumeLetter=KHA
|InitCategories=Khyentse Lineage Project; SPCD-KABUM-Volume-02-KHA
|InitCategories=Khyentse Lineage Project; SPCD-KABUM-Volume-02-KHA
}}
}}
Line 20: Line 35:
{{TibP|
{{TibP|
༄༅། །རི་ཆོས་ཀྱི་འགྲེལ་པ་ཐར་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།
༄༅། །རི་ཆོས་ཀྱི་འགྲེལ་པ་ཐར་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།
མཆོག་ཐུན་གྱི་མངའ་བདག་བླ་མ་ལ་ཕྱག་འཚལ་ནས་རྩོམ་པ་མཐར་ཕྱིན་པ་དང་དོན་དང་ལྡན་པར་ཤོག །ཅེས་དམ་བཅས་ནས་རི་ཆོས་རྩ་བའི་ས་བཅད་ལས་ཅུང་ཟད་འགྲེལ་ན། ཐོག་མ་མེད་པ་ནས་འཁྲུལ་པའི་གོམས་སྟོབས་ཀྱི་དབང་དུ་སོང་སྟེ་དམ་ཆོས་སྒྲུབ་པ་ལ་བར་ཆད་ཁོ་ནའི་དབང་དུ་དུས་འདའ་སྟེ་ཆོས་ཀྱི་ཕྱོགས་ལ་བག་ཆགས་མེད་པ་ཆོས་མིན་གྱི་ཕྱོགས་ལ་རྣམ་པར་གཡེང་བའི་རང་བཞིན་ཏེ། ཚེ་སྟོད་སྨད་དང་ཉིན་ཞག་རེར་དགེ་བ་སྒྲུབ་དབང་མེད་པ་བར་ཆད་སོང་བའི་རང་བཞིན་ལ་སོམས་དང་། རུ་ཏྲའི་སྨྲེ་བཤགས་ལས། ཁམས་གསུམ་གྲངས་མེད་སྐྱེ་ཤི་ཁ་བརྒྱུད་དེ། །བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཞེས་དང་། ཨོ་རྒྱན་ཆེན་པོས། ཡུན་ཐུང་ཚེ་ཡི་ཕྱེད་ཆ་གཏི་མུག་གཉིད། །ཕྱེད་ཆ་སུམ་གཉིས་རྣམ་གཡེང་འདུ་འཛིའི་ལས། །ཕྱེད་ཆ་གཅིག་ལ་བར་ཆད་རྐྱེན་དབང་མང་། །དེ་ཕྱིར་འདུ་བྱེད་མི་རྟག་སྤྲིན་ལྟར་གཡོ། །ཞེས་གསུངས་པ་ལྟར་མདོར་ན་ལྟོ་འབོལ་བ། སྦྱིན་བདག་ལེགས་པ། གོས་དྲོ་བ། སྡོད་གནས་སྐྱིད་པ། གཏམ་སྙན་པ། མི་ཆོས་དང་མཐུན་པ་ཞིག་གི་སྟ་གོན་བྱས་ཕན་ཆད་ཆོས་མ་འགྲུབ་གོང་ནས་བདུད་གྲུབ་ཚར་བ་ཡིན་གསུངས་པ་མ་ཟད། གྲོགས་གསུམ་འདུས་ན་ཆགས་སྡང་རྩོད་པ་འཕེལ། གཉིས་འདུས་ན་གཏམ་འཕེལ། གཅིག་པུར་དགེ་སྦྱོར་འཕེལ་ཤས་ཆེ་བ་དང་། དེ་བཞིན་དུ་འདུག་པའི་གནས་ཡུལ་མ་དབེན་ན། ཚོགས་དྲུག་གི་སྣང་བ་མི་དབེན། སྣང་བ་མ་དབེན་ན་སྒོ་གསུམ་ངན་གོམས་ཀྱི་རྗེས་སུ་འབྲང་འགྲོ་བས། ལུས་ངག་བག་མི་ཕེབས། ལུས་ངག་བག་མ་ཕེབས་ན་སེམས་ངོ་མི་འཕྲོད་པའམ་ཞི་བར་ནམ་ཡང་མི་གནས། སེམས་ཞི་བར་མ་གནས་ན་རྟོགས་པ་ལྷད་མེད་ངོ་མི་འཕྲོད་ཅིང་དྭངས་ཆ་འབྱིན་ནས་གཏན་སྲིད་ཟིན་མིན་སོགས་ཀྱི་སྐྱོན་ཡོན་གྱི་གནད་འགག་གལ་པོ་ཆེ་ཡོད་པ་དང་། མ་ཟད་སེམས་གཡེང་བའི་དགེ་སྦྱོར་ཐམས་ཅད་ནི་རྩ་བ་རུལ་བའི་སྡོང་པོ་དང་འདྲ། ནང་ན་མེད་པ་ཕྱིའི་གཟུགས་བརྙན་ཙམ་ཡིན་པར་གསུངས་པས་སོ། །དེས་ན་གནས་དབེན་ཞེས་པ་ནི། ཡུལ་པས་རྨོས་རྨོ་ས་བོན་འདེབས་སྟོན་ཐོག་བརྔ་རྡུང་གི་ལས་ཀྱིས་དབྱར་དགུན་ཅུང་ཟད་དལ་སྲིད་ན་ལས་མེད། འབྲོག་པས་ཟོག་ལུག་འཚོ་སྐྱོང་འོ་མ་བཞོ་དཀྲུག་སོགས་ཀྱི་ལས་ཀྱིས་དགུན་དཔྱིད་གཉིས་ཅུང་ཟད་དལ་སྲིད་ན་ལས་མེད་པས་སྙིགས་དུས་འདིར་དེ་དག་ལ་སོགས་སྤང་བ་གལ་ཆེ་སྟེ། གླང་ཆེན་སྐར་ཁུང་ནས་ཐར་ཡང་གླང་མཇུག་སྐར་ཁུང་ནས་མི་ཐར་ཟེར་བའི་དཔེ་ལྟར་དང་། རིག་འཛིན་འཇིགས་མེད་གླིང་པས། ཁྱིམ་ཆུང་སྤངས་ནས་ཁྱིམ་ཆེན་འགྲིམས། །དགེ་སྦྱོར་ཀླ་ཀློའི་ཆོས་ལུགས་ཅན། །དེ་ཡི་རྣམ་བཞག་རང་ས་རུ། །བརྗོད་ན་ངོ་ཚ་ཆེ་བའི་ཕྱིར། །ཞེས་གསུངས་པ་ལྟར་མདོར་ན་མི་ཁྱིའི་སྒྲ་སྐད་མེད་པ་སྔར་གྱི་ས་རྒྱུས་མེད་པའི་གནས་ལུང་སྟོང་དབེན་པར་སོང་ལ། ལུས་ཀྱིས་གནས་ཁང་གཟབ་པ། ཤིང་བཏུ་བ། མེ་དུས་གྲངས་འབུད་པ། ཕན་ཚུན་འགྲོ་བ་སོགས་མི་བྱ་བར་ལུས་རི་བོ་ལྟ་བུར་ལྷོད་ཆགས་པར་འདུག །ངག་ཀྱང་རིང་བཅད་བྱེད་པའམ། མིན་ཀྱང་ཐུན་སྒང་པོར་བཅད་ཅིང་། ཅུང་ཟད་བཤད་དགོས་གལ་སྲིད་བྱུང་རུང་ཚིག་རེ་གཉིས་ནང་འདུས་པ་ལས་མི་བཤད་པར་ངག་ལྐུགས་པ་བཞིན་བསྡམས་ནས། ཡིད་ཀྱིས་དགྲ་འདུལ་གཉེན་སྐྱོང་སྔོན་བསུ་རྗེས་དཔྱོད་ག་ལ་བྱེད་དེ། ཆོས་ཀྱི་ཕྱོགས་ནས་རྟོག་དཔྱོད་བསམ་གཞིག་མང་པོ་མི་བྱེད་པར་ཡིད་ནམ་མཁའ་སྤྲིན་ཐག་ཆད་པ་བཞིན་དུ་བཞག་དགོས། གསང་རྒྱུད་ལས། ལུས་ངག་ཡིད་ཀྱི་བྱ་བ་དགུ་ཕྲུགས་སྤང་། །དལ་བ་བརྟེན་ཅིང་དབེན་པ་བསྒྲུབས་པར་བགྱི། །ཞེས་གསུངས་པ་ལྟར། ལུས་ཀྱི་བྱ་བ་གསུམ་ནི། དང་པོ་ལུས་ཕྱི་ཡི་བྱ་བ་སོ་ནམ་དང་འཁྲུགས་རྩོད་འཇིག་རྟེན་བྱ་བ་ཐ་དག་སྤང་། ནང་གི་བྱ་བ་ཕྱག་བསྐོར་ཆོས་སྤྱོད་སྤང་། གསང་བའི་བྱ་བ་གླུ་གར་ལ་སོགས་པ་སྤང་། མདོར་ན་གྲོགས་མེད་གཅིག་པུར་གནས་པར་བྱའོ། །ངག་གི་བྱ་བ་གསུམ་ནི། ངག་ཕྱི་ཡི་བྱ་བ་ཐ་མལ་གྱི་འཁྲུལ་གཏམ་སྤང་། ནང་གི་བྱ་བ་རོལ་མོ་དང་མཆོད་བསྟོད་ཐམས་ཅད་སྤང་། གསང་བའི་བྱ་བ་བསྙེན་སྒྲུབ་བཟླས་བརྗོད་སྤང་། དཔེར་ན་ལྐུགས་པ་ལྟ་བུར་གནས་པར་བྱའོ། ཡིད་ཀྱི་བྱ་བ་གསུམ་ནི། ཡིད་ཕྱི་ཡི་བྱ་བ་འཁྲུལ་རྟོག་ཐམས་ཅད་སྤང་། ནང་གི་བྱ་བ་བསྐྱེད་རིམ་ལྷ་བསྒོམ་པ་སྤང་། གསང་བའི་བྱ་བ་རྫོགས་རིམ་སེམས་འཛིན་སྤང་། དཔེར་ན་སེམས་སྤྲིན་བྲལ་ནམ་མཁའ་ལྟ་བུའི་ངང་ལ་བཞག་པས་བྱ་བ་དགུ་ཕྲུགས་སུ་སྤང་བར་བྱའོ། །ཟས་ཀྱི་རིགས་སྡིག་པ་ཆེ་ཞིང་འཁོར་བ་པ་རྣམས་ཟས་གོས་བཀྲེན་དོགས་ཀྱིས་འབད་རྩོལ་འདུ་འཛི་རྣམ་གཡེང་ཁོ་ནས་འབྱམས། ཆོས་པ་རྣམས་དེ་བཞིན་བར་ཆད་དང་ཉོན་མོངས་འཕེལ་ཞིང་བྱིང་རྒོད་རྨུགས་འཐིབས་ཀྱི་རྒྱུར་འགྱུར་བས་དགེ་སྦྱོར་བྱེད་པའི་གྲོགས་ཁྱད་པར་ཅན་ནི་ཟས་གོས་བཀྲེན་པོ་བྱེད་པ་གལ་ཤིན་ཏུ་ཆེ་བས། དེས་ན་ལྟོ་ཡི་ཕྱེད་ཆ་ཟས། ཕྱེད་ཆ་སྐོམ། ཕྱེད་ཆ་སྟོང་པར་བཞག་ནས་ཟས་སྐོམ་ལ་ཉིན་གཅིག་བྲེ་ཕུལ་ནས་གཞལ་བ་ལྟ་བུར་བྱེད། ལུས་གྲང་ནད་ཀྱིས་མི་བཟུང་བ་དང་མི་འཁྱག་པའི་ཕྱིར་ཙམ་ཡིན་པས་གོས་སླག་གཅིག་གཉིས་ཀྱིས་ཆོག་པར་བྱ། བྱེ་བྲག་ལུས་ཀྱི་སྨད་དུ་དྲོ་བར་གྱོན་སྟོད་བསིལ་བར་བྱས་པས་དགེ་སྦྱོར་འཕེལ་ཆེ། མི་ཚེ་ལ་གོས་ལྷམ་གཅིག་གཉིས་ཆོག་ཤེས་བཟུང་། གཉིད་ཀྱང་དུད་འགྲོའི་རྒྱུ་ཡིན་པ་དང་། ཚེ་རབས་ནས་གཉིད་ཀྱང་ཟིན་པ་མེད་པ་ཚེ་ཕྱེད་ཤི་མིན་རོ་མིན་དུ་འགྱུར་བ་དང་། ཆོས་ལ་བར་དུ་གཅོད་པའི་གེགས་ཆེན་ཡིན་པས། མཚན་མོ་མ་ཟད་ཉིན་སྒང་པོར་གཉིད་ཀྱང་གཉིད་འདོད་ཇེ་ཆེ་ལས་ཡོང་རྒྱུ་མེད་ངེས་པས། དེས་ན་ཐུན་སྒང་དུ་གཉིད་དུ་ཅུང་ཟད་མི་ཡོལ་བཟང་ངན་གང་སློབ་ལ་རག་ལས་པས་ན། མཚན་གཞུང་གཉིད་ཐུན་རིང་བ་ཞིག་ལོག་པ་ལས་དེ་མིན་ཐུན་དུ་བཅད། ཁྱད་པར་གཉིད་འོད་གསལ་ལ་རྩལ་སྦྱང་བར་བསླབས་ནས་གཉིད་སྲང་དུ་གཅུར། ཐུན་ཚོད་ཀྱང་ཐོ་རང་བྱ་དང་པོ་གྲགས་ཚོད་ལ་ལངས་ནས། ཉི་མ་ཤར་དྲོས་བར་དང་། དེ་ནས་ཉིན་གུང་བར་དང་། ཕྱི་དྲོ་ནས་ཉི་མ་རི་རྩེ་ལས་མ་བཞུད་བར་དང་། དེ་ནས་མུན་རུབ་ནས་ཉལ་ཕྱི་ཙམ་དུ་ཐུན་བཟུང་། ནམ་ཟླ་དུས་བཞི་ཉི་མ་ཆུ་ཚོད་ཀྱི་ཚོད་ཉིན་གཅིག་བཞིན་བཟུང་སྟེ། ཉིན་གུང་གི་ཐུན་མཚམས་རྣམས་སུ། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་བཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་གསུངས་པ་ལྟར་ཆོས་སྤྱོད་བཅུ་པོ་གང་རུང་ལ་སྐབས་སྐབས་སུ་ཇི་ལྟར་འོས་པ་ནན་ཏན་དུ་སྤྱད་པ་བྱ་དགོས་ཤིང་། དེ་ལྟ་བུ་དམ་བཅའ་མི་ཉམས་པ་བཟུང་བའི་ཕྱིར་རྒྱལ་ཆེན་བཞི་ལ་ཕྲིན་ལས་བཅོལ། ཐོ་འཛུགས་ནས་བཟུང་བསྐྱེད་པའི་ཕ་བྱུང་ཡང་དམ་བཅའ་མི་ཧྲལ་འཁྲུལ་བའི་ལས་མི་བྱེད། དེ་ལྟ་བུའི་དམ་བཅའ་དེ་ཤ་སེན་མོས་བཏོག་སྟེ་བསད་ཀྱང་དེ་ལས་མི་འགལ་
 
བ་བྱ་སྙམ་སྟེ་རྒལ་ཚིགས་བྲག་ལ་སྦྱར། ངོ་ནག་སྐྲ་ནག་གིས་རྩེ་གཅིག་གནས་དགོས་ཏེ། ཇི་སྐད་དུ། ཚོགས་ལས་བསྲིང་ཞིང་ཞི་ལ་རབ་ཏུ་མོས། །ནམ་མཁའི་རླུང་བཞིན་རྙེད་ལ་མི་ཆགས་ཤིང་། །གྲོགས་མེད་རི་དྭགས་བཞིན་དུ་གཅིག་པུར་རྒྱུ། །དེ་དག་གིས་ནི་བྱང་ཆུབ་རིང་བར་མིན། །ཞེས་དང་། འཇིགས་གླིང་པས། སྔོན་བྱོན་འཕགས་པའི་རྣམ་འཕྲུལ་གྲུབ་རྣམས་ཀྱིས། །མཛད་ཕྲིན་ནམ་མཁའི་ཕ་མཐའ་བརྡལ་བ་ལ། །སྐྱིད་འདོད་ཆོས་བརྒྱད་བྱ་བའི་སྒྲ་མི་གྲགས། །འཁོར་འདས་བྲག་ཕུག་ནང་དུ་རུ་ཤན་ཕྱེད། །ཅེས་དང་། ད་ནི་འདུ་འཛིའི་སྒོ་བརྒྱ་འབྱེད་པའི་སྐབས། །སྐུ་གསུང་ཐུགས་རྟེན་བཞེངས་དང་འཁོར་སློབ་སྐྱོང་། །ཆོ་ག་སྒྲུབ་མཆོད་འཛུག་སྤེལ་རྒྱུན་རྣམས་ཀྱང་། །སྔོན་ཆད་གྲུབ་རྣམས་བསྟན་པའི་ཞབས་ཏོག་རློམ། །ཞེས་དང་། དྷརྨ་རཀྵྀ་ཏས། ལོག་འཚོའི་སྒྲུབ་པའི་རྟེན་གསུམ་དེ། །བདག་འཛིན་རེ་དོགས་འཆིང་བའི་རྒྱུ། །གཉུག་མ་དོན་གྱི་ཆོས་སྐུ་ལས། །བྱ་བྱེད་མ་མང་སྙིང་གཏམ་ཡིན། །ཞེས་གསུངས་པ་ལྟར། མདོར་ན་བདག་ཅག་གི་བླ་མ་རིན་པོ་ཆེ་གྲུབ་དབང་ཤྲཱིའི་མཚན་ཅན་དེ་ཉིད་ནི་དང་པོ་སྐུ་བལྟམས་པ་དང་། བར་དུ་ཆོས་འཁོར་བསྐོར་བ་དང་། མཐར་སྐུ་གཤེགས་པའི་ཉམས་ཙམ་བསྟན་པ་ལས། སྒྲུབ་པ་ལ་དཀའ་སྤྱད་དང་བརྩོན་འགྲུས་ཚད་བཟུང་དུ་མི་བཏུབ་པ་མ་ཟད་ཉམས་དང་རྟོགས་པ་ལ་འཕོ་འགྱུར་དང་འཕེལ་འགྲིབ་ཅུང་ཟད་ཙམ་མེད་པ་ཐོག་མཐའ་བར་མེད་སངས་རྒྱས་ཉག་གཅིག་གི་ངོ་བོར་བཞུགས་པ་དང་། རིག་འཛིན་འཇིགས་མེད་གླིང་པ་དཔལ་གྱི་རི་ལ་བཞུགས་སྐབས་ཀྱང་ལོ་གསུམ་གྱི་རིང་ལ་ཟས་ལ་མང་ཉུང་མེད། གོས་རས་གཟན་གཅིག་ཁོ་ནས་འཁྱོལ་བར་བྱས། བུག་སྒོར་ངག་ཚིག་གཅིག་བཏང་བ་མེད། ནང་ན་མཚམས་གཡོག་ཡོང་བའི་སྐབས་བུག་སྒོ་ནང་མ་ལས་འདའ་ས་མེད། འཁོར་བ་ལ་ངེས་འབྱུང་དང་སྐྱོ་ཤས། ནམ་འཆི་ཆ་མེད་ཀྱི་བློ་དུང་ངེ་སྐྱེས་པ་ལས་ངག་འཆལ་དང་རང་བཞིན་གྱི་འཕྲོས་གཏམ་ཕྲན་བུ་ཙམ་ཡང་ལབ་ས་མེད་ཅེས་གསུངས་པ་ལྟར། ཁོ་བོས་ཀྱང་ལོ་བཅུ་གཉིས་ཀྱི་རིང་ལ་དཀའ་སྤྱད་དང་སྙིང་རུས་བརྩོན་འགྲུས་དང་ཉམས་ལེན་དེ་ལྷག་ལས། མི་ཞན་པ་བྱས་ཁུལ་ཡིན་པས་ན། ངོས་ཀྱི་རྗེས་སུ་ཞུགས་པའམ། སྒྲུབ་ལ་གཞོལ་ཞིང་དབེན་ཁྲོད་བརྟེན་མི་རྣམས་མཚམས་ཀྱི་མིང་བཏགས། སྒོ་དྲུང་ཐོ་བརྩེགས། རྣམ་རྟོག་རྒྱ་འབྱམས་སུ་ཤོར། ཕྱི་རོལ་དུ་ཐག་ཟེར་ན་བྱ་ར། ཅ་ཅོ་སྒྲོགས་ན་རྣ་ཉན། བུག་སྒོར་མི་དང་འཕྲད་ན་རྒྱ་བོད་ཧོར་གསུམ་གྱི་གཏམ་བརྗོད་གླེང་བ་སོགས་ཚོགས་དྲུག་ཡུལ་ཕྱིར་སོང་བ། མཚམས་ཀྱི་གཡང་ཤོར། སྣང་བ་ཡུལ་ཕྱིར་འབྲངས་པ། དངོས་གྲུབ་ཕྱི་རུ་ཡལ་བ། བར་ཆད་ནང་དུ་འགུགས་པ། བློ་ལང་ཤོར་དུ་ཐལ་བའི་ངང་ལོ་མཚམས་ཟླ་མཚམས་ཀྱི་ཞག་གྲངས་རྫོགས། ཤེས་རྒྱུད་སྔར་ལས་སྤུ་གང་གི་བཟང་དུ་མ་སོང་བར། མཚམས་ཐ་མལ་དུ་གྲོལ་བ་དེ་ནམ་ཡང་མ་བྱེད་པར་སྙིང་ལ་རུས་པ་བསྐྱེད། དགའ་རུང་། སྡུག་རུང་། ན་རུང་། ཚ་རུང་། ཤི་རུང་དམ་བཅའ་དེ་ལས་མི་འདའ་བར་ཚེ་དང་སྒྲུབ་པ་མཉམ། སྒྲུབ་པའི་རྒྱལ་མཚན་ཚུགས་པ་ཞིག་བྱ་དགོས་ཞེས་གསུངས་པ་ལྟར་རང་རེ་སྒྲུབ་པ་དབེན་ཁྲོད་བརྟེན་མི་རྣམས་ནས་དེ་བཞིན་བྱ་དགོས་ཤིང་། དེ་ནས་ཐོ་རངས་གཉིད་སད་པ་དང་ཉལ་བའི་བདེ་བ་ལ་མི་ཆགས་པར་ཧར་གྱིས་ལངས་ལ། མཁའ་དབྱིངས་ནས་རྩ་བའི་བླ་མ་དཔའ་བོ་མཁའ་འགྲོས་ཨཱ་ལི་ཀཱ་ལི་དང་ཌཱ་མ་རུའི་སྒྲ་བསྒྲགས་པས་གཉིད་སད་པར་བསམ། གནས་ཁང་ཟངས་མདོག་དཔལ་རི། རང་ལུས་རྡོ་རྗེ་རྣལ་འབྱོར་མ་གསལ་བཞིན། རཏ་གླིང་ཐུགས་སྒྲུབ་ལས་བྱུང་བའི་གཏི་མུག་གཉིད་དཀྲོགས་འདོན་བསྒོམ་བྱ། དང་པོ་ཐུན་གྱི་སྔོན་འགྲོ་ལུས་གནད་ནི་རྡོ་རྗེ་སྐྱིལ་ཀྲུང་བཅས་པས་ཐུར་སེལ་གྱི་རླུང་ཟིན། ལག་མཉམ་བཞག་བྱས་པས་མཉམ་པ་ཉིད་ཀྱི་རྟོགས་པ་སྐྱེ། རྒལ་ཚིགས་མདའ་ལྟར་བསྲང་བའམ་རྐང་པ་ཉག །ལྟོ་བ་ཐེར་བྱས་པས་རྩ་དབུ་རྐྱང་རོ་གསུམ་དྲང་ཞིང་མེ་མཉམ་རླུང་ཟིན་དྲོད་སྐྱེ། ལུས་སེམས་བདེ། དཔུང་པ་རྒོད་གཤོག་ལྟར་བརྒྱངས་པས་ལས་རླུང་དབུ་མར་ཚུད་ཅིང་མི་རྟོག་ཡེ་ཤེས་འཆར། མགྲིན་པ་ཡིད་ཙམ་དགུགས་པས་གྱེན་རྒྱུའི་རླུང་ཟིན་ཅིང་རྩ་མདུད་གྲོལ། ལྕེ་ཡ་རྐན་ལ་སྦྱར་བས་ཐིག་ལེ་སྤྱི་བོར་འཆིང་། མིག་སྣ་རྩེ་ལ་ཕབ་པས་ཡེ་ཤེས་འཆར་བ་སྟེ་བདུན་ནོ། །རླུང་རོ་བསལ་བ་ནི། གཡོན་རྡོ་རྗེ་ཁུ་ཚུར་གྱིས་བརླའི་རྩ་བོ་ཆེ་མནན། གཡས་རྡོ་རྗེ་རྩེ་གསུམ་པའི་རྒྱས་སྣ་བུག་གཡས་བཀག །གཡོན་པ་ནས་རླུང་དལ་བུས་རྔུབ་སྟེ། འོག་ཏུ་ཆིལ་གྱིས་མནན། བདག་གི་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དང་། བྱིང་རྒོད་རྨུགས་འཐིབ་བཞི་རླུང་ནག་པོའི་རྣམ་པར་ཕྱིར་འགྲོ་བར་བསམ་ལ་རླུང་འཕེན་དུས་དང་པོ་ཆུང་། བར་དུ་ཆེ། ཐ་མར་ནར་གྱིས་ལྷག་ལུས་མེད་པར་འཕངས། དེ་བཞིན་ལག་གཡས་གཡོན་བརྗེ་བ་དང་། དགུ་སྤྲུག་སྐབས། ལག་གཉིས་བརླ་རྩ་མནན་ནས་དབུས་གཡས་གཡོན་བཅས་ལན་གསུམ་རེ་དེ་ལྟར་སྤྲུག་ནས་རང་བབ་བཞག །དེ་ནས་ངག་འདོན་བཞིན། ཨོཾ་ཨཱཿཧཱུྃ། ལྕེ་དབང་རཾ་ཡིག་སོགས་འདོན་བསྒོམ་བྱ། དེ་ནས་སེམས་གནད་ནི། དགེ་མི་དགེའི་རྟོག་པ་གང་སྐྱེས་ཉམས་དཔྱད་པ་དང་། དད་དང་དག་སྣང་ངེས་འབྱུང་བྱང་སེམས་སྐྱེས་འདུག་ན། དགའ་བ་བསྒོམ། ཆགས་སྡང་གཡོ་སྒྱུ་ལོག་ལྟ་སོགས་དྲན་འདུག་ན་འགྱོད་པ་བསྐྱེད། མཚན་གཉིད་གཏིང་རིང་གི་སྐབས་དང་སད་མ་ཐག་འདི་ལྟར་དྲན་འདུག་ན་ང་ཆོས་པ་མི་འོང་ངོ་མ་རེད་བསམས་ནས་ལུང་མ་བསྟན་གྱི་ཀུན་སློང་བཅས་བཟང་པོར་བཅོས། བཟང་པོའི་ཀུན་སློང་དེའང་ཚེ་འདིའི་ནད་གདོན་སོགས་ལས་སྐྱོབ་ཕྱིར་དང་རྙེད་བསྟོད་སོགས་འགྲུབ་འདོད་ཀྱི་ཀུན་སློང་སྤང་། ཚེ་ཕྱི་མ་ངན་སོང་གསུམ་གྱི་འཇིགས་པ་སྐྱོབ་ཙམ་དང་། མཐོ་རིས་ལྷ་མིའི་བདེ་བ་སྒྲུབ་འདོད་སྐྱེས་བུ་ཆུང་ངུའི་ཀུན་སློང་། རང་ཉིད་ཁོ་ན་ཙམ་རིགས་དྲུག་གི་སྡུག་བསྔལ་ལས་ཐར་ཏེ་ཞི་བ་ཉན་རང་གི་གོ་འཕང་དོན་གཉེར་གྱི་ཀུན་སློང་བཅས་ཡོངས་སུ་སྤང་དགོས། འདི་ལྟར་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཞིང་། བདེ་བའི་རྒྱུ་འབྲས་གཉིས་དང་ལྡན་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཁོ་ན་ལ་འགོད་པར་བྱ། དེའི་ཆེད་དུ་དགེ་བ་འདི་དག་བསྒྲུབ་པར་བྱའོ་སྙམ་དགོས་ཏེ། འདི་ནས་མ་འཕྱུགས་ན་ཅི་བྱས་ཐེག་ཆེན་བྱང་ཆུབ་ཆེན་པོའི་རྒྱུར་འགྱུར་བ་ཞིག་གོ། །འདི་ནས་འཕྱུགས་ན་སྒོམ་ཉིན་མཚན་འདྲེས། མངོན་ཤེས་དང་རྫུ་འཕྲུལ་ལྡན། ཡི་དམ་ལྷའི་ཞལ་གཟིགས། མཁའ་འགྲོས་ལུང་བསྟན། བསྙེན་པ་དུང་ཕྱུར་མང་པོ་བགྲངས་ཀྱང་ཕན་ཡོན་ཆེར་མེད་པར་གསུངས་པས། ཀུན་སློང་བྱང་ཆུབ་སེམས་དང་མ་བྲལ་བ་གལ་ཆེ། དེ་ནས་བླ་མའི་རྣལ་འབྱོར་ནི་ནུབ་མོ་ཉལ་བའི་ཚེ་སྙིང་དབུས་སུ་བཞུགས་པ་གསལ་བཏབ་ནས་གཉིད་ལས་ལངས་དུས་མོས་གུས་གདུང་བ་དྲག་པོས། བླ་མ་མཁྱེན་ལན་གསུམ་བརྗོད་པས་བླ་མས་ཐུགས་དམ་རྗེས་སུ་དགོངས་པར་བསམས་ནས། སྙིང་དབུས་དད་པའི་སོགས་ནས་བཞེངས་སུ་གསོལ་བར་བརྗོད་ནས། བླ་མ་ཉིད་སྙིང་པདྨ་འདབ་བརྒྱད་ཁ་གྱེས་པའི་དབུས་ནས་ཆུ་ལས་ཉ་རྡོལ་བའི་ཚུལ་བཞིན། རྩ་དབུ་མའི་ལམ་ནས་མེ་རེ་རེ་ཐོན་ནས་སྤྱི་བོར་པདྨ་འབུམ་བརྡལ་ཟེའུ་འབྲུ་དམར་སེར་གྱེས་པའི་སྟེང་དུ་སེང་ཁྲི་དར་ཟབ་འབོལ་གདན་བརྩེགས་པའི་གདན་ལ། རབ་བྱུང་ངམ་སྔགས་པའི་ཆ་ལུགས་ཅན་ཇི་ལྟ་བ་བཞིན་གསལ་ལ། གསོལ་འདེབས་རྒྱས་འབྲིང་བསྡུས་སོགས་ཅི་རིགས་འདོན། གསོལ་བ་དྲག་ཏུ་བཏབ་པས་བླ་མ་ཉིད་ཐུགས་དགྱེས་པའི་ཚུལ་གྱིས་འོད་དུ་ཞུ་ནས། རང་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་རྒྱུད་བྱིན་གྱིས་བརླབ་བྱུང་སྙམ་ནས་ཅུང་ཟད་མཉམ་པར་འཇོག །དེ་ནས་བློ་ལྡོག་རྣམ་པ་བཞི་སྒོམ་པ་ལ། སྐྱེ་བ་ཚེ་རབས་ནས་དེང་ཕན་ཆོད་ཚེ་འདིའི་དབང་ཁོ་ནར་སོང་སྟེ། ཁེ་གྲགས་དང་ཆགས་སྡང་། གསོག་འཇོག་དང་ལེ་ལོ། རྣམ་གཡེང་ཁོ་ནའི་དབང་དུ་འབྱམས་ཀླས་པར་གྱུར་ནས། རྒྱུ་ནོར་སྙན་གྲགས་ཀྱི་འབྱོར་བ་ཕྲན་བུ་དང་སངས་རྒྱས་ཐོབ་པ་གཉིས་འདམ་ཀ་ནོར་བ་ལྟ་བུ་སོང་སྟེ། དམ་པའི་ཆོས་གཏན་ནས་མི་བསྒྲུབ་པར་དམ་བཅའ་དྲག་པོ་བྱས་པ་ལས་མེད་པ། བཙུན་ཆེ་བ་ཕལ་ཆེར་ལ་ཡོང་འདུག་པ་དེ་ཚོ། དལ་འབྱོར་རྙེད་དཀའ་བ་དང་། འཆི་བ་མི་རྟག་པ་སོགས་གོ་མྱོང་རྒྱུད་ལ་མ་འབྱོར་བས་ལན་པ་རང་ལ་ཐུག་འདུག་པས། དེས་ན་ལམ་བསྐྱེད་རྫོགས་ཀྱི་རིམ་པ་ལ་གང་མྱུར་གྱིས་མཐོ་སྙབ་འགའ་མི་བྱ་བར་མདའ་འཕེན་པ་ལ་འབེན་ངོས་ཟིན་དགོས་པ་ལྟར། དང་པོ་ནས་ཆོས་དང་འཇིག་རྟེན་གྱི་རྣམ་དབྱེ་དགེ་སྡིག་སྐྱོན་ཡོན་དང་། རྒྱུ་མཚན་རྣམས་མ་འདྲེས་པ་ཡང་དག་པ་སོ་སོར་ཕྱེས་ནས། ཉམས་སུ་ལེགས་པར་བླང་ཤེས་དགོས་པ་ཡིན། དེ་ལྟར་ཕྱེ་བའི་ཐབས་ཟབ་མོ་ཡིན་ལུགས་ནི། མདོ་སྔགས་གཉིས་ཀྱི་ཆོས་ཇི་སྙེད་ཅིག་ཞལ་བསྡུར་བའི་སྙིང་པོ་བླ་མ་དམ་པའི་ཞལ་རྒྱུན་ཟབ་མོ་ལྟར་བློ་ལྡོག་རྣམ་པ་བཞིའི་བློ་སྦྱང་ཡང་ཡང་སྔོན་དུ་འགྲོ་བས་ཁ་ཙམ་དང་ཕྱོགས་ལམ་མ་ཡིན་པར་ངེས་འབྱུང་གི་བློ་ཁྱད་པར་ཅན་རང་རྒྱུད་ལ་སྐྱེས་པ་ཞིག་ཅི་ནས་གལ་ཆེ་བའི་རང་བཞིན་འདི་ལྟར་ལགས་ཏེ། དེའང་མི་ལུས་ཙམ་པོ་པ། འཕྱོར་པོ་པ། འཇའ་ཚོན་པ། སྙིང་མེད་པོ། སྟོང་ལོག་མཁན་ལྟ་བུ་མ་ཡིན་པ། དམ་པའི་ཆོས་ཟབ་མོ་སྒྲུབ་པ་ལ་མི་ཁོམ་པའི་གནས་བརྒྱད་དང་བྲལ་ཞིང་ཁྱད་པར་གྱི་འབྱོར་བ་བཅུ་ངེས་པར་ཅན་གྱིས་ཚང་དགོས་ཏེ། ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་དང་། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེར་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་གསུངས་པ་ལྟར་དལ་འབྱོར་དེ་ལྟ་བུ་ནི། རྒྱུ་དང་ངོ་བོ། དཔེ་དང་གྲངས་གང་གི་སྒོ་ནས་གཞལ་ཀྱང་རྙེད་དཀའ་བའི་རང་བཞིན་དེ་དག་རང་རྒྱུད་དུ་ཚང་ངམ་མ་ཚང་ཞིབ་པར་དཔྱད་དེ། ཚང་འདུག་ན་དབུལ་པོས་ནོར་རྙེད་པ་ལྟ་བུར་དགའ་སྤྲོ་ཚད་མེད་པ་བསྒོམ་དགོས་པ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་ལུས་རྟེན་རྙེད་མི་འགྱུར། །ཞེས་དང་། ཇི་སྐད་དུ། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིན་ཆད་རྙེད་དཀའ་བས། །རྨོངས་པ་རྣམས་ནི་གཉིད་མ་ལོག །ཅེས་གསུངས་པ་ལྟར། མ་ཟད་བསྟན་འགྲོ་ཀུན་གྱི་འཕྲལ་ཡུན་བདེ་སྐྱིད་འབྱུང་གནས་ཆེན་པོ་ངེས་པ་དོན་གྱི་བསྟན་པ་འཛིན་པའི་སྐྱེས་བུ་ཞིག་རང་རེས་མཐོང་ཐོས་རེག་བྱའི་ཡུལ་དུ་འདུག་ཕྱིན་ཆོད་ལྷག་པར་དུའང་གནས་དང་། དུས་དང་། ཆོས་དང་། སྒྲུབ་པའི་ཐབས་རྟེན་སོགས་ཀུན་གྱི་སྙིང་པོའི་སྙིང་པོ་ཡང་ཟབ་རྩེ་མོ་གཅིག་ཏུ་ཡིན་པར་ཤེས་པའི་ངང་ནས། ཆོས་སྒོར་མ་ཞུགས་པ་རྣམས་དུས་མྱུར་བ་ཉིད་དུ་ཞུགས་པར་བྱོས། འཇུག་བཞིན་པ་རྣམས་ཆོས་དྲེད་དུ་མ་ལྷག་པར་སྡིག་སྤོང་དགེ་སྒྲུབ་ལ་གོང་འཕེལ་དུ་བརྩོན་འགྲུས་བསྐྱེད། བརྩོན་འགྲུས་ཁྱད་པར་ཅན་དང་ལྡན་པ་རྣམས་ཀྱིས་ཉམས་རྟོགས་ཡོན་ཏན་ཐམས་ཅད་མཐར་ཕྱིན་ནས་དོན་གཉིས་ལྷུན་གྱིས་གྲུབ་པ་ཞིག་བྱ་བ་ཅི་ནས་གལ་ཆེ་བའི་རང་བཞིན་ནོ། །དེ་བཞིན་འདུན་སྤྱོད་ཐམས་ཅད་ཆོས་ལ་མྱུར་བར་རྩེ་གཅིག་ཏུ་བརྩོན་འགྲུས་བསྐྱེད་རྒྱུ་མ་བྱུང་ན་ཕལ་ཆེར་སྐྱེས་དང་། ཚར་ལོང་མེད་པ། རྒས་དང་ན་ལོང་མེད་པར། དགྲ་འདུལ་འཕྲོ། གཉེན་སྐྱོང་འཕྲོ། ལས་ལས་འཕྲོ། གཏམ་བཤད་འཕྲོ། ཟས་ཟ་འཕྲོ་ལུས་ནས་འཆི་འགྲོ་དགོས་པ་ཨི་མི་འདུག་ན། རང་རེས་དམ་པའི་ཆོས་སྒྲུབ་པའི་ལོང་ཁོམ་ག་ལ་ཡོང་སྟེ། བཤེས་སྤྲིངས་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པས་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་རྟག་སྨོས་ཅི་འཚལ། །ཞེས་དང་། འདུལ་བ་ལུང་ལས། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པ། །ས་ཕྱོགས་དེ་ནི་གང་ན་ཡོད་མ་ཡིན། །ནམ་མཁའ་ལ་མེད་རྒྱ་མཚོའི་གཏིང་ནའང་མེད། །རི་བོ་ཀུན་གྱི་ཕུག་ན་ཡོད་མ་ཡིན། །ཞེས་གསུངས་པ་ལྟར། དེའི་ཕྱིར་མི་རྟག་པའི་རང་བཞིན་ལས་ནམ་ཡང་མ་འདས་པའི་ཚུལ། ཡིན་ལུགས་ཅུང་ཟད་བཤད་པ་ལ། ཕྱི་སྣོད་ཆགས་འཇིག །ནང་བཅུད་སྐྱེ་འཆི། དཔེ་དོན་སྣ་ཚོགས་གང་ལ་བསམ་ནའང་། མི་རྟག་པའི་རང་བཞིན་ལས་མ་འདས་ཏེ། དཔེར་ན་སེམས་ཅན་ལུག་བརྒྱ་སྟོང་གི་ནང་ནས་གློ་བུར་དུ་ཤན་པའི་ཞགས་ནག་དེ་སུའི་སྐེ་ལ་ཐེབ་ཡོང་ཆ་མི་གཏོགས་པ་ལྟར་རམ། མཆོད་མེ་བརྒྱ་མཆོད་ནང་ནས་གཡས་གཡོན་མདུན་རྒྱབ་མཐའ་དབུས་གང་ནས་མར་ཁུ་ཟད་དེ་དས་ཡོང་ཆ་མི་གཏོགས་པ་ལྟར་རམ། རླུང་གསེབ་ཀྱི་མར་མེ་ལྟར་རམ། ཉི་རྒས་ཀྱི་གྲིབ་མ་ལྟར་རམ། ཤིང་འབྲས་སྨིན་ནས་ལྷུང་ལ་ཉེ་བ་ལྟ་བུའི་ཚེ་མཇུག་རྣམས་ནི་ནམ་འཆི་ངེས་པ་ལྷག་པར་མ་མཆིས་ཤིང་། ཚེ་ཟད་ནས་འཆི་ལ་ཉེ་བའི་དུས་དེར། སངས་རྒྱས་སྨན་ལྷས་སྨན། ཚེ་དཔག་མེད་ཀྱིས་དབང་། འཇམ་དཔལ་དབྱངས་ཀྱིས་དཔྱད། ཐུགས་རྗེ་ཆེན་པོས་འདུལ། ཕྱག་ན་རྡོ་རྗེས་སྲུང་བར་མཛད་ཀྱང་བཟློག་ཏུ་མི་བཏུབ་སྟེ། ལོ་ན་ཆུང་ཡང་མི་འཆིའི་གདེང་མེད། ཟས་གོས་རྒྱུ་ནོར་ཕྱུག་ཀྱང་མི་འཆི་བའི་གདེང་མེད། ནད་མེད་ཀྱང་མི་འཆི་བའི་གདེང་མེད། མི་འཆི་སྙམ་ན་སྟོན་པས་ཚེ་ཚད་བསྟན་པའམ། ཡང་ན་རང་ལ་ཟག་མེད་མངོན་ཤེས་ཡོད་དགོས། ཡང་ན་གཤིན་རྗེ་ཆོས་རྒྱལ་དང་འཕྲད་ནས་རེ་ཞིག་མི་འཁྲིད་པའི་དམ་བཅའ་བླང་བ་འདྲ་ཡོད་ན་མ་གཏོགས་ངེས་ངེས་ཅི་ཡང་མེད་རུང་ཤེས་མི་མི་འདུག །བསམ་པའི་སེམས་དང་། ལྟ་བའི་མིག །ཉན་པའི་རྣ་བ་ཡོད་ན་ནི་ཀུན་གྱིས་མཐོང་ཆོས་མྱོང་གྱུར་དུ་ཡོད་པ་འདི་དག་ལ་ཐུགས་བསམ་རེ་ངེས་པར་བསྐོར་ཏེ། ད་ལྟ་རྒྱུ་ནོར་གྱི་འབྱོར་ཚོགས་རྒྱས་པ། ཐོབ་ཐང་དང་རྣམ་དཔྱོད་ལྡན་པ། དཔའ་རྩལ་དང་སྤྱང་གྲུང་འཛོམས་པ། རིགས་རུས་དང་ལང་ཚོ་དར་བ། ཐོས་བསམ་གྱི་མཁྱེན་རྒྱ་ཆེ་བ། འཆད་རྩོད་རྩོམ་ལ་མཁས་པ། མཛད་ཕྲིན་རྒྱས་པ་དང་། བྱ་བ་ལམ་དུ་སློང་བ་སོགས་ཁ་ཕྱིར་བལྟས་ང་རྒྱལ་གྱི་དབང་དུ་འདྲ་ཆགས་མདོག་བྱེད་ནས་ནམ་ཡང་མ་ལྡིང་ཞིག །འཆི་ནད་དྲག་པོ་བཟློག་ཏུ་མི་བཏུབ་པ་ནང་ཁྲོལ་ལས་ཚུར་ངེས་པར་སྨིན་ནས་མི་རྟག་པའི་རང་བཞིན་གཅིག་ཏུ་ངོམ་ཡོང་བས་ན། དེང་ཕན་ཆོད་ཚེ་ཅི་ཡོད་འཆི་བསྒུག་བྱས་པ་ལྟ་བུའི་ངང་དུ་སྡོད་ཐབས་ག་ལ་ཡོད། དེ་སྔོན་ཚེ་དོན་ཡོད་ལ་མེད་ཟད་སོང་བ་ལའང་། གནོང་འགྱོད་དྲག་པོ་སྐྱེས་པའི་སྒོ་ནས་དགེ་སྦྱོར་ལ་འཕེལ་སྐྱེད་ལྷག་ཏུ་ཐོན་པར་བྱ་དགོས་པ་ཡིན་ཞིང་། མདོར་ན་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་རུང་། ཁྱིས་རྩྭ་བཞིན་དོར་ནས། རྟ་ཕོ་ལྕག་གིས་བྲབ་པ་ལས་ཆེར་མྱུར་བར་སྔོན་ནས་ཁྲིད། རྒྱབ་ནས་དེད་མཁན་བརྒྱ་སྟོང་ཁྲི་འབུམ་དུ་མར་ཡོད་པ་ལས་ལྷག་ཙམ་ཆོས་ལ་བརྩོན་འགྲུས་ཤུགས་དྲག་ལ་རྒྱུན་རིང་བ་ཉིན་མཚན་བར་མེད་དུ་དུས་འདའ་བར་སྤྱོད་འགྲོ་མི་རྣམས་ནི་མི་རྟག་པ་སོགས་རྒྱུད་ལ་འབྱོར་བའི་བཀའ་དྲིན་ཁོ་ན་ལས་འབྱུང་བ་ཡིན་འདུག་པས། དེ་ལྟ་བུ་རང་རེའི་རྒྱུད་ལ་ངེས་པར་མ་སྐྱེས་བར་དུ་མ་བསྒོམས་ན། ཆོས་ཞུ་ལོ་དང་ཐོས་ལོ་སྒྲུབ་ལོ་འདྲ་ཆགས་པོ་སོགས་ཇི་ཙམ་བྱས་བསྡད་ཀྱང་། ཚེ་འདི་ཡི་ལད་མོ་ལྟ་བུའི་མཐར་ཆོས་དྲེད་ངན་པའི་རྒྱུ་ལས་མ་འདས་པས། ད་ནི་ལེ་ལོ་ཕྱི་བཤོལ་གྱི་དབང་དུ་སྐད་ཅིག་ཙམ་ཡང་མི་བཏང་བར། སྙིང་པོ་དམ་པའི་ཆོས་མཐར་ཕྱིན་པ་ཞིག་ཅི་ནས་གལ་ཆེ་བར་མཛོད་ལགས། དེ་ལྟར་ཤི་ནས་མེ་དས་པའམ། ཆུ་སྐམ་པའམ། འཇའ་ཡལ་བ་ལྟར་རམ། མུ་སྟེགས་རྒྱང་འཕེན་པའི་ལྟ་བ་ལྟ་བུ་ཅང་མེད་དུ་མི་འགྲོ་བར། ད་ལྟའི་ཕུང་པོ་བྱ་ཁྱིས་ཟོས་ནས་རྡུལ་ཕྲན་མེད་པར་བརླག་ཀྱང་། སྔར་བཞིན་རྣམ་ཤེས་འཁོར་བ་ལས་འདའ་ས་མེད་པས་ན། སླར་ལུས་བླངས་ནས། ལས་དང་རྣམ་སྨིན་ཐམས་ཅད་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་ཇི་བཞིན་མྱོང་དགོས་པའི་ཚུལ། ལས་རྒྱུ་འབྲས་ཀྱི་རིམ་པ་ནི། ད་ལྟ་ལ་ལ་བདེ་བ་ཤ་སྟག །ལ་ལ་སྡུག་བསྔལ་ཤ་སྟག །ལ་ལ་བདེ་སྡུག་འདྲེས་མ་སྣ་ཚོགས་ཡོང་བ་རྣམས་ད་ལྟའི་སྐབས་འདིར་ལས་ཡག་ཉེས་ལམ་འགྲོ་ཆེ་ཆུང་། ཕོ་རྒོད་ཞན་ཡིན་སྙམ་པ་ནི་མི་ཕལ་ཆེས་བྱེད་ཀྱིན་འདུག་སྟེ། དེ་ནི་ལས་རྒྱུ་འབྲས་ལ་ཕྱོགས་ཙམ་ཉེ་བ་མ་ཡིན་ནོ། །ཚེ་སྔོན་དགེ་སྡིག་གི་ལས་གང་བསགས་ཀྱི་འབྲས་བུ་ཁོ་ན་ལ་རག་ལས་པ་ཡིན་ཏེ། རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བ་དང་། ལས་འབྲས་ལ་རྨོངས་པ་གསུམ་གྱིས་ཀུན་ནས་བསླང་བའི་ལས་དང་འབྲས་བུ་རྣམས་ནི་རྩ་བ་དུག་ལས་བྱུང་བའི་ལོ་མ་མེ་ཏོག་འབྲས་བུ་བྱེད་ལས་དང་བཅས་པ་དུག་གི་རང་བཞིན་ཏེ། ཕལ་པོ་ཆེ་ལས། ཇི་ལྟར་ས་བོན་ཁྱད་པར་གྱིས། །འབྲས་བུ་སྣ་ཚོགས་སྣང་བ་ལྟར། །དེ་བཞིན་ལས་ཀྱི་ཁྱད་པར་གྱིས། །སེམས་ཅན་རྣམས་དང་ཞིང་འབྱུང་ངོ་། །ཞེས་དང་། རིན་ཆེན་ཕྲེང་བ་ལས། དགེ་བ་ཡིས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་ཀྱང་། །མི་དགེ་བས་ནི་ངན་སོང་དང་། དེ་བཞིན་སྡུག་བསྔལ་ཐམས་ཅད་དོ། །ཞེས་གསུངས་པ་ལྟར། སྤང་བྱ་རྒྱུ་དུག་གསུམ་གྱིས་ཀུན་ནས་སློང་བའི། ལས་མི་དགེ་བ་བཅུ་རྣམ་སྨིན་འབྲས་བུ་ངན་སོང་གསུམ་དང་། བྱེད་པ་རྒྱུ་མཐུན་དང་། མྱོང་བ་རྒྱུ་མཐུན་དང་། དབང་འབྲས་ཡུལ་ལ་སྨིན་པ་སྐྱེས་བུ་བྱེད་འབྲས་སོགས་རྒྱུ་འབྲས་དེ་དག་སྤང་དགོས་པ་དང་། ད་ནི་བསྒྲུབ་བྱ་དགེ་བའི་ལས་ནི། རང་ཕྱོགས་ལ་མི་ཆགས་པ་དང་། གཞན་ཕྱོགས་ལ་ཞེ་སྡང་མེད་པ་དང་། ལས་འབྲས་ལ་རྨོངས་པ་མེད་པའི་ཤེས་རབ་གསུམ་གྱིས་ཀུན་ནས་སློང་བའི་ལས་འབྲས་དེ། དཔེར་ན་རྩ་བ་སྨན་ལས་བྱུང་ན། ལོ་མ་མེ་ཏོག་འབྲས་བུ་བྱེད་ལས་དང་བཅས་པ་སྨན་གྱི་རང་བཞིན་ཡིན་པ་ལྟར་དགེ་བའི་ལས་བཅུ་དང་། རྣམ་སྨིན་མཐོ་རིས་གསུམ་གང་རུང་དང་། བྱེད་པ་རྒྱུ་མཐུན། མྱོང་བ་རྒྱུ་མཐུན། དབང་འབྲས་ཡུལ་ལ་སྨིན་པ་སྐྱེས་བུ་བྱེད་འབྲས་སོགས་བདེ་བའི་རྒྱུ་འབྲས་དེ་དག་བསྒྲུབ་བྱ་ཡིན་པ་དང་། དེ་ལྟར་ལས་གང་བྱས་དེ་ཡང་ན་འབྲས་བུ་མྱངས་ནས་འཛད། ཡང་ན་བཤགས་པས་སོར་ཆུད་དེ་འཛད་ན་མ་གཏོགས་ས་ལ་མི་སྨིན། རྡོ་ལ་མི་སྨིན། མི་སུམ་མི་རུལ་མི་སྐམ་མི་ཟད་ཅིང་དུས་ནམ་ཡང་རང་ཐོག་ཏུ་སྨིན་ངེས་ལས་མི་ལྡོག །ཤུལ་དུ་མི་སྡོད། གཞན་གྱི་རྗེས་སུ་མི་འབྲངས། མེད་པར་ཡང་མི་འགྱུར་ལ། འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཕྲ་ཞིང་ཕྲ་བ་མྱོང་དགོས་པའི་ལོ་རྒྱུས་འདུག་ན། རང་རེ་རྣམས་ནི་དགེ་སྒྲུབ་ལ་ཕྲ་ཞིང་ཕྲ་བ་ནས་ཞིབ་པ་ཅི་ནས་ཀྱང་གལ་ཆེ། དེ་ལྟར་དགེ་བ་བསྒྲུབས་ནས་སྡིག་པ་ཡོངས་སུ་མ་སྤངས་ན། རྒྱུ་དེ་དག་གིས་འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་། མེ་ཡི་འོབས་ལྟ་བུ། སྲིན་མོའི་གླིང་། དུག་སྦྲུལ་གྱི་ཚང་། མཚོན་གྱི་རྩེ། མི་གཙང་བའི་འདམ་ལྟ་བུ་སྡུག་བསྔལ་གྱི་རང་བཞིན་ལས་ནམ་ཡང་མ་འདས་པའི་ཚུལ་འཁོར་བའི་ཉེས་དམིགས་ནི། བཤེས་སྤྲིངས་ལས། དམྱལ་བ་བྲིས་དང་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བྱས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས། །ཞེས་དང་། དེ་ལྟར་ཤིན་ཏུ་སྡུག་བསྔལ་མི་བཟོད་པ། །བྱེ་བ་ཕྲག་བརྒྱ་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་བར། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། ཚ་དམྱལ་བརྒྱད་དང་། ཉི་ཚེ་ཉེ་འཁོར་གཉིས། གྲང་དམྱལ་བརྒྱད། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བསྐོལ་སྤྱོད། ལྷ་འཕོ་ལྟུང་། ལྷ་མ་ཡིན་འཐབ་རྩོད། མི་སྐྱེ་རྒ་ན་འཆི་སོགས་ཡོད་པས་མདོ་དོན་བསྡུ་ན། དེ་ལྟར་འགྲོ་བའི་གནས་རིས་གང་དུ་སྐྱེས་ཀྱང་། ཚ་གྲང་ལྟོགས་སྐོམ། ངལ་དུབ། ན་ཚ། འཐབ་རྩོད། འཕོ་འགྱུར། བསགས་སྲུང་། དགྲ་གཉེན་ཆགས་སྡང་ཁོ་ན་ལས་མ་འདས་ཏེ། འདོད་པ་སེམས་ཀྱི་སྡུག་བསྔལ། མྱོང་བ་ལུས་ཀྱི་སྡུག་བསྔལ། སྣང་བ་ཡུལ་གྱི་སྡུག་བསྔལ། སྒོ་གསུམ་རྩོལ་སྒྲུབ་ཀྱི་སྡུག་བསྔལ། སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཡོ་ལང་། སྡུག་བསྔལ་གྱི་འཁྲུལ་འཁོར་ཁོ་ན་ལས་མ་འདས་པས་ན། སྡུག་བསྔལ་དེ་དག་མཐོང་ཐོས་ཙམ་དུ་མི་བཞག་པར་དཔེ་ཞིབ་ཀྱིས་བླངས་ཏེ་སེམས་ཀྱིས་ཡང་ཡང་ནན་ཏན་དུ་སྒོམ་ཞིང་། ངེས་ཤེས་དྲག་པོ་བཅོས་མ་མ་ཡིན་པར་རྒྱུད་ལ་ངམ་ངམ་ཤུགས་ཀྱིས་སྐྱེས་ཏེ། དེ་རྒྱུ་འཁོར་བའི་བྱ་བཞག་ཐམས་ཅད་ལ་ཞེན་པ་གཏིང་ནས་ལོག་པ་ཉེས་ཆེན་བཙོན་དོང་ནས་བྲོས་པ་ལྟར་རམ། རི་དྭགས་རྒྱ་ནས་ཐོན་པ་ལྟར་རམ། མཁྲིས་ནད་ཅན་གྱིས་བཙོ་ཟན་མཐོང་བ་ལྟ་བུ་ཞིག་ནི་ངེས་པར་ཅན་གྱི་རང་རྒྱུད་དུ་འབྱོངས་དགོས་པ་ཡིན་ནོ། །དལ་འབྱོར་རྙེད་དཀའ་བ་དང་། འཆི་བ་མི་རྟག་པས་ཚེ་འདིའི་བློ་སྣ་བསྟུང་། ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་ཀྱིས་ཕྱི་མ་ངན་འགྲོའི་གནས་ལས་བློ་ལྡོག་སྟེ་ཚེ་འདིར་སྣང་ཆོས་བརྒྱད་སོགས་ཀྱི་སྤྱོད་པ་ལྟ་ཅི་སེམས་ཐོག་ཏུ་ཅུང་ཟད་སྐྱེས་ཀྱང་། སྤང་གཉེན་སྐད་ཅིག་གིས་ར་འཕྲོད་ནས་འགྲོ་འདུག་ཟ་ཉལ་ལ་ལོངས་སྤྱོད་ནས་འདུ་ཤེས་བཞི་ཙམ་ལའང་། དགོས་མེད་ཆོག་ཤེས་གཅིག་ཏུ་བརྟེན་པ་དང་། དེ་བཞིན་སྔོན་བྱོན་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱང་མི་རྟག་པ་སོགས་ཀྱི་ཐུགས་རྒྱུད་ཤིན་ཏུ་མྱུར་བར་བསྐུལ་ཏེ་ཚེ་འདི་བློས་ཡོངས་སུ་བཏང་སྟེ་སྒྲུབ་པ་སྙིང་པོ་ཁོ་ནར་མཛད་པ་དང་། དོན་གཉིས་རླབས་པོ་ཆེ་མཐའ་རུ་ཕྱིན་པ་ཡིན་ཏེ། མདོར་ན་རང་གཞན་གྱི་དོན་གཉིས་རླབས་ཆེ་བ། རྣམ་གྲངས་མང་བ། ཤུགས་དྲག་པ། རྒྱུན་རིང་བ། མཐའ་ཡས་པ་དེ་ལྟ་བུ་འགྲུབ་པའི་རྩ་བ་ནི་རང་རེའི་ཞག་ཟླ་ལོ་གྲངས་དང་ཚེ་ཡི་ཡུན། འདི་ལས་ལྷག་ཙམ་ཆེར་བཞུགས་པ་མིན་ཀྱང་། དོན་མེད་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་། ཟས་གོས་དོན་གཉེར། འགྲོ་འདུག་བྱ་བཞག་འདུ་འཛི་གཡེང་བ་སོགས་ལས་མི་དགེ་བའི་རིགས་རྒྱང་རིང་དུ་བསྲིང་སྟེ། སྒོ་གསུམ་དམ་པའི་ཆོས་ལ་ཉག་གཅིག་དྲིལ་བས་གོམས་སྟོབས་ཀྱིས་མཐའ་གཉིས་ལ་མི་གནས་པ། དོན་གཉིས་ལྷུན་གྱིས་གྲུབ་པ། གང་ཟག་མི་ཡི་ལུས་ལ་དགོངས་པ་སངས་རྒྱས་སུ་མངའ་བ། འཇིག་རྟེན་ལྷ་མི་ཀུན་གྱིས་མཆོད་འོས་ཀྱི་གནས་ཆེན་པོ་དུས་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས་པས་དེ་ལྟར་འགྲུབ་པ་རང་ཡིན་འདུག་པས། དེས་ན་རང་རེ་རྣམས་ཀྱི་རྒྱུད་ལ་ངེས་འབྱུང་དྲག་པོའི་བློ་དེ་དེ་བཞིན་དུ་འབྱོར་ངེས་རེ་བྱས་ནས། རང་གཞན་གྱི་གཏན་དོན་ཆོས་རྣམ་དག་ཁོ་ན་སྒྲུབ་དགོས་པ་ཡིན་ནོ། །དེ་ནས་ཐུན་མིན་སྔོན་འགྲོའི་བསགས་སྦྱང་གི་རིམ་པ་ལ་ཚིག་ཙམ་རྗེས་ཟློས་ཀྱིས་གྲངས་བསགས་པ་དང་། ལ་འུར་ཡ་ཡོལ་གྱི་ངང་ནས་ཚེ་འདིའི་དཔོན་པོ་ལ་ཁྲལ་མཇལ་བྱེད་པ་ལྟ་བུའམ། གཡོག་ངན་ལ་ལས་ཀ་ལྟ་བུར་བྱས་པས་དོན་ཆེར་མི་འབྱུང་བས་ན། བརྒྱུད་ལྡན་གྱི་བླ་མའི་ཞལ་རྒྱུན་དང་ཕྱག་བཞེས་ཟབ་མོ་མཐུན་ངེས་པར་སྒོ་གསུམ་ཐུགས་ཉམས་ཤིན་ཏུ་བག་ཕེབས་པའི་ངང་ནས་དང་པོ་ངག་འདོན་གང་ཡིན་པ་དེ་དག་བློ་རུ་བྱང་ཆུབ་པར་འཛིན་ཅིང་། དེ་ནས་ཟླ་བ་ཁ་ཤས་ལ་སྐྱབས་ཡུལ་རྣམས་མ་འདྲེས་པར་གསལ་བཏབ་ལ་བརྟན་ཆ་གཅིག་ཏུ་ཆེ་བ་མ་བྱུང་གི་བར་དུ་སྒོམས། ཡིད་ཁྱེད་ཤེས་ཀྱི་དད་པ་རྩེ་གཅིག་འགྲོ་ངེས་པར་གྱུར་པའི་སྤྱན་སྔར། མཆོད་པ་སོགས་དངོས་བཤམས་ཡིད་སྤྲུལ་ཏིང་ངེ་འཛིན་གྱི་མཁའ་ཁྱབ་ཏུ་སྤེལ་བའི་དམིགས་འདུན་རྩེ་གཅིག་དྲིལ་ནས་སྒོམ་པར་མཛད་པ་ལས་གཞན་སའམ་རྡོའམ། བར་སྣང་སྟོང་པར་འབུལ་བྱ་འབུལ་བྱེད་གྱུར་པ་ལྟ་བུ་སླ་ཆོས་སུ་ནམ་ཡང་མི་བྱེད་པར་དཀའ་བ་དང་དུ་ལོངས། སླ་བ་རྒྱབ་ཏུ་དོར་ནས་སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་པ་མེད་པ། རྗེས་རྨི་ལམ་དང་སྒྱུ་མ་ལྟ་བུའི་བསྔོ་བ་སྟེ། དམ་པ་གསུམ་ཀ་ཚང་བའི་སྒོ་ནས་ལག་ལེན་ཚད་ལྡན་རེ་རིམ་གྱིས་ངེས་པར་གདབ་དགོས་པ་ཡིན་ནོ། །དེ་བཞིན་དུ་རྒྱུད་ལས་སུ་རུང་བར་བྱེད་པ་སྐྱབས་འགྲོའི་ཁྲིད་ལ། ཇི་སྐད་དུ། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད། །ཅེས་དང་། མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་འདི་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང་། །དེ་ནི་དེ་ལས་ལྷག་པར་འགྱུར། །ཞེས་དང་། མདོ་སྡེ་རྒྱན་ལས། རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་། །ཉེས་པར་སྤྱོད་པ་ཐམས་ཅད་དང་། །རྒ་དང་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ཀྱིས་ཡོངས་སུ་སྐྱོབས། །འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དག་གི་གནས་མིན་དང་། །འཇིགས་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་གསུངས་པ་ལྟར། དཔེར་ན་བྱིས་པ་ཁྱིས་དེད་པ་མི་ཆེན་པོ་ལ་སྐྱབས་སུ་འགྲོ་བ་ལྟར་རམ། ཉེས་ཆེན་གྱི་མི་རྒྱལ་པོ་ཆེན་པོ་ལ་མགོ་བཏགས་པ་དང་འདྲ་ཞིང་། དེ་ལྟར་ཆོས་ལ་འཇུག་པའི་སྒོ་སྐྱབས་སུ་འགྲོ་བ་ནི་གལ་གནད་ཤིན་ཏུ་ཆེ་བའི་རང་བཞིན་ཏེ། སྐྱབས་སུ་མ་སོང་བས་སྡོམ་པ་ཙམ་ཡང་མི་ཐོབ་ལ། སྡོམ་པས་མ་བསྡམས་ན་ལམ་གཏན་ནས་མེད་པའི་ཕྱིར་ལམ་ཐམས་ཅད་ཀྱི་རྟེན་གཞི་མཆོག་རབ་རྩེ་མོ་ཡིན་པར་བཤད་པས། དེ་ལྟར་ཉམས་སུ་ལེན་པའི་དུས་རང་གིས་དད་པ་རྣམ་པ་གསུམ་གྱིས་གཞི་བཟུང་ན། རྒྱལ་བ་རྣམས་དགོངས་པར་གཤེགས་བཞུགས་ཁྱད་མེད། མཁྱེན་པར་གསལ་འགྲིབ་མེད་པ། བརྩེ་བར་ཉེ་རིང་མེད་པ། ནུས་པར་ཐོགས་རྡུགས་མེད་པ་རྒྱལ་བའི་ཡོན་ཏན་ཡིན་པའི་ངེས་ཤེས་བསྐྱེད་ནས། ཐེག་པ་ཆེ་འབྲིང་ཆུང་གསུམ་གྱི་སྐྱབས་འགྲོའི་དོན་དང་། ཡུལ་དང་། དུས་སོགས་ཅུང་ཟད་དབྱེ་ཞིང་ས་གཞི་རྒྱ་མཚོ་པད་སྡོང་བཞུགས་ཁྲི་དང་། སྐྱབས་ཡུལ་ལྷ་ཚོགས་ཐོ་བརྩེགས་དང་དཀྱིལ་འཁོར་དུ་གསལ། སྐྱབས་བྱ་རང་གཞན་སེམས་ཅན་ཐམས་ཅད་དམིགས་འོག་ཏུ་ཆུད་པ་དང་། ལུས་ཀྱིས་ཕྱག །ངག་གིས་སྐྱབས་འགྲོ། ཡིད་ཀྱིས་འདོད་གསོལ་བྱ་ཚུལ་སོགས་སྒོ་གསུམ་འདུན་པ་ཆིག་དྲིལ་དཀའ་སྤྱད་སྙིང་རུས་ལྡན་ངེས་བྱས་ཏེ། བསྡུ་རིམ་དང་བསྔོ་སྨོན་བྱ། ཕྱིན་ཆད་སྐྱབས་འགྲོའི་བསླབ་བྱ་ནི། སྤང་བྱ་དང་། བླང་བྱ། ཆ་མཐུན་གྱི་རིམ་པ་རྣམས་ཚུལ་བཞིན་སྲུང་སྡོམ་བྱ་བ་གལ་ཆེའོ། །དེ་ནས་སེམས་བསྐྱེད་ནི། དེ་ལྟར་སྐྱབས་ཡུལ་རྣམས་དཔང་པོའི་ཚུལ་དུ་བྱས་ཏེ་ཆོས་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ནས་བཟུང་སྟེ། སྐྱེས་བུ་ཆེན་པོའི་སེམས་བསྐྱེད་ཡང་རབ་ཀྱི་ཐབས་ཟབ་མོ་དང་ངེས་པར་མ་ལྡན་ན། བྱ་ཡིན་ཀྱང་གཤོག་པ་མེད་པ་ལྟར་རམ། རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟ་བུ་དགེ་སྡིག་གི་རྣམ་དབྱེ་གཞི་ནས་ཕྱེ་མཁས་དང་། ཆོས་དང་གང་ཟག་མཚམས་སྦྱོར་མཁན་དང་། དགེ་རྩའམ་འགྱུར་སྐྱེད་ཀྱི་རྩལ་བཏོན་མཁན་དང་། གཞན་དོན་རླབས་ཆེ་ཆུང་། ས་ལམ་མྱུར་ཞན། འབྲས་བུ་རབ་འབྲིང་ཐ་མ་ཐོབ་ལུགས་སོགས་ཀུན་སློང་བཟང་པོ་ཁོ་ན་ལ་རག་ལས་པ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་ཐོབ་མི་འགྱུར། །འཁོར་བར་བདག་གཞན་དོན་འགྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར། གལ་ཆེ་ཞིང་མདོར་བསྡུ་ན་རང་རེ་རྣམས་ནི་དེ་སྔོན་རང་འདོད་ཁོ་ནའི་བསམ་སྦྱོར་གྱི་དབང་དུ་སོང་བའི་ལེ་ལན་གྱིས་འཁོར་བ་ངན་སོང་གི་གནས་སུ་མུ་མཐའ་མེད་པར་ལས་ངན། ལུས་ངན། འབྲས་བུ་ངན་པ་མྱོང་ནས་འཁྱམས་བསྡད་པ་ཡིན་འདུག་པས། ད་ནི་དེའི་གཉེན་པོ་ཆོས་ཤིག་སྒྲུབ་ན་རང་འདོད་ཡིད་བྱེད་ཀྱི་བློ་ངན་འདི་དག་དྲུངས་ནས་འབྱིན་ཏེ་གཞན་ཕན་གྱི་བསམ་སྦྱོར་ལྷད་མེད་རང་ལ་གཙོར་སྟོན་པ་ནི་གལ་གནད་ཤིན་ཏུ་ཆེ་ཤོས་ཡིན་པས། དེས་ན་དགྲ་གཉེན་བར་མ་དོའི་སེམས་ཅན་ཐམས་ཅད་མར་ཤེས་པ་དང་། དྲིན་དྲན་པ་དང་། དྲིན་ལན་འཇལ་དགོས་པའི་ཕྱིར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་སྐྱེ་བར་བྱ་བའི་ཐབས་ཚད་མེད་པ་བཞི་ལ་བློ་སྦྱོང་། སྨོན་འཇུག་གཉིས་ཀྱི་སེམས་དངོས་སུ་བསྐྱེད་ནས་གྲངས་གསོག །སྐྱེས་པ་མི་ཉམས་པ་བསྲུང་བར་བྱ་བའི་ཕྱིར་བཟོད་པའི་གོ་ཆ་གྱོན། མི་ཉམས་པ་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར་སྨོན་འཇུག་གཉིས་ཀྱི་བསླབ་བྱ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བརྩོན་པར་བྱ་དགོས་སོ། །དེ་ལྟར་སེམས་བསྐྱེད་པའི་ཕན་ཡོན་ཀྱང་ཚད་མེད་དེ། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་དུ་འགྲོ་བ་དང་། དགེ་བ་སྣ་གཅིག་ཡོད་རུང་སངས་རྒྱས་ཀྱི་ཡོན་ཏན་དང་སེམས་ཅན་གྱི་གྲངས་དང་མཉམ་པར་འཕེལ། དགེ་རྩ་ནམ་ཡང་ཆུད་མི་ཟ་བར་གོང་ནས་གོང་དུ་འཕེལ་བ་དང་། བསོད་ནམས་རྒྱ་ཆེ་བ་རྒྱུན་མི་ཆད་པར་ཐོབ་ཅིང་སངས་རྒྱས་ཀྱི་གདུང་འཛིན་པ་དང་། གཞན་དོན་རླབས་པོ་ཆེ་དངོས་བརྒྱུད་བར་གསུམ་ནས་འགྲུབ་པ་སོགས་དང་མཚམས་མེད་ཀྱི་ལས་བསགས་ཏེ། དམྱལ་བར་སྐྱེས་རུང་དར་གྱི་ཕོ་ལོང་བརྡབ་པ་ཙམ་ལས་གནས་མི་དགོས་པ་དང་། གཞན་སྡིག་བྱས་ཐམས་ཅད་དུས་མཐའི་མེ་ལྕེས་རྩ་སྦུར་ཐམས་ཅད་སྲེག་པ་ལྟར་འཇོམས་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བའམ་ལམ་ཐམས་ཅད་ཀྱི་སྙིང་པོར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་མཆོག་སྟེ་མྱུར་དུ་བླ་ན་མེད་པའི་ཁང་བཟང་དུ་བགྲོད་པའི་བཞོན་པ་བཟང་པོ་ལྟ་བུ་ཡིན་པ་སོགས་ཕན་ཡོན་ཚད་མེད་པས་ལྷག་པར་ཤེས་དགོས་སོ། །དེ་ནས་རྡོར་སེམས་སྒོམ་བཟླས་ནི། རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཀུན་གྱི་གཙོ་བོ། རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཡིན་པར་བཤད་དེ། ལྷ་ཐམས་ཅད་ཞི་ཁྲོ་དམ་པ་རིགས་བརྒྱ་རུ་འདུས་པ་དང་། དེ་ལའང་རིགས་ལྔའི་ཁོངས་སུ་གཏོགས་པ་དང་། དེའང་གསང་ཆེན་གྱི་ལྷ་རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་ཡོངས་སུ་འདུས་པ་དང་། མ་ཟད་སྔོན་གྱི་ཐུགས་བསྐྱེད་པའི་དུས་བདག་གི་མཚན་ཙམ་འཛིན་པ་ཐམས་ཅད་ཀྱི་སྡིག་ལྟུང་བྱང་བར་ཤོག་ཅེས་སྨོན་ལམ་བཏབ་པས་ཡོངས་སུ་འགྲུབ་ནས་སངས་རྒྱས་པ་ཡིན་པས་ན། ཕྱོགས་བཅུའི་སངས་རྒྱས་རེ་རེའི་མདུན་དུ་ཕྱིན་ནས་བཤགས་པའི་ཐབས་སྣ་ཚོགས་ལ་འབད་པ་ལས། གོང་དུ་བཤད་པ་བཞིན་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་དང་སྡུད་པའི་བྱེད་པོ་དཔལ་རྡོ་རྗེ་སེམས་དཔའ་བསྒོམས་ནས་བཤགས་པ་བྱེད་པ་འདི་ཉིད་འགྱུར་སྟོབས་ཆེ་སྟེ། དགོངས་པ་ཚིག་གསུམ་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡིས་སྡིག་སྒྲིབ་ཀུན་བྱང་ནས། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཅེས་དང་། སྙིང་པོ་རྒྱན་ལས། པད་དཀར་ཟླ་བའི་གདན་སྟེང་དུ། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ནས། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་གཅིག་བཟླས་གྱུར་ན། །ལྟུང་སོགས་བྱིན་གྱིས་བརླབ་པར་འགྱུར། །འབུམ་ཕྲག་གཅིག་ཏུ་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཅེས་གསུངས་པ་ལྟར། གལ་ཆེ་བར་ཤེས་ནས་དེའང་སྦྱང་བྱ་སྡིག་པའི་སྒོ་དྲུག་ཤེས་པའི་ངང་ནས། ཡོངས་སུ་སོར་ཆུད་པ་ཞིག་ད་ལན་བཤགས་རྒྱུ་མ་བྱུང་ན༑ མེ་ལོང་ཞིག་ས་ཞབས་སོང་ནས་བཙའ་གཡའ་སྐྱོན་ཆེར་གྱིས་བཟུང་བ་ལྟ་བུའམ། ཕྱི་མཛེས་ནང་རུལ། ཤིང་ཐོག་ཀུ་མུནྟ་དང་མཚུངས་པའམ། མཛེ་ཅན་འབུས་གཡེངས་ལ་ཕྱི་ནས་གོས་རྒྱན་གྱིས་སྤྲས་པ་ལྟར་རམ། སྡིག་བྱས་ཀྱི་ལས་རྣམས་ནི་བཙན་དུག་ཧ་ལ་ནག་པོ་ཁོང་དུ་ཤོར་བ་ལས་ཀྱང་བརྒྱ་འགྱུར་གྱི་ཐུ་ཆེ་སྟེ། དེས་ནི་ད་ལྟའི་སྐབས་འདིར་ལུས་ན་བ་དང་། འཆི་རྐྱེན་བྱེད་པ་ཙམ་ལས། ཚེ་རབས་ཀུན་ཏུ་སྡུག་བསྔལ་ལ་སྦྱོར་བར་ག་ལ་ནུས་ཏེ། ལས་ངན་མི་དགེ་བས་ནི་ཚེ་འདིར་མི་བདེ་བར་རྐྱེན་ངན་རྣམ་པ་སྣ་ཚོགས་འབྱུང་བ་དང་། ཕྱི་མ་བར་དོའི་འཁྲུལ་སྣང་གི་ཉིང་མཚམས་སྦྱོར་ནས། ངན་སོང་གི་གནས་སུ་སྐྱེས་ཤིང་སྡུག་བསྔལ་བཟོད་དཀའ་བ་ཤུགས་དྲག་པ། རྒྱ་ཆེ་བ། ཡུན་རིང་བ༑ མཐའ་མི་མངོན་པ་འབའ་ཞིག་གིས་མནར་ནས། ཚེ་རབས་ཐམས་ཅད་དུ་འཁོར་བའི་གནས་ལས་ནམ་ཡང་མི་ཐར་བ་བྱེད་པས་ན་ཤིན་ཏུ་ཕུང་ཚབས་ཆེ་བའི་རང་བཞིན་ཏེ། དེས་ན་སྐྱོན་མེད་ལྟ་བུར་འཇོག་ག་ལ་རུང་སྟེ། སྨན་དུ་རེ་ནས་དུག་ཟས་ནོར་བ་དང་འདྲ་བར་དེ་ཚུག་ནས་བཤལ་སྐྱུག་བཏང་བ་བཞིན་གནོང་འགྱོད་དྲག་པོ་སྐྱེས་པའི་ངང་ནས་སྡིག་སྒྲིབ་ལྷག་མེད་དུ་སྦྱང་བ་ལ་འབད་པ་ཅི་ནས་གལ་ཆེ་ཞིང་། སྦྱོང་བྱེད་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་རྩེ་གཅིག་འབད་པར་བྱས་ནས་རང་ཉིད་རྡོ་རྗེ་སེམས་དཔར་གནས་གྱུར་དོན་གཉིས་བྱས་ནས་བསྡུ་རིམ་ལ་ཡོངས་སུ་འཇུག་སྟེ། དོན་དམ་པའི་བཤགས་སྦྱོང་ལ་མཉམ་པར་འཇོག་ཅིང་སྡིག་སྒྲིབ་རྣམས་བྱང་རྟགས་ཀྱི་རིམ་པ་དངོས་ཉམས་རྨི་ལམ་དུ་མ་གྱུར་བར་དུ་འབད་པ་གལ་ཆེའོ། །ཕྱིན་ཆད་ཀྱང་སྡིག་པས་མི་གོས་པའི་ཐབས་ལ་འབད་དེ། དཔེར་ན་རྫི་བོའི་ཕྱུགས་ལུག་འཚོ་སྐྱོང་དང་བསྔོ་བགྲང་བྱེད་པ་ལྟར། དྲན་ཤེས་བག་ཡོད་ལྡན་པའི་སྒོ་ནས་སྡིག་སྤང་དགེ་སྒྲུབ་རྣམས་འཆོལ་ཉོག་རེད་མིན་བརྟག་དཔྱད་བྱ། གལ་སྲིད་མི་དགེ་བའི་ལས་བསགས་ཚེ་ལྟུང་བ་དང་ཡུན་དུ་འགྲོགས་ནས་ལེ་ལོ་བྱས་ན་དུག་མདའ་ངན་པས་ཟིན་པ་ལྟར་ཉེས་ལྟུང་དེས་དམྱལ་བར་སྐྱུར་ནུས་པར་གསུངས་པས་ལྟུང་བ་དང་ཞག་དང་སྐད་ཅིག་ཙམ་མི་འགྲོགས་པར། དཔེ་ཟས་དུག་ཟོས་པས་བཤལ་སྐྱུག་བཏང་བ་བཞིན་བཤགས་སྦྱོང་ལ་འབད། ཕྱིན་ཆད་སྡིག་པ་མི་དགེ་བའི་རིགས་གཏན་ནས་མི་བྱ་བའི་སྡོམ་སེམས་བཟུང་ནས་འཕྲོ་ཆོད་པར་བྱ་དགོས་ཏེ། དཔེར་ན་སྔར་དུག་ནད་ཀྱིས་མནར་བའི་མི་དེས་ཕྱིས་དུག་གི་སྒྲ་ཙམ་ཐོས་པས་ཤིན་ཏུ་འཇིགས་དངངས་སྐྱེས་ཏེ་ཟས་སྤྱོད་ལ་རིམ་གྱིས་འཛེམ་པ་ལྟར་བྱེད་པ་ལས་སྐུད་པ་ཡར་སྒྲིམ་ཕྱིར་སྒྲིམ་བྱས་པ་ལྟ་བུས་དགེ་སྒྲུབ་སྡིག་སྤང་མི་ཡོང་བས་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་བརྟེན། ཤེས་བཞིན་པའི་བྱ་ར་བྱེད། བག་ཡོད་ཀྱི་ཚུལ་བཞིན་གནས་དགོས་པ་ཡིན་ནོ། །དག་པ་ཡེ་ཤེས་ཀྱི་ཆོས་སྐུ་མངོན་དུ་གྱུར་པའི་ཕྱིར། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་མཎྜལ་གྱི་རིམ་པ་ནི། ད་ལྟ་འབྱོར་བ་ཡོད་མེད་རྣམས་ལ་དཔྱད་པ་རེ་གཏོང་དང་ཤེས་ཤིང་། ཕྱི་ས་ཡུལ་ཁང་ཁྱིམ་རྒྱ་ཆེ་བ། ནང་སྐྱེ་འགྲོ་འཁོར་སློབ་མངའ་འབངས་སྒོ་ཟོག་གི་རིགས་དང་། རིན་པོ་ཆེའི་རིགས་དང་ཟས་གོས་འབྲུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། གསང་བ་ལུས་སེམས་རྣམ་པར་བཀྲ་བ་ནད་མེད་ཚེ་རིང་བ་སོགས་ནི་སྔོན་རྣམ་དཀར་གྱི་ཚོགས་བསགས་པའི་འབྲས་བུ་ཁོ་ནས་འབྱུང་བ་དང་། དབུལ་པོ་རྣམས་ནི་ས་དང་ཁང་ཁྱིམ་ཟས་གོས་སོགས་ཀྱི་དབུལ་ཞིང་། དབང་པོ་མ་ཚང་བར་ནད་གདོན་རྐྱེན་ངན་རྣམ་པ་སྣ་ཚོགས་ཀྱིས་དུས་རྟག་ཏུ་མནར་བ༑ དེ་དག་ཀྱང་སྔོན་བསོད་ནམས་ཀྱི་ཚོགས་མ་བསགས་པས། ད་ལྟ་འབྲས་བུ་བདེ་སྐྱིད་ཀྱི་འབྱོར་བས་དབུལ་བ་ཡིན་བཞིན་པ། མ་ཟད་བླ་མ་གྲྭ་པ་རྣམས་ནི་རྣམ་དཀར་གྱི་ཚོགས་བསགས་མཁན་པོར་ཡིན་འོས་ཀྱང་། དངོས་སུ་རྒྱུ་ནོར་གྱི་འབྱོར་བ་རྒྱ་ཆུང་བ་དང་། སེམས་བསྐྱེད་བསྐྱེད་རྫོགས་མི་ལྡན་པར་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་ནས། བསོད་ནམས་ཀྱི་ཚོགས་ཡང་དག་གསོག་མཁན་མཆོད་ཡོན་གཉིས་ཆར་དཀོན་པའི་ཕྱིར། དེའི་མཐུས་ཕལ་ཆེར་བསོད་ནམས་དམན་པར་གྱུར་ནས་མཆོད་སྦྱིན་དང་རང་གི་ལོངས་སྤྱོད་ཙམ་དབུལ་གྲབ་ཀྱིས་དབྱར་ལྡོམ་སྟོན་ལྡོམ་དང་ཚོང་ཁེ་སྤོགས་སོགས་སྡིག་བྱས་ཀྱི་ལས་འབའ་ཞིག་ལ་གཡེང་ནས་ཚེ་ཟད་དགོས་པ་དེ་དག་ཀྱང་། བསོད་ནམས་ཀྱི་ཚོགས་མ་བསགས་པས་ལན་པ་དང་། བྱེ་བྲག་རང་རྒྱུད་དགེ་བའི་བག་ཆགས་སད་པ་དང་། དངོས་གཞི་ཉམས་རྟོགས་སྐྱེ་སླ་བ་དང་། བགེགས་དང་གོལ་ས་ཆུང་བ་དང་། བསྒྲུབ་བྱ་མཐར་ཐུག་རྟོགས་པ་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་དང་། གཞན་དོན་ཕུན་སུམ་ཚོགས་པ་གཟུགས་སྐུ་ཐོབ་པར་བྱེད་པ་སོགས་དགོས་ཆེད་དུ་མ་ཡོད་པས། དེས་ན་འབད་རྩོལ་རི་བོ་ཙམ་བཟོ་བ་ལས་བསོད་ནམས་མེ་སྟག་ཙམ་གསོག་ན་དགའ་བའི་རང་བཞིན་ཏེ། རྒྱལ་བའི་བཀའ། བླ་མའི་ལུང་། རང་གི་རིགས་པ་ཚད་མ་སོགས་ཀྱིས་མཐོང་ཆོས་མྱོང་འགྱུར་དུ་མངོན་སུམ་གྲུབ་འདུག་པས་ན་ཚོགས་བསགས་ཀྱི་རིམ་པ་ཆེད་དུ་འབད་པ་གལ་ཆེ་ཞིང་། དེའང་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་ལུས་ངག་ཡིད་གསུམ། ཕྱི་ནང་གསང་གསུམ་འབྱོར་ཚོགས་ཅི་རིགས་ཀྱི་སྒོ་ནས་ཚོགས་བསགས་པའི་ཐབས་མཐའ་ཡས་པར་གསུངས་པའི་ནང་ཚན་མཆོག་ཏུ་གྱུར་པ་ནི་མཎྜལ་གྱི་རིམ་པ་ཉིད་ཡིན་ཏེ། ཅི་ཕྱིར་སྙམ་ན་དངོས་པོའི་རྒྱུ་ནོར་རྫས་ལོངས་སྤྱོད་ཀྱི་འབྱོར་བ་རྒྱ་ཆུང་ཞིང་སྡིག་ཚོགས་དང་སེར་སྣའི་དྲི་མས་ཐོག་མཐའ་བར་དང་དངོས་བརྒྱུད་བར་གསུམ་ནས་མ་གོས་པ་ནི་ཅི་ལྟར་བྱས་ཀྱང་འབྱུང་དཀའ་ཞིང་། དེས་ན་གླིང་བཞི་གླིང་ཕྲན་སྟོང་གསུམ་འཇིག་རྟེན་གྱི་ཞིང་ཁམས་རབ་འབྱམས་མཐའ་དང་མུ་མེད་པ་རྣམས་དང་། ཐ་ན་བདག་ལུས་ལོངས་སྤྱོད་དང་བཅས་པ་སྒོ་གསུམ་འདུན་པ་ཆིག་དྲིལ་གྱི་བློས་ཡོངས་སུ་འཁྱུད་དེ། འབུལ་བ་ནི་བྱ་སླ་ལ་ཆོད་ཆེ་བའི་རང་བཞིན་གསང་སྔགས་ཐབས་ཀྱི་ཁྱད་ཆོས་དུ་མས་འཕགས་པའི་ཕྱིར། མཎྜལ་གྱི་མདོ་ལས། འདི་ལ་ལུས་ཀྱི་ལས་བྱས་ན། །ཁ་དོག་གསེར་ལྟར་འགྱུར་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུར་གཟི་བྱིན་ལྡན། །ནོར་དང་གསེར་སོགས་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་ས། །མཆོག་གི་རིགས་སུ་སྐྱེ་བར་འགྱུར། །ཅེས་དང་། མདོ་སྡེ་རྒྱན་ལས། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་ན། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་འགྱུར། །ཞེས་གསུངས་པ་ལྟར། སྒྲུབ་པའི་མཎྜལ་མཆོད་པའི་རིགས་ཅི་འབྱོར་བཤམས་ཤིང་མཆོད་ཡུལ་གསལ་བཏབ་སྟེ་མཎྜལ་རྒྱས་པ་སོ་བདུན་མ་དང་། ཚོམ་བུ་བདུན་མའམ་སྐུ་གསུམ་མཎྜལ་སོགས་ལག་ལེན་ཚད་ལྡན་ཆད་ལྷག་མ་སོང་བར་བཏབ་ནས། ཁྱད་པར་དམིགས་པ་གཙོར་འདོན་པས་ཚོགས་རླབས་པོ་ཆེ་རྫོགས་དགོས་པ་ཡིན་པས་ཚོགས་རྫོགས་པའི་རྟགས་མཚན་རྣམས་མངོན་དུ་མ་གྱུར་བར་འབད་དགོས་སོ། །དེ་ནས་བླ་མའི་རྣལ་འབྱོར་ནི། འགྲོ་བ་ལྷ་དང་བཅས་པ། སྐྱེ་དགུའི་བདག་པོ་ཚངས་པ་སོགས་ཀྱིས་སྟོན་མི་ནུས་པ་དང་། རང་ཉིད་ལ་བརྩེ་བའི་ཕ་མ་དང་། གཉེན་གྲོགས་དགའ་མཛའ་སོགས་ཀྱིས་སྟོན་མི་ནུས་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་མཁན་གྱི་བླ་མ་ནི་བཀའ་དྲིན་ཤིན་ཏུ་ཆེ་བས་དད་པ་དང་དག་སྣང་གི་སྒོ་ནས་ཤེས་པར་བྱ་བ་ལྔ་ལྔ་སོགས་ཀྱིས་འགྲོ་བ་རྣམས་གང་ལ་གང་འདུལ་གྱི་ཕྲིན་ལས་གཅིག་ཏུ་མ་ངེས་པར་བཟང་ངན་བར་མ་དོར་རྣམ་པ་སྣ་ཚོགས་སྟོན་པར་མཛད་པས་ན་དད་པ་དག་སྣང་ཡང་དག་པར་བྱས་ནས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མ་གུས་པ་རྣམས་ཡོངས་སུ་སྤངས་ཏེ། ལུས་ངག་ཡིད་གསུམ་གྱིས་གུས་འདུད་ཚུལ་ལྡན་དང་། རྒྱུ་ནོར་ལོངས་སྤྱོད་ཀྱིས་མཆོད་པ་དང་། རབ་སྒྲུབ་པའི་ཞབས་ཏོག་སོགས་ཀྱིས་ཐུགས་མཉེས་པར་བྱས་ཏེ། བླ་མའི་རྣལ་འབྱོར་སྒོམ་པར་བྱ་བ་གལ་ཆེ་སྟེ། ས་ར་ཧས། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བརྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་དང་། ཨཱ་ལི་ཀཱ་ལིའི་རྒྱུད་ལས། དུས་རྣམས་ཀུན་ཏུ་བླ་མའི་རྣལ་འབྱོར་ལ། །ཡུན་དུ་བསྲིང་སྟེ་འབུངས་བར་མ་གཏོགས་པར། །བསྐྱེད་རྫོགས་ལ་སོགས་བྱ་བ་མང་པོས་ཀྱང་། །དག་པའི་སྣང་བ་ལམ་དུ་སློང་བར་དཀའ། །ཞེས་གསུངས་པ་ལྟར། རྟོགས་པའི་ཡེ་ཤེས་རང་རྒྱུད་དུ་བཙན་ཐབས་སུ་འཕོ་བའི་མན་ངག་ཀུན་གྱི་མཐར་ཐུག་བླ་ན་མེད་པ་ཉིད་ཡིན་ཏེ། ཅི་ཕྱིར་ཞེ་ན། བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོ་ནི། སྤྲོས་བྲལ་བདེ་བར་གཤེགས་པའི་སྙིང་པོ་ཉིད་ཡིན་པས། དེ་ལྟ་བུ་དབྱེར་མེད་རྟོགས་ཤིང་མཆོག་ཐུན་མོང་གི་དངོས་གྲུབ་ཡོངས་སུ་བརྙེས་པའི་བྱིན་རླབས་ཀྱི་ཚན་ཁ་འབར་བ་ནི་བླ་མ་རང་ལས་གཞན་འོས་སུ་ནམ་ཡང་མ་མཆིས་ཤིང་། དེ་ལྟ་བུའི་བྱིན་རླབས་གང་ཟག་སོ་སོ་སྐྱེ་བོའི་རྒྱུད་ལ་འཇུག་པར་བྱ་བའི་ཐབས་ཟབ་མོ་ནི། དད་པ་དང་མོས་གུས་ཁོ་ནའི་ལམ་ནས་དྲང་དགོས་པ་ཡིན་ཞིང་། དགོས་ཆེད་ནི་རང་གནས་ཀྱི་ཡེ་ཤེས་ངོ་མ་འཕྲོད་པའམ། མ་སྨིན་པ་སྨིན་པར་བྱེད་པའི་བྱིན་རླབས་ཀྱི་སྙིང་པོ་ཡོངས་སུ་ཐོབ་ཡོང་བའི་ཕྱིར། དཔེར་ན་མཆན་ལ་ཕབ་བཏབ་པའི་རྐྱེན་གྱིས་རོ་བཅུད་ནུས་པ་ཐམས་ཅད་མྱུར་བ་ཉིད་དུ་མངོན་སུམ་སྟོན་ཡོང་བ་ལྟར་རམ། ཉི་མའི་ཟེར་མེ་ཤེལ་གྱི་མཚམས་སྦྱོར་བས་སྤྲ་བ་ལ་མེ་ཐོགས་མེད་འབྱུང་བ་ལྟར་ཡིན་མ་གཏོགས་གཞན་ཚེ་འདིར་སྣང་ལ་མཁས་པ་དང་། ཆོས་ཚིག་ལ་མཁས་པ་དང་། དབང་ཆེ་ཞིང་བཙན་པ་དང་། ནོར་ཕྱུག་ཅིང་ཕོ་རྒོད་པ་དང་། ཁ་མཁས་ཤིང་དབང་ཆེ་བ་དང་། ཚུལ་ཁྲིམས་ལྡན་པ་དང་། ཐོས་བསམ་མཁས་པ་དང་། ཤེས་རབ་དང་བརྩོན་འགྲུས་ཆེ་བས་ཀྱང་རྟོགས་བྱ་མིན་པས་ན་བགེགས་གོལ་ས་ཡོད་མེད། ཉམས་རྟོགས་ཡོན་ཏན་སྐྱེས་ཆེ་ཆུང་། ས་ལམ་གྱི་བགྲོད་པ་མྱུར་ཞན། རང་གཞན་གྱི་གཏན་དོན་འགྲུབ་ཆེ་ཆུང་སོགས། ལམ་ཟབ་བླ་མའི་རྣལ་འབྱོར་ཁོ་ན་ལ་གཙོ་ཆེ་བས། རང་རྒྱུད་ལ་ནན་ཏན་བསྒོམ་དགོས་པ་ཡིན་ཏེ། ཉམས་ལེན་གྱི་སྐབས་སུ་བདག་བསྐྱེད་རྡོ་རྗེ་རྣལ་འབྱོར་མ་དང་། མདུན་བསྐྱེད་རྒྱལ་ཀུན་འདུས་ཞལ་ཨོ་རྒྱན་རིན་པོ་ཆེ་གསལ་ལ་ཡན་ལག་བདུན་པ་འབུལ་བ་དང་། གསོལ་འདེབས་ཅི་རིགས་དབྱངས་སྙན་པོས་འདོན་ཏེ་ལུས་བ་སྤུ་ལྡང་། མིག་མཆིལ་མ་འབབ། སེམས་དྲན་མེད་དུ་བརྒྱལ། ལུས་ཚུགས་མི་ཟིན་པ་མ་བྱུང་བར་དུ་མོས་གུས་ཀྱི་རྩལ་ཡང་ཡང་དུ་བསྐྱེད་པ་དང་། བཛྲ་གུ་རུ་བཟླས་མཐར་དབང་བཞི་ཞུ་ཐུགས་ཡིད་དབྱེར་མེད་དུ་བསྲེ་ཞིང་མཉམ་པར་འཇོག་ལ། བྱིན་རླབས་འཇུག་རྟགས་རྣམས་དངོས་ཉམས་རྨི་ལམ་དུ་མ་བྱུང་བར་དུ་འབད་པར་བྱའོ། །དེ་ནས་མ་ཧཱ་ཡོ་གའི་བསྐྱེད་རིམ་བསྒོམ་ཚུལ་ནི། རྒྱལ་བ་རྡོ་རྗེ་འཆང་ཉིད་ཀྱིས་གདུལ་བྱའི་སེམས་ཅན་གྱི་སྐལ་པ་དང་འཚམས་པའི་ཆོས་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཀུན་གྱི་སྐྱེལ་སོ་ནི་འབྲས་བུ་གསང་ཆེན་རྡོ་རྗེ་ཐེག་པ་ཉིད་ཡིན་ལ། དེའི་ལམ་ནི་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས་སུ་འདུས་ཏེ། སྣང་བ་རྡོ་རྗེ་འཆང་བའི་རྒྱུད་ལས། གང་ཕྱིར་རྡོ་རྗེ་འཆང་ཆེན་གྱིས། །གསུངས་པའི་དོན་ནི་རྣམ་མང་པོ། །མདོར་བསྡུས་རྣམ་པ་གཉིས་ཡིན་ཏེ། །སྨིན་པ་དང་ནི་གྲོལ་བའོ། །ཞེས་དང་། གསང་འདུས་ལས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་འདུས། །བསྐྱེད་པའི་རིམ་པ་དང་པོ་སྟེ། །རྫོགས་པའི་རིམ་པ་གཉིས་པའོ། །ཞེས་གསུངས་པ་ལྟར། འདིར་བསྐྱེད་རིམ་གྱི་སྒོམ་དོན་མདོ་ཙམ་བསྟན་ན། རང་བཞིན་གནས་པའི་གཞི་ཡེ་ནས་འཆིང་བ་ལས་འདས་པ་ནི་སྦྱང་གཞི། འཁྲུལ་བ་བཏགས་པའི་གཞི་མེད་སྣང་གློ་བུར་བ་རྣམས་ནི་སྦྱང་བྱ། ཡེ་ཤེས་ལམ་བདེན་གྱི་ཆ་གྱུར་འཁོར་དང་བཅས་པ་ནི་སྦྱོང་བྱེད་ལམ། འཁྲུལ་པ་དག་པའི་ཆ་ནི་བྲལ་བའི་འབྲས་བུ་མངོན་དུ་གྱུར་པ་ཡིན་ནོ། །སྒྲུབ་བྱའི་ལྷ་ནི་ཆོས་ཉིད་དོན་གྱི་ལྷ་རང་བྱུང་གི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་འཁོར་ལོ་སྟེ། དེའི་ངང་ན་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཡེ་ནས་འདུ་འབྲལ་མེད་ཀྱང་། དེ་ལྟར་མ་རྟོགས་པའི་དབང་གིས་རང་དང་ལྷ་མཆོག་དམན། ཉེ་རིང་། ཐ་དད་དུ་སྣང་ནས། བདག་འཆིང་བ་ཀུན་ལྡན་པས་ཉོན་མོངས་ཀྱི་སྦུབས་སུ་འཐུམ། ལྷ་ནི་རང་དོན་མཐར་ཕྱིན་ལ། གཞན་དོན་མཁྱེན་བརྩེ་ནུས་པ་ཚད་མེད་པའི་སྒོ་ནས་སྐུ་མཚན་མ་དང་། གསུང་རིག་སྔགས་དང་། ཐུགས་ཏིང་ངེ་འཛིན་གྱི་འཇུག་པའི་སྒོ་ནས་མཆོག་ཐུན་གྱི་དངོས་གྲུབ་ཡིད་བཞིན་དུ་སྩོལ་བར་མཛད་དོ། །དེ་ལྟར་སྒྲུབ་ཚུལ་ལ་ཕྱི་ནང་གསང་གསུམ་ལས། འདིར་ཕྱི་ལྟར་སྒྲུབ་པའི་ཚུལ་ལ། དང་པོ་སྐྱབས་སེམས། བགེགས་ཕྲལ་སྲུང་འཁོར། དེ་ནས་བྱིན་དབབ། མཆོད་རྫས་བྱིན་རླབས་འདི་ཡན་སྔོན་འགྲོའོ། །དངོས་གཞི་ནི། སེམས་ཀྱི་ཆོས་ཉིད་སྟོང་གསལ་སྤྲོས་པ་བྲལ་བ་ནམ་མཁའི་དཀྱིལ་ལྟར་མཐོང་བ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། གནས་ལུགས་དེ་ལྟ་བུ་ལ་འཁོར་འདས་གཉིས་སུ་མ་གྲུབ་པས་རང་རྩལ་ལ་སྒྱུ་མའི་མཚང་མ་རིག་སྟེ་འཁོར་བར་དབང་མེད་འཁྱམས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་སྒྱུ་མ་ལྟ་བུར་སྐྱེས་པ། ཀུན་སྣང་གི་ཏིང་ངེ་འཛིན། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་སྤྲུལ་པ་སོ་སོའི་ས་བོན་གང་རུང་རྒྱུའི་ཏིང་ངེ་འཛིན་རྣམ་པ་གསུམ་ཏེ། འདིས་འཆི་བར་སྐྱེ་གསུམ་གྱི་བག་ཆགས་སྦྱང་བ་དང་། སྐུ་གསུམ་གྱི་རྟེན་འབྲེལ་འགྲིགས་པ་དང་། སྦྱོང་བྱེད་ཁམས་རང་གི་ངོ་བོའི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཏེ། འདི་ལ་གོ་མྱོང་ཅི་རིགས་སྐྱེས་ན་བསྐྱེད་རིམ་ཕྱི་མ་རྣམས་ཀྱི་དག་སྦྱོར་རེ་རེ་བཞིན་ཞིབ་པར་མ་གྲུབ་ཀྱང་འགལ་བ་ཆུང་སྟེ། དོན་གྱི་གནད་རྣམས་འདིར་ཚང་བ་ཡིན་པས། ཐོག་མར་འདི་ཁོ་ན་ལ་གོམས་འདྲིས་བྱ་རྒྱུ་གལ་ཆེ། དེ་ནས་ས་བོན་རྣམས་ལས་འབྱུང་རིམ་དང་གཞལ་ཡས་ཁང་གདན་སོགས་བསྐྱེད་ཅིང་། ཐུན་མོང་དུ་མངལ་སྐྱེས་སྦྱོང་བྱེད་མངོན་བྱང་ལྔ་བསྐྱེད་དང་། མངོན་བྱང་བཞི་བསྐྱེད། ཆོ་ག་གསུམ་བསྐྱེད་གསུངས་པ་ལས་སྔ་འགྱུར་རྙིང་མའི་ཕྱོགས་འདིར་བསྡུས་པ་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ཕལ་ཆེར་བཤད་དེ། བསྐྱེད་ཚུལ་འདིས་ནི་སྐྱེ་གནས་གཞན་གྱི་བག་ཆགས་རྣམས་ཀྱང་ཞོར་ལ་སྦྱང་བར་གསུངས་པས། སྦྱོང་བྱེད་ནི་རྒྱུའི་ས་བོན་ནམ་མཁའ་ནས་གདན་ལ་བབ་པ་ནི་གསུང་ཡིག་འབྲུའི་ཆོ་ག །ཕྱག་མཚན་གང་ཡིན་ས་བོན་གྱི་མཚན་པ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ནས་འོད་ཟེར་གྱི་ཚུལ་དུ་ཐིམ་པ་ནི། ཐུགས་ཕྱག་མཚན་གྱི་ཆོ་ག །ས་བོན་ཕྱག་མཚན་ཡོངས་སུ་གྱུར་བ་ལས། བསྐྱེད་བྱའི་ལྷ་གང་ཡིན་པ་མཚན་དཔེ་གསལ་རྫོགས་སུ་གྱུར་པ་ནི་སྐུ་ཡོངས་རྫོགས་ཀྱི་ཆོ་གའོ། །བསྐྱེད་བྱའི་ལྷ་དེའང་ཡི་དམ་གང་ལ་བརྟེན་པའི་མངོན་རྟོགས་ལྟར་སྒོམ་པར་བྱ་བ་ལས་མཐའ་གཅིག་ཏུ་ངོས་བཟུང་དཀའ་ཡང་སྤྱི་ཙམ་དུ་བསྒོམ་བྱའི་ལྷ་ཞི་བ་དང་ཁྲོ་བོ་གཉིས་སུ་འདུས་པས་ཞི་བ་དེའང་ཞི་ཚུལ་དགུ་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ་ཅན། ཁྲོ་བོར་ཉམས་དགུ་དང་། དཔལ་གྱི་ཆས་བརྒྱད་དང་། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པའོ། །དེ་ལྟར་བྱིན་གྱིས་རླབས། ཡེ་ཤེས་པ་སྤྱན་དྲངས། བཞུགས་སུ་གསོལ། ཕྱག་འཚལ། ཕྱི་མཆོད་འདོད་ཡོན་རྣམ་ལྔ། ནང་མཆོད་སྨན་རཀ་གཏོར་གསུམ། གསང་མཆོད་སྦྱོར་སྒྲོལ་གཉིས། ཡང་གསང་དེ་ཁོ་ན་ཉིད་ཀྱིས་མཆོད་དོ། །དེ་ནས་བསྟོད་པར་བྱས་ཤིང་ལྷའི་སྣང་ཞེན་བསླབ་པ་ལ་གསུམ་སྟེ། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། དག་པ་དྲན་པ་སྟེ། མདོར་ན་སྤྱན་དཀར་ནག་ཚུན་ཆད་མ་འདྲེས་པ་སོ་སོར་ཁྲ་ལམ་མེར་གསལ་བ། ལྷ་བསྐྱེད་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྐུ་མདོག་ཞལ་ཕྱག་རྒྱན་ཆས་སོགས་བརྡའ་རྟགས་ཀྱི་རྩིས་ཟིན་པ། གཉུག་མའི་རྡོ་རྗེ་གསུམ་གྱི་ངོ་བོར་ཡེ་ནས་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱི་གཟུགས་བསྒོམ་བྱའི་ལྷ་གང་ཡིན་པ་ངའོ་སྙམ་པའི་ང་རྒྱལ་བཟུང་། ལྷ་དང་ཡེ་ཤེས་སེམས་དཔའ་ཐུགས་སྲོག་སྔགས་ཕྲེང་བཅས་བཀོད་པ་ཟླ་བ་སྐར་ཕྲེང་ལྟ་བུའི་བཟླས་པའོ། །ཐུགས་ས་བོན་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། ལྗང་ནག་དྲག་པོ། སྣ་ལྔ་ལས་དོན་གཉིས་བྱེད་པ་སོགས། ཐམས་ཅད་དམིགས་པའི་དལ་ཁ་བསྒྱུར་བ་རྒྱལ་པོའི་ཕོ་ཉ་ལྟ་བུའི་བཟླས་པ། ཡབ་ཡུམ་ཞལ་གསང་བརྒྱུད་ནས་སྔགས་ཕྲེང་བསྐོར་བ་དོ་ལིའི་བཟླས་པའམ། སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུ་སྒྲོགས་པར་མོས་པ་སྒྲུབ་པ་ཆེན་པོའི་བཟླས་པ་སྟེ། དེ་ལྟར་སྒོམ་བཟླས་བྱས་པས། སྐུ་དངོས་སུ་མཐོང་བ་དང་། ངག་ལ་བདེན་པ་གྲུབ་པ་དང་། སེམས་ཀྱི་ཆོས་ཉིད་ཀྱི་བདེན་པ་མཐོང་བ་སོགས་འབྱུང་བ་དགོས་ཆེད་དུ་མར་གསུངས། དེ་ནས་ཆོ་གའི་ཡན་ལག་ཚོགས་མཆོད་སྦྱང་སྤེལ། སྤྱན་འདྲེན། མཆོད་བཤགས། བསྒྲལ་བསྐང་། ཚོགས་རོལ། ལྷག་གཏོར་བཏང་། རྟ་བྲོ་བརྡུང་། དངོས་གྲུབ་བླང་། གནོང་བཤགས་བསྡུ་རིམ། བསྔོ་སྨོན། བཀྲ་ཤིས་སོགས་བརྗོད་ཅིང་ཚིག་རྗེས་དོན་འདྲེས་ངེས་བྱ་དགོས་པ་ཡིན་ཏེ། དཔེར་ན་འཕགས་ཡུལ་གྱི་གྲུབ་ཆེན་རྣམས་ཀྱིས་བསྐྱེད་རྫོགས་མན་ངག་སྣ་རེ་ལའང་སེམས་འཛིན་ལོ་གྲངས་སུ་མཛད་པས་རྒྱུད་ནས་བཤད་ཚོད་ཀྱི་ཡོན་ཏན་སྐྱེ་ཞིང་གྲུབ་པ་ཐོབ་པ་ལགས། རང་རེ་བོད་ཀྱི་ཡུལ་དུ་རྒྱུད་སྡེ་བཞིའི་བསྙེན་སྒྲུབ་ཐེངས་མ་ཁ་གྲངས་དུང་ཕྱུར་མང་པོར་བཟླས་ཀྱང་། ངག་གི་བདེན་པ་ཚད་ལྡན་ཞིག་འགྲུབ་པའི་ངེས་ཏིག་མེད་པ་འདི་དག་སྔགས་ཉམས་སུ་ལེན་པར་རློམ་ཡང་གནད་དང་མི་ལྡན་པའི་རྟགས་ཡིན་པར་གསུངས་པས། དེས་ན་ཆོ་ག་ལ་བསྐྱེད་རྫོགས་སོགས་ཀྱི་སྤྲོས་པ་དམིགས་བཅས་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་དུ་མར་ཡོད་ཀྱང་ཅུང་ཟད་ཙམ་མི་གསལ་མི་དྲན་པར་སེམས་ནག་ཐོམ་ལུང་མ་བསྟན་ཡུག་གཅིག་ཏུ་སོང་བ་འདི་དག་ལ་རྩོལ་བཅས་ཀྱི་གོམས་ཆ་བརྩོན་འགྲུས་རིམ་གྱིས་ན་སྤར་ནུས་པ་གལ་ཆེ་ཞིང་། ནང་ལྟར་ན་ལྷ་དེ་དག་ཐམས་ཅད་ཀྱི་སྙིང་པོ་ནི་རང་གི་དབུ་མའི་གྲོང་ཁྱེར་དུ་ཡེ་ཤེས་ཀྱི་རླུང་དང་ཐིག་ལེའི་དྭངས་མ་རང་ཡིན་པས། རྩ་གནས་རྣམས་སུ་རང་བཞིན་བཞུགས་པའི་ལྷ་ཡི་འཁོར་ལོ་གསལ་ལ། དེ་ཡང་རྩ་བ་ཙིཏྟ་འོད་ཀྱི་གུར་ཁང་བྱང་ཆུབ་སེམས་ཀྱི་ཐིག་ལེ་བདེ་ཆེན་འགྱུར་བ་མེད་པ་འདུས་མ་བྱས་པའི་རང་སྣང་ལ་དམིགས་ཏེ་རླུང་སྔགས་ཤེས་པ་གསུམ་དབྱེར་མེད་གཅིག་ཏུ་བཟླས་པས་མྱུར་དུ་འགྲུབ་སླ་སྟེ། རང་གི་མ་དག་པའི་སྒོ་གསུམ་སྤྱོད་ཡུལ་དང་བཅས་པ་ནི་གཡོ་བྱེད་ལས་རླུང་གི་ཆོ་འཕྲུལ་རང་ཡིན་པའི་ཕྱིར་རོ། །ད་ནི་ཨ་ཏི་ཡོ་གའི་དགོངས་དོན་ཤིན་ཏུ་སྤྲོས་མེད་གསང་བ་ལྟར་བསྒྲུབ་ཚུལ་ནི། འཁོར་འདས་ཐམས་ཅད་ཡེ་ནས་མཉམ་པའི་དབྱིངས་རང་སེམས་གདོད་ནས་མ་སྐྱེས་པ་རང་བྱུང་ཡེ་ཤེས་ཀྱི་དོན་རྟོགས་ན་བསྒྲུབ་བྱའི་ལྷ་ལོགས་ན་ཅུང་ཟད་ཙམ་ཡང་མེད་དེ། བརྟག་གཉིས་ལས། ལྷ་ཉིད་རང་ལ་རང་ཉིད་ལྷ། །ལྷ་དང་ལྷན་ཅིག་སྐྱེས་པ་ལ། །སྤྱན་དྲངས་གཤེགས་གསོལ་འདིར་མི་དགོས། །ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ༑ །ཡིན་པར་ཤེས་པས་བསྒོམས་པ་ལས། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་འདྲེན་གཤེགས་གསོལ་འདིར་མི་དགོས། །ཞེས་དང་། སྤྲོས་པ་མེད་པའི་གང་ཟག་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་གསུངས་པ་ལྟར། སྣང་གྲགས་རྟོག་ཚོགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་ཡེ་སངས་རྒྱས་བཞིན་མ་བསྐྱེད་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་རྩོལ་བྲལ་འབྲས་བུའི་ས་ལ་ད་ལྟ་ནས་གནས་བཞིན་བཟང་ངན་རྣམ་པར་དབྱེ་བའི་འཁྲུལ་རྟོག་གིས་མི་བཅིང་བར། རིག་པ་ཡེ་ནས་རྩོལ་སྒྲུབ་མེད་པའི་དོན་ལ་མཉམ་པར་རྩེ་གཅིག་བཞག་པས་སྒྲུབ་པ་ནི་ཟབ་མོ་ཀུན་གྱི་མཐར་ཐུག་སྟེ། ལྷ་དང་རང་སེམས་གདོད་ནས་དབྱེར་མེད་ཆེན་པོའི་གྲུབ་མཐའ་སྙེགས་ནས་སྒྲུབ་པ་ཀུན་གྱི་སྙིང་པོ་ཡོངས་སུ་གྲུབ་པར་འགྱུར་བ་ཡིན་ནོ། །འཁོར་འདས་ཀུན་དབྱིངས་དེ་ལས་སྣང་བའི་ཆོ་འཕྲུལ་ཙམ་ཡིན་པའི་ཕྱིར་ད་ལྟ་རང་མ་རིག་པ་སེམས་ཀྱི་ལྷ་དང་བདག་མཆོག་དམན་ཉེ་རིང་ཐ་དད་དུ་མར་འཛིན་སོང་བ་ལས། གནས་ལུགས་ཡེ་ཤེས་ཀྱི་ངང་དུ་ལྷ་དང་ཉེ་རིང་བཟང་ངན་ལ་སོགས་པ་ཐམས་ཅད་གཉིས་མེད་ལྷུན་གྲུབ་ཏུ་ཡེ་ནས་རང་བཞིན་གྱིས་གནས་པ་ནི། ད་ལྟར་གྱི་རིག་པ་སྐད་ཅིག་མའི་ཐོག་ཏུ་ཉམས་མྱོང་འཁྲུལ་བྲལ་གྱིས་ཐག་ཡོངས་སུ་ཆོད་རྒྱུ་ཡོད་པ་ཡིན་པས་ན། ཚུལ་འདི་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བའི་ཚུལ་བཞིན་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བས་བསྐལ་པ་མང་པོའི་ཚོགས་འདུམ་པར་གསུངས་པས་རྩེ་གཅིག་ཏུ་བརྩོན་པ་གལ་ཆེའོ། འོད་གསལ་རྫོགས་པ་ཆེན་པོའི་བླ་བརྒྱུད་དང་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་བརྒལ་ཉམས་སུ་བླང་ཚུལ་སོགས་ནི། ཀུན་ཏུ་བཟང་པོ་དང་། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། ཐུབ་པ་དྲུག །སྟོན་པ་བཅུ་གཉིས། བསྐལ་བཟང་གི་སངས་རྒྱས་སྟོང་སོགས་དགོངས་བརྒྱུད་དང་། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ཛྙཱ་ན་སུ་ཏྲ། བི་མ་མི་ཏྲ། ཨོ་རྒྱན་པདྨ་འབྱུང་གནས་བཅས་བརྡའ་བརྒྱུད། མྱང་བན་ཏིང་འཛིན་བཟང་པོ། ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེངྒེ་དབང་ཕྱུག །རྒྱལ་བ་ཞང་སྟོན་པ༑ མཁས་པ་ཉི་འབུམ། གུ་རུ་ཇོ་བེར། འཁྲུལ་ཞིག་ཆེན་པོ། མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། རྒྱལ་བ་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གྲུབ་དབང་ཤཱཀྱ་ཤྲཱི་སོགས་སྙན་བརྒྱུད་དེ་རྣམས་ཀྱི་རྣམ་ཐར་དང་ད་སྐབས་བླ་སློབ་བརྟགས་ཏེ་བསྟེན་ཚུལ་ཅུང་ཟད་བཤད་ཅིང་། བརྒྱུད་པ་དེ་དག་ལས་བྱུང་བའི་འོད་གསལ་རྫོགས་པ་ཆེན་པོ་ནི། གོ་རིམ་ཅུང་ཟད་སྤྲོས་ཞིང་བསྡུ་ན། སྟོན་པ་ཤཱཀྱ་ཐུབ་པས་སྡེ་སྣོད་གསུམ། སྔགས་ཕྱི་རྒྱུད་གསུམ་གསུངས། ལོངས་སྐུ་སྟོན་པ་རྡོ་རྗེ་འཆང་ངམ་རྡོ་རྗེ་སེམས་དཔས་བསྐྱེད་རྫོགས་གཉིས་གསུངས། ཆོས་སྐུ་སྟོན་པ་ཀུན་ཏུ་བཟང་པོས་ཨ་ཏི་ཡོ་ག་གསུངས། སྟོན་པ་གསུམ་པོ་ཡང་སོ་སོར་མ་ཡིན་པ་ཆོས་སྐུའི་དུས་ན་ཀུན་བཟང་། ལོངས་སྐུའི་དུས་ན་རྡོ་རྗེ་འཆང་། སྤྲུལ་སྐུའི་དུས་ན་ཤཱཀྱ་ཐུབ་པ་རྒྱལ་བ་སྐུ་གསུམ་གྱི་བདག་ཉིད་ཅན་དེ་དག་གིས་བསྟན་པའི་ཆོས་ནི། ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡོད། ཐེག་པའི་འཇུག་སྒོ་ལ་བསྡུ་ན། འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས་སུ་འདུས། འཇིག་རྟེན་ལས་འདས་པའི་ཐེག་པ་དེའང་། རྣམ་གྲོལ་གྱི་ཐེག་པ་དགུར་འདུས། དེའང་ཉམས་སུ་ལེན་བྱ་མན་ངག་གི་ཚུལ་དུ་བསྡུ་ན་སྐྱེས་བུ་གསུམ་ལ་འདུས། སྐྱེས་བུ་ཆེན་པོ་དེ་ལའང་རིང་ལམ། མྱུར་ལམ་གཉིས་ཡོད། རིང་ལམ་བསྐལ་པ་གྲངས་མེད་མང་པོར་རྫོགས་སྨིན་སྦྱང་བ་རྒྱ་མཚོའི་ཕ་མཐར་ཕྱིན་ནས་སངས་རྒྱས་ཐོབ་པ་དང་། ཉེ་ལམ་སྔགས་ཕྱི་རྒྱུད་ལྟ་བུར་ཡིན་ན་མི་ཚེ་བཅུ་དྲུག་གམ་བདུན་ནམ། བསྐྱེད་རྫོགས་གཉིས་ཀྱིས་མི་ཚེ་གཅིག་མྱུར་ལམ་གྱི་ལོ་དང་ཟླ་བས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བཞེད་དེ། ཨ་ནུ་མན་ཆད་ཐེག་པ་བརྒྱད་པོ་རྩོལ་བཅས་ཀྱི་ལམ་ཡིན་པ་དང་། སེམས་ལས་འདས་པའི་ཡེ་ཤེས་ལམ་དུ་བྱེད་པ་རྩོལ་མེད་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གར་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡོད། ཚུར་བསྡུ་ན་སེམས་ཀློང་མན་ངག་གི་སྡེ་གསུམ་ལ་འདུས། མན་ངག་སྡེ་ལ་ཕྱི་སྐོར་ནང་སྐོར་གསང་སྐོར་ཡང་གསང་བླ་ན་མེད་པའི་སྐོར་དང་བཞི་ཡོད། ཡང་གསང་དེ་ལ་རྒྱུད་བཅུ་བདུན་སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད་ཡོད། དེ་ཡི་དབང་དང་མན་ངག་གི་གནད་ཐམས་ཅད་བསྡུས་པ་བི་མའི་གསང་བ་སྙིང་ཐིག་དང་། པདྨ་མཁའ་འགྲོའི་སྙིང་ཐིག་ནི་མ་ལྟ་བུར་ཡིན་ཞིང་། ཀློང་ཆེན་པའི་བླ་མ་ཡང་ཏིག་དང་ཟབ་མོ་ཡང་ཏིག་བཅས་བུ་ཡིག་ཡིན། སྤྱིར་ཕྱག་རྫོགས་དབུ་གསུམ་ལ་གཞི་ལམ་འབྲས་གསུམ་རེ་ཡོད་ཀྱང་། འདིར་སྐབས་སུ་བབ་པ་བསྡུ་ན། ཀྱེ་རྡོ་རྗེ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར། དང་པོ་གཞི་རྫོགས་པ་ཆེན་པོ་ནི། སེམས་ཅན་ཤེས་རྒྱུད་ཀྱིས་བསྡུས་པའི་འགྲོ་བ་རྐང་གཉིས་རྐང་བཞི་རྐང་མང་རྣམས་ཀྱི་ཤེས་རྒྱུད་འདི་ལ་གཞི་ཟེར། གཞི་དེའི་གནས་ལུགས་ནི། སེམས་ཅན་གྱི་རྒྱུད་ན་ཡེ་སངས་རྒྱས་པའི་རིགས་སམ། བདེ་གཤེགས་སྙིང་པོ་ཅན་དེ་ཡིན། མིང་གི་རྣམ་གྲངས་ནི། ངོ་བོ་ཡེ་དག་གི་སངས་རྒྱས། རང་བཞིན་རྣམ་དག་གི་སངས་རྒྱས། གཞི་ལྷུན་གྲུབ་ཀྱི་སངས་རྒྱས་སོགས་ཟེར་ལ་འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་རྫོགས་ཡོད་རུང་གོ་མི་ཆོད་ཟེར་བ། འོན་ཀྱང་གློ་བུར་དྲི་མས་སྒྲིབ། །ཅེས་གསུངས་པ་ལྟར། གློ་བུར་གྱི་དྲི་མ་རྒྱས་པ་ཞིག་ཕྱེ་ན་ཕུང་པོ་ལྔ། དེ་ཚུར་བསྡུ་ན་སྒོ་གསུམ། དེ་བསྡུ་ན་གཟུང་འཛིན་གཉིས། དེ་བསྡུ་ན་བློ་རྣམ་པར་རྟོག་པ་བྲེང་ངེ་འདིའི་བསྒྲིབས་པས། དཔེར་ན་ཉི་མ་སྤྲིན། ནོར་བུ་འདམ་ལྟ་བུའི་དྲི་མ་བཅས་པའི་སྐབས་སུ་གཞི་རྫོགས་པ་ཆེན་པོ་ཟེར། ལམ་རྫོགས་པ་ཆེན་པོ་ནི། ལམ་གྱི་འཇུག་སྒོ་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་གདམས་པ་གཉིས་ལས། དང་པོ་ཆོས་སྡེ་འདིའི་དབང་ནི་ཚིག་དབང་དེ་ལ་དབྱེ་ན་སྤྲོས་བཅས་སོགས་བཞི་ཡོད། གྲོལ་བྱེད་གདམས་པ་ལ་སྔོན་འགྲོ་དངོས་གཞི་གཉིས། དངོས་གཞི་ཐུན་མིན་བསྐྱེད་རྫོགས་གཉིས་བཞག་པ་ལས། ཐུན་མོང་མ་ཡིན་པ་འོད་གསལ་རྫོགས་པ་ཆེན་པོའི་ཁྲིད་འཆད་པར་བྱ་སྟེ། ཆོས་དབྱིངས་མཛོད་ལས། རྒྱུ་དང་འབྲས་བུ་ཐེག་པ་ཅན་རྣམས་ཀྱི། །ང་དང་ང་ཡི་རང་བཞིན་མཐོང་འདོད་པ། །མཁའ་ལ་གོམ་བོར་ས་ལ་ལྷུང་བ་བཞིན། བྱིས་པའི་འདག་ཁང་འདྲ་སྟེ་འཇིག་པའི་ཆོས། །རྒྱུ་འབྲས་བྱིས་པ་དྲང་བའི་ལམ་ཉིད་དེ། །མས་འཛེག་སྐལ་དམན་ལམ་དུ་ཐག་བཅད་དེ། །རང་བཞིན་བཅུ་ཡི་རྩོལ་སྒྲུབ་འདས་པའོ། །ཞེས་དང་། ཀུན་བྱེད་ལས། ཆོས་གཅིག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ཏིང་འཛིན་གསུམ་དང་ལྕོག་བཞག་རྣམ་པ་ལྔ། །རང་བྱུང་དག་པ་རྡོ་རྗེ་ཕུང་པོ་ལ། །བསྙེན་སྒྲུབ་ཡན་ལག་བཞི་ཡི་ལྷ་བསྒོམས་ནས། །སྣང་ལ་རང་བཞིན་མེད་པ་བྱེད་པ་ནི། །བཙལ་ཞིང་བསྒྲུབས་ནས་རང་སེམས་ལྷར་བཅོས་པས། །དེས་སོགས་རང་སེམས་བྱར་མེད་མཐོང་བ་མེད། །ཅེས་གསུངས་པ་ལྟར། སྒོམ་པའི་སྐབས་མདོར་བསྡུ་ན་གྲོལ་འཁྲུལ་གྱི་ཀུན་གཞི་རྣམ་དབྱེ་ཕྱེད་ཅིང་། ལྟ་བ་ངོས་བཟུང་སྒོམ་པའི་སྐབས་མདོར་ན་ལུས་ངག་ཡིད་གསུམ་གཙོ་དེད་བྱ། ལུས་རྡོ་རྗེའི་འདུག་སྟངས། ངག་ཧཱུྃ་གི་རྩལ་སྦྱང་། གཉེན་རྩལ། རྗེས་འདེབས། ལམ་སློང་དང་། སེམས་བྱུང་གནས་འགྲོ་གསུམ་གྱིས་བརྡར་ཤ་བཅད་དེ། བར་དུ་སེམས་རིག་གི་དབྱེ་བ་ཕྱེད་ཅིང་སྐུ་གསུམ་ངོ་རང་ཐོག་ཏུ་སྤྲད། བཞག་ཐབས་རྣམ་པ་བཞི་དང་གསུམ་གྱི་ངང་ལ་བསྐྱངས། གྲོལ་ལུགས་གསུམ་མམ་བདུན་གྱི་གདེང་བཟུང་ཞིང་མཐར་རྣམ་ཤེས་ཡེ་ཤེས་ཀྱི་རྣམ་དབྱེ་ཕྱེད་ཅིང་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་འཁོར་འདས་ལ་བཟླ་བར་བྱ་སྟེ། དེའང་བསྡུ་ན། བླ་མ་ཚད་ལྡན་ནི། ངལ་གསོ་ལས། ཡེ་ཤེས་ཉི་མ་ལྟ་བུའི་འོད་ཟེར་རྒྱས་པ་ཡི། །མ་རིག་རིག་པར་བྱེད་པའི་སྐྱེས་བུ་མཆོག་དེ་ནི། །གསེར་འགྱུར་རྩི་ལྟར་ཆོས་རྣམས་བདེ་བར་བསྒྱུར་མཛད་པ། །ཐབས་ལ་མཁས་པ་འཁོར་ལོས་སྒྱུར་རྒྱལ་བསྟེན་པར་བྱ། །ཞེས་དང་། ཇི་སྐད་དུ། གྲངས་མེད་གསུམ་དུ་དཀའ་ཐུབ་ཀྱི། །གདུང་བས་དབང་པོ་ཚར་བཅད་ཀྱང་། །རྟོགས་པར་དཀའ་བའི་རྡོ་རྗེ་སེམས། །མ་ནོར་མངོན་སུམ་སྟོན་ལ་འདུད། །ཅེས་དང་། གདམས་ངག་ཚད་ལྡན་ནི། དཔལ་སྤྲུལ་གྱི་མཛོད་བདུན་བསྟོད་པ་ལས། མོས་གུས་ཐོབ་ནས་ཚིག་དོན་དཔྱོད་ཤེས་ན༑ །གཞུང་བཟང་འདི་དག་ཇི་ཙམ་མཇལ་བའི་ཡུན། །དེ་སྲིད་དེ་བློར་ཆོས་ཉིད་མངོན་སུམ་གྱི། །འོད་གསལ་མཆོག་ལས་གཡོས་པ་ཡོད་རེ་སྐན། །ཞེས་དང་། གཞུང་བཟང་འདི་དག་ཡན་ལག་ཡོངས་རྫོགས་པའི། །ལྷ་ལུས་མཛེས་པ་རྒྱན་གྱིས་སྤྲས་པ་འདྲ། །འདི་དང་བསྒྲུན་ན་མཁས་པའི་བསྟན་བཅོས་གཞན། །ཕྱོགས་རིས་ཡན་ལག་དུམ་བུར་མཐོང་དང་མཚུངས། །ཞེས་དང་། སློབ་མ་སྣོད་ལྡན་ནི། ཀོང་སྤྲུལ་ཞལ་གདམས་ལས། སྦྱང་བ་སྔོན་སོང་དབང་པོ་ཡང་རབ་དང་། །མོས་གུས་ཚད་དུ་ཕྱིན་པའི་སྐྱེས་བུ་མཆོག །དེ་དག་སུ་ལྡན་རིམ་རྩོལ་མ་བྱས་ཀྱང་། །ཆོས་ཉིད་བདེན་པ་གཟིགས་པ་འཐད་རུང་ཡིན། །ཞེས་དང་། སྡོམ་གསུམ་རྣམ་ངེས་ལས། རབ་མཆོག་སྦྱངས་པ་མཐར་སོན་སྐལ་ལྡན་ནི། །དབང་བསྐུར་ཐོབ་པས་སྡོམ་གསུམ་གཅིག་ཆར་སྐྱེས། །རྟོགས་གྲོལ་དུས་མཉམ་ཨིནྡྲ་བྷཱུ་ཏི་བཞིན། །ཞེས་དང་། མོས་གུས་ཚད་ལྡན་ནི། ཡོན་ཏན་མཛོད་ལས། མོས་གུས་ཆེ། སྤྲོ་བ་འགའ་ཞིག་སྐྱེས། སེམས་བཙན་ཐབས་སུ་གྲོལ། འདུས་པ་བརྒྱ་ཕྲག་ཐལ་བ་ལ་ཁྲིད་འཆད་རྒྱུ་བྱུང་གསུངས་ལྟར་དང་། འཇིགས་གླིང་གིས། སྒོམ་སྲན་ཅན་འཇིག་རྟེན་པའི་བསམ་གཏན་ལས་ན་མི་འཕར། མོས་གུས་ཅན་གནས་ལུགས་ཀྱི་གསང་ཐེབ་པ་ཤ་སྟག་འབྱུང་། ཞེས་གསུངས་པ་ལྟར། ཚད་ལྡན་བཞི་ཚོགས་ནས་བཟུང་། ལྟ་བ་ངོ་རང་ཐོག་ཏུ་སྤྲད་པ་ལ་ཀ་དག་རྗེན་པ་ཟང་ཐལ་ལམ། རང་བབ་ཀྱི་ཤེས་པ་ཕྱིར་མི་སྤྲོ་བར་ནང་དུ་ལྷོད་ཀྱི་གློད་དེ་བཞག་པས་མིང་འདོག་དཔྱོད་པ་དང་བྲལ་བར་འཆར་བ་དེ་གཉུག་མའི་ཡེ་ཤེས་རྫོགས་པ་ཆེན་པོ་ཡིན། སྒོམ་པ་ཐག་གཅིག་ཐོག་ཏུ་བཅད་པ་ནི། བཟོ་བཅོས་སྤང་བླང་། དགག་སྒྲུབ་གཉིས་འཛིན་རེ་དོགས། བྱ་སྤྱོད་གང་དང་ཅིར་ཡང་མི་བྱ་བར་དུས་རྣམ་ཀུན་ཏུ་གཅེར་མཐོང་རང་གྲོལ་དུ་ཤེས་པའི་ངང་དེ་ཉིད་མ་ཤོར་བར་སོ་མར་སྐྱོང་བ་ནི་སྒོམ་པ། སྤྱོད་པ་གྲོལ་ཐོག་ཏུ་གདེང་བཟུང་བ་ལ། དེ་ལྟར་འཆར་གཞི་རིག་པ་རྒྱུན་ཆད་མེད་པར་བསྐྱངས་བས་རྩལ་གྱི་རྣམ་རྟོག་དང་ཉོན་མོངས་སོགས་རང་ཤར་རང་གྲོལ་རང་གནས་ལས་འདའ་ས་མེད་པས་སྤྱོད་པའོ། །འབྲས་བུ་དབྱིངས་རིག་དབྱེར་མེད་བཙན་ས་བཟུང་བ་ནི། དེ་ལྟར་དབྱེར་མེད་ཆུ་ལ་ཆུ་བཞག་པའམ་རྫ་སྣོད་ཀྱི་ནམ་མཁར་འདྲེས་པ་ལྟར་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ། སྐུ་གསུམ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་ནས་གང་ཟག་མིའི་ལུས་ལ་དགོངས་པ་སངས་རྒྱས་རྟོགས་པ་ནི་འབྲས་བུའོ། །ཡང་ན་ད་ལྟར་གྱི་རིག་པ་དྲན་བསམ་བཅོས་དང་བྲལ་བ་འདི་ཀ་ཆོས་སྐུ་ཀ་དག་གི་དགོངས་པ་རང་བྱུང་གི་ཡེ་ཤེས་ངོ་རང་ཐོག་ཏུ་སྤྲོད། སྔ་ཕྱི་དྲན་རྟོག་མེད་པ་ད་ལྟར་གྱི་རིག་པ་སོ་མ་བཞི་ཆ་སུམ་བྲལ་གྱི་ངང་བསྐྱངས་ཏེ། ཐག་གཅིག་ཏུ་བཅད། རང་ཤར་རང་གྲོལ་རྦ་རླབས་ཆུར་ཐིམ་པ་ལྟར་དྲན་རྟོག་རྗེས་མེད་བྱུང་ཚོར་གཞིར་ཐིམ་གདེང་གྲོལ་ཐོག་ཏུ་བཅའ་དགོས་པ་ཡིན་ནོ། །ལུང་ལས། བག་ཆགས་སྦུབ་ཀྱི་རིག་པ་དང་། །མཁའ་ལ་གནས་པའི་རིག་པ་གཉིས། །ཡེ་ཤེས་སྒོ་ཡིས་མཚམས་སྦྱར་ནས། །བག་ཆགས་སྦུབ་ཀྱི་མ་བསྒྲིབས་པར། །གཉིས་མེད་ཟང་ཐལ་ཆེན་པོར་གནས། །རྟོགས་པའི་དོན་ཆེན་དེ་ལྡན་ན། །སེངྒེ་མཆོང་བའི་ས་ཆོད་ལྟར། །རང་རིག་ཡེ་ཤེས་ཆེན་པོ་ཡིས། །བར་དོ་མེད་ཅིང་སྐད་ཅིག་ལ། །རིན་ཆེན་སྦུབ་ཀྱི་ནང་དུ་ཆུད། །ཅེས་དང་། མི་ཕམ་རྣམ་རྒྱལ་རྒྱ་མཚོའི་ཞལ་གདམས་ལས། གློག་འདྲ་ཚེ་འདིའི་སོ་ཚིས་ལྟ་ཅི་སྨོས། །སྲིད་བདེའི་རྒྱུར་བྱེད་སྨོན་པ་ཀུན་བཏང་ལ། །འཁྲུལ་སེམས་བདག་ཏུ་འཛིན་པའི་གསོས་འདེབས་པའི། །ཀློག་དང་བཟླས་སྒོམ་མཆོད་སོགས་ཀུན་ཀྱང་ཞོགས། །མ་འཁྲུལ་ཡིན་ལུགས་ལྟོས་དང་བདག་མེད་དོ། །ཞེས་དང་། གང་ཞིག་བུ་རུ་བཟུང་ན་དེར་ཤེས་འགྱོད། །གང་ཞིག་དགྲ་རུ་བཟུང་ན་དེར་ཤེས་དཀའ། །ངོ་བོའི་གཏིང་ན་བདེ་སྡུག་ཡེ་གྲུབ་མེད། །ལུས་ལ་ཆགས་པ་རྣམས་ཀྱིས་ལུས་སྲུང་ཞིང་། །དེ་ལ་མ་ཆགས་པ་རྣམས་ལུས་ཀྱང་གཏོང་། །བདག་གཞན་བཟོད་བསྲན་ཆུང་རྣམས་ཚེར་མས་འཇིགས། །ཞེན་མེད་རྣམས་ནི་མནར་མེད་མེས་མི་འཇིགས། །ཞེས་པ་ལྟར་དང་། ལྷུན་གྲུབ་ཐོད་རྒལ་ནི། དེ་ལས་ཁྱད་པར་བདུན་སོགས་ཀྱིས་འཕགས་ཤིང་། དག་པ་ཡེ་ཤེས་ཀྱི་སྣང་བ་འདི་མིག་གིས་མཐོང་བ་ཙམ་གྱིས། འགྲོ་དྲུག་གི་སྐྱེ་སྒོ་ཆོད་དེ། འོད་ལྔ་རྩིབ་ཤར། གྱེན་འགྲེང་སོགས་འཆར་དུས་སྐྱེ་བ་འཕོས་ཀྱང་བར་དོར་སངས་རྒྱས། རྩོལ་མེད་ཐིག་ལེ་སྟོང་སྒྲོན་མཐོང་བ་ཙམ་གྱིས་སྐྱེ་བ་གཉིས་ནས་ཆོས་འདི་དང་འཕྲད་དེ་སངས་རྒྱས། ཁྱད་པར་དབྱིངས་རིག་སྨིན་མཚམས་བྲལ་དུས་འཁོར་འདས་རྒྱབ་གྱེས་ཏེ་མངལ་གྱི་གྲོང་ཁྱེར་མི་འཇུག་ཅིང་། རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་རྫུས་ཏེ་སངས་རྒྱས་པ་ལ་ཐེ་ཚོམ་མེད་དོ། །དེ་ནས་ཡེ་ཤེས་ཀྱི་གནས་དང་འཆར་བའི་ལམ་དང་། སྒོ་ལ་སོགས་པ་དང་། ལུས་འདུག་སྟངས་གསུམ། མིག་གི་གཟིགས་སྟངས་གསུམ། ཡུལ་གྱི་རྟེན་གསུམ་དང་། རླུང་རིག་དལ་བར་བསླབས་པས་སྒྲོན་མ་བཞི་འཆར་ཚུལ་དང་སྣང་བ་བཞིའི་འོད་སྐུར་ཚེ་འདི་དང་བར་དོར་སོགས་གྲོལ་ཚུལ་གྱི་རིམ་པ་རྣམས་ཏེ། ཡི་གེ་མེད་པ་ལས། དག་པའི་རང་བཞིན་ཀུན་ལ་ཁྱབ། །ཆོས་སྐུ་གདམས་ངག་ཉིད་ལ་ཐུག །ཅེས་དང་། ཐལ་འགྱུར་ལས། མངོན་སུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བའི་མིང་མེད་པའི། །སྲིད་གསུམ་བརྡར་ཤ་ཆོད་པའོ། །ཞེས་སོགས་གསུངས་པ་ལྟར། ཀ་དག་ཁྲེགས་ཆོད་ཀྱིས་སེམས་ཡོངས་སུ་རིག་པར་སྨིན་པ་དང་། ལྷུན་གྲུབ་ཐོད་རྒལ་གྱིས་རིག་པ་དག་པའི་སྐུར་ཡོངས་སུ་སྨིན་ནས་སྐུ་དང་ཞིང་ཁམས་ཚད་དང་མུ་མེད་པའི་དཀྱིལ་འཁོར་འདུས་མ་བྱས་པའི་རང་བཞིན་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་འུབས་སུ་ཆུབ་ནས་མཐར་ཐུག་གི་འབྲས་བུ་གདོད་མའི་ཆོས་སྐུ་འགྱུར་བ་མེད་པ་ཐིག་ལེ་ཉག་གཅིག་གི་བདག་ཉིད་ཐོབ་པར་བྱེད་པའོ། །དེ་ནས་འོད་གསལ་ཕྱག་རྒྱ་ཆེན་པོའི་བླ་བརྒྱུད་དང་། གདམས་པའི་གོ་རིམ་དང་ཉམས་སུ་བླང་ཚུལ་སོགས་ནི། འོག་མིན་གནས་ན་བཞུགས་པའི་རྒྱལ་བ་རྡོ་རྗེ་འཆང་། རྒྱ་གར་གྱི་གྲུབ་ཆེན་ཏཻ་ལོ། ནཱ་རོ། བོད་ཀྱི་ལོ་ཙཱ་བ་མར་པ། མི་ལ། དྭགས་པོ། ཕག་གྲུ། གླིང་རས། རྒྱ་རས། དབོན་རས་སོགས་ནས་བློ་གྲོས་སེངྒེ། མཁྱེན་བརྩེ་རྟོགས་ལྡན། འཇམ་དབྱངས་ཡེ་ཤེས་རིན་ཆེན། བློ་གྲོས་མཆོག་ལྡན། ཤེས་རབ་བཟང་པོ། འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར། རྒྱལ་དབང་ཆོས་རྗེ། ངག་དབང་ཆོས་རྒྱལ། འཇམ་དབྱངས་ཆོས་གྲགས། ཀུན་སྤང་ཤེས་རབ་རྒྱ་མཚོ། ཀུན་མཁྱེན་པདྨ་དཀར་པོ། ངག་དབང་བཟང་པོ། བསྟན་པའི་ཉི་མ། གྲུ་དབང་ཤཱཀྱ་ཤྲཱི་སོགས་ནས་བརྒྱུད་པའི་འོད་གསལ་ཕྱག་རྒྱ་ཆེན་པོ་དེ་ལའང་། རྣལ་འབྱོར་ཆེན་པོའི་རྒྱུད་ལས། རྟོག་པ་མེད་ཅིང་འཁྲུགས་མེད་པ། །ཡིད་འོང་རྡོ་རྗེའི་གསུང་གཅིག་པུ། །གདུལ་བྱའི་བསམ་པའི་དབང་གིས་ནི། །བྱེ་བྲག་མང་པོར་འགྱུར་བ་ཡིན། །ཞེས་པ་ལྟར། ཐེག་པའི་རྣམ་གྲངས་ཀྱང་། ཉན་ཐོས། རང་རྒྱལ། ཐེག་པ་ཆེན་པོ་དང་གསུམ་ལས། ཐེག་ཆེན་དེ་ལ་ཡང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་གཙོ་བོར་སྟོན་པ། ཕར་ཕྱིན་རྒྱུའི་ཐེག་པ་དང་། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་གཙོ་བོར་སྟོན་པ་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་ཡོད་པ་ལས། ཕྱི་མ་སྔགས་ཀྱི་ཐེག་པ་འདི་ལའང་། ནང་གསེས་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུ་སྡེ་བཞིར་དབྱེ་ཡང་། དེ་དག་ཐམས་ཅད་ཀྱི་མཐར་ཐུག་གི་འབབ་ས་ནི། སྙིང་པོ་བླ་ན་མེད་པ་ཕྱག་རྒྱ་ཆེན་པོའི་གདམས་པ་འདི་ཉིད་ཡིན་ནོ། །འདི་ཡི་མཚན་དོན་ཡང་དྭགས་པོ་རིན་པོ་ཆེས། སྣང་སྲིད་འཁོར་འདས་རྣམས་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་མི་འདའ་བར་རྟོགས་པ་ནི་ཕྱག་གོ། །ཅིར་སྣང་ཅི་སྲིད་ཐམས་ཅད་གཉུག་མའི་དོན་ལས་མི་འདའ་བས་རྒྱའོ། །ཆོས་ཉིད་རང་གྲོལ་དུ་རྟོགས་པས་ན་ཆེན་པོའོ། །དེ་ལྟར་ཕྱག་ཆེན་རང་ལ་ཡང་ནང་གསེས། བཤད་པ་ཚིག་གི་སྐོར། གདམས་ངག་ཉམས་ལེན་གྱི་སྐོར། རྟོགས་པ་བྱིན་རླབས་ཀྱི་སྐོར་དང་གསུམ་ཡོད་པའི། དང་པོ་བཤད་པ་ཚིག་གི་སྐོར་ལ། གསང་བ་གྲུབ་པ་དང་། ཐབས་ཤེས་གྲུབ་པ་སོགས་གྲུབ་པ་སྡེ་བདུན། དོ་ཧ་དང་བདག་བྱིན་རླབས་པ་སོགས་སྙིང་པོ་སྐོར་དྲུག །དོ་ཧ་དེ་དང་། བདག་མེད་གསལ་བ་སོགས་ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉེར་གཅིག་རྗེས་འབྲང་དང་བཅས་པའོ། །གདམས་ངག་ཉམས་ལེན་གྱི་སྐོར་ལ། གཅིག་ཅར་བའི་ལམ་གཙོ་བོར་སྟོན་པ་ཐོག་བབས། ཐོད་རྒལ་བའི་ལམ་གཙོ་བོར་སྟོན་པ་བསམ་གཏན་ཐུན་འཇོག །རིམ་གྱིས་པའི་ལམ་གཙོ་བོར་སྟོན་པ་རྟོགས་བརྗོད་གསེར་ཕྲེང་སོགས་ལས་ཕྱི་མ་རྟོགས་པ་བྱིན་རླབས་ཀྱི་སྐོར་ཏེ་འདི་ལ་ལྷན་ཅིག་སྐྱེས་སྦྱོར་དང་། དངོས་གཞི་དེ་ལ་ཐོག་མཐའི་ཉམས་ལེན་བསྣན་པ་ལྔ་ལྡན། ངོ་སྤྲོད་ཐོག་མར་བྱས་ནས་རྒྱུན་སྐྱོང་བ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་སོགས་ཡོད་པ་ལས། ཀུན་གྱི་ཕྱི་མོར་གྱུར་པ་ལྷན་ཅིག་སྐྱེས་སྦྱོར་དུ་གྲགས་པ་འདི་ཉིད་འཆད་པའི་སྐབས་སུ་བབས་པ་ལ། ལྷན་ཅིག་སྐྱེས་སྦྱོར་ཞེས་པའི་མཚན་དོན་ཡང་བརྟན་གཡོ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་དང་། རང་རང་གི་ཆོས་ཉིད་དེ་བཞིན་ཉིད་དག་སྔ་ཕྱི་མེད་པར་གདོད་མ་ནས་དུས་མཚུངས་པར་གནས་པས་ན། ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། ལྷན་སྐྱེས་དེ་ལ་ཡང་། རང་བཞིན་ལྷན་སྐྱེས། ཞུ་བདེ་ལྷན་སྐྱེས། བདེ་སྟོང་ལྷན་སྐྱེས་ཞེས་བཞེད་པ་ལྟར་ན་ཡང་། འདིར་ནི་རེ་ཞིག་དང་པོ་ལྟར་ཡིན་ལ། ཕྱིས་ནས་ནི་སྔ་ཕྱི་དེ་དག་ཀྱང་རྣམ་དབྱེར་མེད་པར་འགྱུར་བ་ཡིན་ནོ། །ཚུལ་འདི་ནི་གོང་དུ་བཤད་པ་ལྟར་མདོ་རྒྱུད་མཐའ་དག་གི་ངོས་ནས་ཡིན་པའི་ཕྱིར། དེ་དག་ཀུན་ཀྱང་འདི་ཉིད་སྟོན་པའི་གཞུང་དུ་འགྱུར། དེ་ཡི་གཙོ་བོ་དེ་ཉིད་ཀྱི་རྩ་གཞུང་ནི། རྗེ་བཙུན་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོའི་གཞུང་གི་སེམས་དངོས་པོའི་གནས་ལུགས་བསྟན་ལ་དབབ་པའི་སྐབས་སུ། སེམས་ཀྱི་གནས་ལུགས་བསྟན་པ་ནི། །ཞེས་སོགས་གཞི་ལམ་འབྲས་བུ་སྟོན་པའི་གཞུང་དེ་དག་ལས་འཕྲོས་ནས། གྲུབ་ཆེན་ཏིལླིས། རྗེ་བཙུན་ནཱ་རོ་པ་ལ་ངོ་སྤྲོད་དུ་གསུངས་པའི་ཚིགས་བཅད་དང་། ནཱ་རོ་པའི་གཉུག་མ་ཆིག་ཆོད་དུ་ཁྲིད་གཅིག་ཅར་བའི་ལམ། རྗེ་སྒམ་པོ་པའི་ཚིགས་རྐང་གསུམ་མ་འདི་སོགས་ཐོད་རྒལ་བའི་ལམ། དཔལ་ལྡན་ཕག་གྲུའི་ཕྱག་ཆེན་ཚིགས་བཅད་མ་དང་། འགྲོ་མགོན་རྒྱ་རས་ཀྱིས་མཛད་པའི་ཚིགས་བཅད་མ་གཉིས་རིམ་གྱིས་པའི་ལམ། དེ་ལྟར་དོན་ཚན་གསུམ་པོ་ལ་ལྷན་ཅིག་སྐྱེས་སྦྱོར་སྔ་ཕྱི་བར་གསུམ་གྱི་ཐ་སྙད་མཛད་མོད། དོན་སྒོམ་རིམ་བསྡུས་འབྲིང་རྒྱས་པར་ཕྱེ་བ་གསུམ་ཡིན་ལ། དེ་ལས་འཕྲོས་པ་ཕག་གྲུའི་ཞུས་ལན་དང་། ཆོ་རྗེ་རས་པ་དཔོན་སློབ་རྗེས་འབྲང་དང་བཅས་པས་མཛད་པའི་རྣལ་འབྱོར་བཞིའི་ཞལ་གདམས་གསུང་སྒྲོས་རྣམས་ལ་ཉམས་མྱོང་གི་སྤུ་རིས་འབྱེད་པའི་སྐོར། སྒམ་པོ་པ་ཁུ་དབོན་ནས་བདག་གི་འདྲེན་པའི་བར་དུ་བྱུང་བ་ངོ་སྤྲོད་ཀྱི་ཡིག་རིས་ཀུན་ཀྱང་ལམ་ཁྱེར་གྱི་སྐོར་ཞེས་གྲགས་པ་ཡིན་ལ། དེ་ལས་འདིར་ལམ་རིམ་རྒྱས་པ་ལྷན་ཅིག་སྐྱེས་སྦྱོར་གྱི་མན་ངག་སྟོན་པར་བྱེད་པ་སོགས་ཆོས་ཀྱི་གོ་རིམ་ཅུང་ཟད་ཤེས་པར་བྱས་ནས། ཞི་གནས་བསྒྲུབ་བྱ་མ་དག་པ་རྡེའུ། དག་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྟེན་དང་། རླུང་ཅན་གྱི་རིམ་པ་བཅས་ཉིན་བདུན་རེ་སྒོམས། དེའང་གང་ཟག་གི་བློས་གྲིམ་ལྷོད་དང་བརྩོན་འགྲུས་ཆེ་ཆུང་ལ་བསྟུན། རྟེན་མེད་ལ་གནས་འགྱུ་ཡེངས་རིགས་བཞི་དང་ལྡན་པའི་ཞི་གནས་བརྟན་ཆ་ཐོབ་ཙམ་ནས་ཐོལ་སྐྱེས་རྦད་ཆོད་ཀྱིས་ཉིན་བདུན་གཉིས་གསུམ་ལ་སྒྲིམ། གང་ཤར་བཟོ་མེད་དུ་ལོ་གཉིས་གསུམ་དུ་གློད། དེ་ནས་བདེ་གསལ་མི་རྟོག་པའི་ཉམས་ཤར་ཚེ་བཞག་ཐབས་བཞིས་རྒྱུན་སྐྱོངས། ཉམས་རྩལ་རྫོགས་ཕྱིར་ལོ་གཅིག་གཉིས་བསྒོམ། དེ་ནས་གནས་འགྱུའི་རྩད་གཅོད་ལྷག་མཐོང་ངོས་བཟུང་སྤྲོས་བྲལ་གཏན་ལ་འབེབས་ཤིང་ལོ་ཁ་ཤས་བཞག །སྣང་བ་སོགས་རོ་གཅིག་རྟོགས་པ་དང་། རོ་གཅིག་དུ་མར་འཆར་ཕྱིར་རོ་སྙོམས་སྐོར་དྲུག་གིས་སྤྱོད་པའི་བོགས་དབྱུང་ཞིང་ལོ་ལྔ་བདུན་གང་རུང་བཞག །འཁོར་འདས་དབྱེར་མེད་རྟོགས་ཕྱིར་སྒོམ་མེད་ཆེན་པོས་མི་ཚེའི་ཉི་མ་ཟད་དུ་འཇུག་པར་བྱ་དགོས་ཤིང་། དེའང་གོ་མྱོང་རྟོགས་གསུམ་གྱི་རྣམ་དབྱེ་ཕྱེད། རིག་ཁམས་སྒྲིབ་བྱེད་བྱིང་རྒོད་རྨུགས་འཐིབས་བཞི་ངོས་བཟུང་། ཞི་གནས་རྐྱང་པར་གོལ་ས་དང་། ཉམས་བདེ་གསལ་མི་རྟོག་པ་གསུམ་གྱི་གོལ་ས་དང་། དགྲ་ལང་གི་གེགས་བཞི། སྟོང་ཉིད་ཀྱི་འཕྲལ་ཤོར་བཞི། རྣལ་འབྱོར་བཞིའི་གོལ་ས་བཞི་སོགས་ཀྱི་དབང་དུ་མ་སོང་བར། རྣལ་འབྱོར་བཞིའི་བར་ལག་འགྱེལ་ལུགས་དང་། སྐྱེ་འགག་གནས་གསུམ་དང་བྲལ་བ། རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ། སྤྲོས་པའི་མཐའ་བརྒྱད་ལས་འདས་པ། སྟོང་ཉིད་བཅོ་བརྒྱད་དང་ལྡན་པའི་རང་བཞིན་ལ་དཔེ་ཆའི་གོ་བ་དང་འོལ་ཚོད་ཙམ་མ་ཡིན་པར་ཉམས་མྱོང་གི་རྡོ་རུས་ཐུག་པར་བྱ་བ་གལ་ཤིན་ཏུ་ཆེ་ཞིང་། དེ་བཞིན་དུ་བླ་མ་ཉམས་མྱོང་ལྡན་ངེས་ཀྱིས་མ་ཟིན་ན་སྤྲོས་བྲལ་རྟོགས་དུས་ནས་བལྟ་རྒྱུ་ཅི་ཡང་མེད་པར་རེད་སོང་སྙམ་ནས་སྒོམ་སྣ་སུན་ཁུར་བ་དང་། མིན་ཀྱང་ཉམས་རྟོགས་རེས་འགའ་སྐྱེས་དུས་ནས་མཐོན་པོར་བརླམས་ནས་དྲན་པས་འཚོ་སྐྱོང་མི་བྱེད་པར་ལྟ་སྒོམ་སྤྱོད་པ་ཐ་མལ་དུ་འཁྱོར་ཉན་སོགས་ཡོད་པ་དང་། བླ་མས་ཀྱང་ཉམས་མྱོང་སྐྱེས་ཙམ་ནས་རྟོགས་པ་ལ་ན་སྤར་སྔ་སོང་ན་སྔ་མའི་ཉམས་བོར་ནས་ཕྱི་མའི་རྟོགས་པ་སྐྱེ་ཆུང་བ་ཡིན། དཔེར་ན་ཚད་རིམས་དྲག་པོ་མ་སྨིན་པའི་ཐོག་ཏུ་སྨན་ཆེན་གཏོང་སྔ་ན་ཚ་བ་འཐོར་ནས་རྒྱུན་ནད་དུ་སོང་སྟེ་གདུང་བ་ལྟ་བུ་དང་། ན་སྤར་ཕྱི་ནའང་སྔ་མའི་ཉམས་ལ་གོམས་འདྲིས་འཇགས་ནས་ན་སྤར་མི་ཐུབ་པའི་སྐྱོན་ཡོད་པ་ནི། དཔེར་ན་ནད་སྐྲན་བཅའ་ཚར་བའི་རྗེས་སུ་སྨན་ཕྱེ་བཏང་བ་ལྟ་བུ་ལས་དོན་མི་ཡོང་བ་སོགས་གནད་འགག་ཤིན་ཏུ་མང་བས་གོང་དུ་བཤད་མ་ཐག་པའི་ཚུལ་ལྟར། ལས་དང་པོ་པའི་སྐབས་སུ་གཉེན་པོ་གྲིམ་ཆ་གཙོ་བོར་བྱས་ནས་སེམས་ཞི་གནས་ཀྱི་བརྟན་ཆ་རབ་ཏུ་གྱུར་པས་ཤིན་སྦྱངས་ཐོབ་པ་ཞིག་དགོས་པ་ཡིན་མ་གཏོགས། སེམས་ཀྱི་རྙོག་མ་མ་དྭངས་ན་ནམ་ཡང་གོམས་སྟོབས་ཀྱི་དཔྱིས་ཟིན་པར་དཀའ་བ་དང་། བར་དུ་གྲིབ་ལྷོད་སྙོམས་དགོས་ཏེ་སེམས་ཀྱི་དྭངས་སྙིགས་མ་འབྱེད་ན་རྣམ་པར་མི་རྟོག་པའི་བསམ་གཏན་ནམ་ལྷག་མཐོང་གི་རང་ངོ་ནམ་ཡང་མི་འཕྲོད་པ་དང་། མཐར་ལྷོད་ཆ་གཙོ་བོར་གཏོང་དགོས་ཏེ་རང་བྱུང་གི་རིག་པའམ་གཞིར་གནས་ཀྱི་ཡེ་ཤེས་འཕོ་མེད་འགྱུར་མེད་ཀྱི་གདེང་ཡོངས་སུ་བརྙེས་ནས་གྲུབ་པ་ཐོབ་དགོས་པའི་ཕྱིར་རོ། །དེའང་ཐུན་དང་པོ་ལ་གོང་བཞིན་བླ་མའི་རྣལ་འབྱོར་བསྒོམས་ནས། གཉིས་པར་བསྙེན་སྒྲུབ་བམ་མཉམ་བཞག་བྱ། གྲོལ་དུས་ཕྱག་བརྒྱ་རེ་འཚལ་བས་ལུས་ཀྱི་ནད་ཞི། རླུང་ཁུག་པ་སངས། ཁམས་ཤིན་ཏུ་དྭངས། ལུས་ཡང་ཞིང་རྒས་པའི་སྡུག་བསྔལ་མི་འབྱུང་ཞིང་མཐར་ཐུག་དགེ་བའི་འབྲས་བུ་སོགས་ཚད་མེད་པ་དང་། གཉེན་པོ་སྟོབས་བཞི་ལྡན་པས་ཡིག་བརྒྱ་ཚར་ཉེར་གཅིག་རེ་བཟླས་པས། སྡིག་སྒྲིབ་ཆེ་བ་རྣམས་མགོ་མནན། འབྲིང་པོ་རྣམས་ཁ་བྲི། ཆུང་ངུ་རྣམས་རྩ་བ་ནས་འབྱིན་པར་བྱེད་པའི་དགོས་ཆེད་ཁྱད་པར་ཅན་ཡོད་པ་དང་། མ་ཟད་ཚིག་རྗེས་དོན་དྲན་སྙིང་རྗེའི་མཚམས་སྦྱོར་ཡོང་ངེས་ཀྱིས་བར་དོའི་སེམས་ཅན་རྣམས་ལ་གཏོར་མ་དང་གསུར་བསྔོ་ཞིང་བསྔོ་སྨོན་གྱི་མཚམས་སྦྱོར་བྱ་བ་དང་། བསྟན་འགྲོ་ཕན་བདེའི་རྒྱུ་འགྱུར་བའི་ཕྱིར། སྤྱོད་འཇུག་ལས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་དང་། ཨོ་རྒྱན་ཆེན་པོས། ལྷའམ་བླ་མ་ལ་སོགས་པ། །དཀོན་མཆོག་གསུམ་གྱི་རྟེན་དྲུང་དུ། །བསམ་འདུན་དག་པའི་ཚོགས་བསག་ཅིང་། །སྨོན་ལམ་རྒྱ་ཆེན་གདབ་པར་བྱ། །དེ་ཡི་བསོད་ནམས་ཚད་མེད་དོ། །ཞེས་དང་། འགྲོ་བའི་དོན་དུ་སྨོན་ལམ་སུས་བཏབ་པ། །དེ་ནི་སངས་རྒྱས་ལམ་ལ་མྱུར་བ་ཡིན། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་དར། བླ་མའི་སྐུ་ཚེ་བརྟན། དགེ་འདུན་ཐུགས་མཐུན་ཁྲིམས་གཙང་། ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་སོགས་ཀྱི་ཡོན་ཏན་གོང་ནས་གོང་འཕེལ་དུ་ཕྱུག་ཅིང་། བསྟན་པའི་སྦྱིན་བདག་རྣམས་ཀྱི་གཙོས་གྱུར་ལ་ནད་ཡམས་འཁྲུགས་རྩོད་སོགས་དུས་ཀྱི་རྒུད་པ་ཞི་བ་དང་། ཚེ་བསོད་ནམས་བདེ་སྐྱིད་བདེ་བའི་དངོས་པོ་ཀུན་དབྱར་མཚོ་བཞིན་དུ་བརྡོལ་བའི་ཕྱིར་དུས་རྒུད་ཞི་བ་དང་། སངས་རྒྱས་བསྟན་པ་རྒྱས་པའི་སྨོན་ལམ་ཁྱད་པར་ཅན་རྣམས་ཆེད་དུ་འདོན་པར་བྱ་ཞིང་། ཇ་བསྐོལ་བའི་ཚེ་རང་ཡི་དམ་བསྒོམ། ཐབ་ཁ་གཞལ་ཡས་ཁང་། མེ་ལྷ་ཡེ་ཤེས་པ་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པར། བུད་ཤིང་སྲེག་རྫས་གང་འཛོམས་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐིམ། དེ་དག་ཕུལ་བས་སྦྱོང་བར་མོས་ལ། ཨོཾ་བཛྲ་སཏྭ་ཧཱུྃ། ཨོཾ་སརྦ་པ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེ་བརྗོད་དོ། །ཆུ་ནི་མཱ་མ་ཀི་ཡི་ངོ་བོ་ཡིན་པ་ལ་ཡིན་པའི་ངེས་ཤེས་བསྐྱེད་ལ། རྣམ་པ་བཾ་ལས་ཆུ་ཡི་ལྷ་མོ་རྡོ་རྗེ་ཌཱཀྐིའི་སྐུར་གསལ། བཛྲ་ཌཱཀྐི་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླ་ཞིང་། ནད་གདོན་སྡིག་སྒྲིབ་ཞི་བའི་གསོལ་བ་བཏབ་མཐར་འོད་དུ་ཞུ་ནས་བདུད་རྩིའི་རང་བཞིན་བསམ་ལ་ཆུ་ལེན་པ་དང་། ཁྲུས་བྱ་བ་སོགས་བྱའོ། །གཞན་བཟའ་བཏུང་བྱིན་རླབས་བྱ་ཚུལ་ནི། ཡི་དམ་སྐུར་གསལ་བའི་མགྲིན་པར་བླ་མ། སྙིང་ཁར་ཡི་དམ། ལྟེ་བར་ཆོས་སྐྱོང་། རྩ་ཁམས་དཔའ་བོ་དཔའ་མོ་གསལ་ལ། འཛམ་བུའི་གླིང་གི་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་པའི་སྟེང་དུ། ཨཱཿལས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ས་བོན་ཕྱག་མཚན་བཅས་པར། རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་བའི་སྟེང་གི་ནམ་མཁར་ཨོཾ་ཨཱཿཧཱུྃ་གི་འོད་ཟེར་གྱིས་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་དང་། ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་ཐིམ་པས། དམ་ཡེ་གཉིས་སུ་མེད་པ་བདུད་རྩིའི་རྒྱ་མཚོ། ཡི་དམ་ཡབ་ཡུམ་གྱི་བྱང་སེམས་བདེ་སྟོང་གི་ངོ་བོར་གྱུར་པར་བསྒོམས་པས་བཟའ་བཏུང་ཟོས་ཚད་བྱིན་གྱིས་བརླབས་པར་འགྱུར་ཞིང་། དཀོར་དང་སྐུ་གླུད་ཀྱི་ཉེས་པ་དག་པར་གསུངས་སོ། །བཏུང་བའི་སྐབས་རང་ཡི་དམ་གྱི་ཐུགས་ཀ་ནས་འོད་འཕྲོས་པས་ཡི་གེ་བཾ་སེར་གཅིག་ཏུ་གྱུར་པ་འོད་དུ་ཞུ། ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། ཕུད་གཏོར་ཏེ། ཉོན་མོངས་ལྔ་པོ་རྣམ་དག་ཅིང་། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །བདུད་རྩི་ལྔ་ཡི་རང་བཞིན་མཆོག །བླ་མ་ཡི་དམ་རྣམས་ལ་འབུལ། །ཞེས་བརྗོད་ནས་ལྷ་རྣམས་མཆོད་པར་མོས་ལ་བཏུང་ངོ་། །ཤ་སྤང་ཐུབ་ན་རབ་དེ་མིན་ན་ཉ་སྟོང་ཚེས་བརྒྱད་གསུམ་དུ་སྤང་ཞིང་ཉིན་ཤ་བསྔོས་ཤ་མི་ཟ། སེམས་ཅན་ཐམས་ཅད་ཕ་མ་ལན་གྲངས་བྱས་པ་ཡིན་ངེས། ཁྱད་པར་འཕགས་པ་ཀཱ་ཏྱཱ་ཡ་ནས་གཟིགས་པ་ལྟར་ན་ཚེ་འདིའི་ཕ་མ་སྤུན་སྲིང་ཤི་བ་དེའི་རྣམ་ཤེས་ཞུགས་པའི་ཤ་ཨེ་ཡིན་ངེས་པ་མེད། དེ་ཡིན་ན་ད་ལྟའི་ཕ་མ་སོགས་ཤན་པས་སྲོག་བཅད་དེ། ཤ་དེ་བདག་ལ་སྦྱིན་པ་བཟའ་འདོད་སྐྱེའམ། ཤ་འདི་ནི་དེ་དངོས་ཡིན་སྙམ་པར་གྱིས་དང་། སྙིང་འཁུམས་ཤིང་། ཞེ་ལོག་ཏིང་ངེ་བ་ཞིག་དང་། སྙིང་རྗེ་མི་སྐྱེ་བའི་ཐབས་ག་ལ་ཡོད། དེ་ཁའི་ཤེས་པ་ངར་མི་ཉམས་པའི་ངང་ནས། ཀཾ་ཀ་ནའི་གཟུངས་དང་བཏགས་གྲོལ་གྱི་སྙིང་པོ། ཡིག་བརྒྱ་སོགས་ཅི་ནུས་བཟླས་ཤ་ལ་ཕུས་འདེབས་ཏེ་བསྔོ་བ་དང་སྨོན་ལམ་གདབ་སྟེ་བཟའོ། །དེ་བཞིན་ཆང་ནི་ཆོས་པའི་བདུད་འདི་ལས་ཆེ་བ་མེད་དེ། དཔེར་ན་ཉེས་པ་གཞན་གཅིག་བྱས་པས་བྱས་པ་དེའི་ཉམས་ཆགས་ལས། སྲུང་སྡོམ་གཞན་རྣམས་དག་པར་ཡོད་པས་དེའི་རྟེན་བྱེད་ནས་ཡོན་ཏན་སྐྱེ་ཐབས་ཡོད། ཆང་གིས་མྱོས་པར་གྱུར་ན་ཁྱིམ་པའི་དགེ་བསྙེན་ཡིན་ན་རྩ་བཞིའི་སྣ་འགའ་དང་། ཕལ་ཆེར་གྱི་བསྲུང་བྱ་ཐམས་ཅད་བག་མེད་པས་ཉམས། དགེ་ཚུལ་ཡིན་ན་རགས་པ་བཅུ། བླང་འདས་སུམ་ཅུ། དགེ་སློང་ཡིན་ན་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ། བྱང་སེམས་ཡིན་ན་ཕར་ཕྱིན་དྲུག །བསྡུ་དངོས་བཞི། དཀར་ནག་གི་ཆོས་བརྒྱད། རྩ་ལྟུང་བཅོ་བརྒྱད། སྨོན་འཇུག་གི་བསླབ་བྱ་གཉིས་དང་ཉི་ཤུ། ཉེས་བྱས་རྣམས། གསང་སྔགས་ཡིན་ན་བླ་མེད་སྤྱིའི་དམ་ཚིག་ཏུ་རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་གི་དམ་ཚིག་སྦོམ་པོ་བརྒྱད། ཁྱད་པར་རྫོགས་པ་ཆེན་པོའི་ལུགས་ལ་སྲུང་མེད་གཅིག་ཆར་བའི་དམ་ཚིག་བཞི། སྲུང་མཚམས་ཅན་གྱི་དམ་ཚིག་ལ་རྩ་བ་བླ་མའི་སྐུ་གསུང་ཐུགས་གསུམ་ལ་དགུ་དགུར་ཕྱེ་བས་ཉེར་བདུན། ཡན་ལག་གི་དམ་ཚིག་འབུམ་སྡེ་རྣམས་ཀྱང་ཆང་གིས་མྱོས་པས་བསྲུང་མཚམས་བག་མེད་གྱུར་ནས་ཉམས་པར་བྱེད་ཅིང་། ཡོན་ཏན་སྐྱེ་བའི་རྟེན་མེད་པར་བྱེད་པའི་ཕྱིར་ཤིན་ཏུ་གཟབ་དགོས་སོ། །འོ་ན་ཕལ་ཆེར་གྱིས་ཆང་བཏུང་ཞིང་སོ་ཐར་བྱང་སེམས་གཉིས་ལ་བཀག་སྟེ། གསང་སྔགས་ལམ་ལ་ཡོན་ཏན་ཆེ་བར་བཞེད་དེ་འདོད་ཡོན་མ་སྤངས་གསུངས་པ་དང་དངོས་སུ་ཉམས་རྟོགས་འཕེལ་བའི་བདུད་རྩི་ཡིན་པ་དང་། ཨོ་རྒྱན་ཆེན་པོ་དང་། བིར་ཝ་པ་སོགས་ཀྱི་རྣམ་ཐར་སྨོས་རྒྱུ་ཡོད་དོ་སྙམ་ན། དེའི་རྗེས་སུ་འཇུག་ནུས་མིན་རང་རྒྱུད་ལ་བརྟག་དཔྱད་གྱིས་དང་རྟོགས་གོམས་གདེང་ཚད་ལྡན་པའི་གུ་རུ་རིན་པོ་ཆེས། ཆང་ཁལ་ལྔ་བརྒྱ་དུས་གཅིག་ལ་བཞེས་ཀྱང་བཟི་བ་ལྟ་ཅི་ངོམ་པ་ཙམ་མ་བྱུང་། དེ་བཞིན་དུ་ཆང་རིན་མ་འཁྱོངས་པས། ཉི་མ་སྟོད་ལ་མནན་པ་སོགས་ཀྱི་ལོ་རྒྱུས་འདུག་པས་རང་རེས་ཀྱང་དུག་རྗེན་ཟ། ཉི་ཟླ་བཙོན་དུ་བཟུང་། རི་བོ་ཕན་ཚུན་བརྗེ། ནམ་མཁའ་ལ་འཕུར་བ་སོགས་བྱ་ནུས་སམ་མི་ནུས་སྐྱོན་ཡོན་ཏན་ཅི་འདུག་ཉམས་དཔྱད་ནས་སྤང་བླང་ངེས་པར་བྱ་དགོས་ཤིང་། རྟོགས་གོམས་གདེང་དང་ལྡན་ན་སོ་ཐར་བྱང་སེམས་གཉིས་ལའང་ཆང་བཀག་མི་དགོས། གལ་སྲིད་བཀག་ན་ཨོ་རྒྱན་ཆེན་པོ་ལ་སོ་ཐར་དང་བྱང་སེམས་གཉིས་པོ་མེད་པར་ཁས་ལེན་དགོས་པ་དང་། དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་ལ་གསང་སྔགས་ཀྱི་སྡོམ་པ་ཡང་མེད་པར་འགྱུར་བས། དེ་ལྟར་ན་ལོག་ལྟ་དེ་བས་ཆེ་བ་མེད། རྟོགས་གོམས་ཀྱི་གདེང་དང་མ་ལྡན་ན་གསང་སྔགས་ཡིན་ཀྱང་བཀག་བྱ་ལས་གནང་བ་མེད་དེ། ཨོ་རྒྱན་ཆེན་པོས། སྙིགས་མ་ལྔ་བདོར་གྱུར་པའི་དུས། །གསང་སྔགས་དམ་རྫས་ཤ་ཆང་ལ། །སྤྱོད་དུ་རུང་བའི་ལུང་སྨོས་ཏེ། །ཏིང་འཛིན་ཉམས་ཀྱི་དྲོད་མེད་པར། །ཤ་ཁྲག་ཆང་ལ་ཐམས་ཅད་སྦྱོར། །འདི་ཡང་དམ་ཚིག་མེད་དོ་ཞེས། །ཆོས་བཞིན་སྤྱོད་རྣམས་ཐབས་ཀྱིས་སྨོད། །དེ་འདྲ་བསྟན་པའི་མཐའ་རུ་འབྱུང་། །ཀྱེ་མ་ཀྱེ་ཧུད་དམྱལ་བ་ལས། །འགྲོ་ས་མེད་དོ་སྙིང་རེ་རྗེ། །ཞེས་གསུངས་པ་ལྟར་མདོར་ན་ལམ་ཞུགས་པས་རྣལ་འབྱོར་གྱི་སྤྱོད་པ་མི་བྱ། རྣལ་འབྱོར་པས་གྲུབ་ཐོབ་ཀྱི་སྤྱོད་པ་མི་བྱ་བར་སྤྱོད་པ་དུས་ཚོད་དང་འབྲེལ་ངེས་པར་བྱ་དགོས་གསུངས་པས་གཟབ་འཚལ། ཐུན་བར་དུ་རྣམ་ཐར་དང་སྔོན་འགྲོ་ལ་ཅུང་ཟད་བལྟ་དགོས་ཞེས་པའང་། ངེད་རང་སྒོམ་ཆེན་པ་རྣམས་ལ་ཐོས་བསམ་རྒྱ་ཆེ་བ་རེ་མེད་ན་གནས་ལུགས་མི་རྟོགས་ཟེར་བ་དང་། ཐོས་བསམ་གཏན་ནས་མི་དགོས་ཟེར་བ་སོགས་མཚུངས་ལྡན་ཞིག་ལབ་པ་མ་ཡིན་ཞིང་། དོན་དུ་རིག་འཛིན་འཇིགས་མེད་གླིང་པས། ཡོན་ཏན་མཛོད་དུ་གསུངས་པ་ལྟར། ཐོས་བསམ་དགོས་ཟེར་བ་དེ་གཞན་དག་ཅི་རིགས་རིགས་ལ་གོ་དགོས་པ་མིན། རང་རང་གི་ཉམས་སུ་བླང་བྱའི་ལྟ་སྒོམ་སྤྱོད་འབྲས། སྦྱོར་དངོས་རྗེས་གསུམ་ཙམ་ལ་ཐོས་པས་གོ་རྒྱ་ཆེ་བ། བསམ་པས་སྒྲོ་འདོགས་ཆོད་པ། སྒོམ་པས་ངང་བསྐྱང་རྒྱུ་ཡོད་པ་ཞིག་བྱ་དགོས། ཞེས་གསུངས་པ་ལྟར་བྱ་བ་ལས། མུན་ནག་མདའ་འཕེན། ནེ་ཙོས་ཆོས་འདོན། དྲེད་མོང་གི་ཕྱི་བ་བརྐོ་བའམ། བྱིས་པའི་མེ་ཏོག་བཏུ་བའམ། མགོ་མ་ཚོས་གོང་ནས་ལྕེ་ལ་བསྙབ། གང་མ་ཞུ་གོང་ནས་དོ་འཐུང་། ཟེར་བའི་དཔེ་ལྟར་དང་། མཁས་པ་དཔེ་ཆའི་ནང་ན་ཡོད། །དཔེ་ཆ་སྔས་མགོའི་སྟེང་ན་ལྷག །དགོས་པའི་དུས་ན་འུ་ཐུག་ཅིང་། །ཞེས་གསུངས་པ་ལྟར་དུ་མ་སོང་བར། ཉིན་གཞུང་རྒྱལ་བ་གོང་མ་རྣམས་ཀྱི་རྣམ་ཐར་ཁྱད་པར་ཅན་རྣམས་དང་། སྔོན་འགྲོ་ཐུན་མོང་ཐུན་མིན་ཙམ་མཇལ་ཞིང་ཚིག་དོན་བློ་ལ་མངོན་པར་བྱང་ཆུབ་པས་ངེས་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ཞིག་དང་། གཞན་ལ་འཆད་པའི་དབང་དུ་བྱས་ནའང་ཐོགས་རྡུགས་མེད་པ་གོམས་ཆ་ཐོན་ངེས་ཞིག་བྱ་དགོས་སོ། །དེ་ནས་ཐུན་དུང་ལན་གསུམ་འབུད་པའི་སྐབས་དུད་འགྲོས་དུང་གི་སྒྲ་ཐོས་པ་ལྟ་བུར་མི་བྱ་བར་དྲན་ཤེས་བག་ཡོད་ལྡན་པས་བསྐྱེད་རྫོགས་ཀྱི་ཉམས་ལེན་གང་རུང་ལ་འཇུག་ནས་ཐུན་གྲོལ་ཚེ། མེ་ལ་ཚ་བའམ། ཆུ་ལ་རླན་ནམ། ནམ་མཁའ་ཀུན་ལ་རིས་མེད་དུ་ཁྱབ་པ་ལྟར་དགེ་བ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་བསྔོ་དགོས་ཏེ། རྗེ་འབྲིང་གུང་སྐྱོབས་པས། ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་སྨིན་པས། །གཞུག་བསྔོ་སྨོན་འདི་ལ་ནན་ཏན་གྱིས། །ཞེས་དང་། སྦྱིན་དང་ཚུལ་ཁྲིམས་སྒོམ་ལ་སོགས། །ཇི་སྙེད་དགེ་བའི་རྩ་བ་རྣམས། །མི་ཟད་འབྲས་བུ་འབྱིན་པའི་ཕྱིར། བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །ཞེས་དང་། ཇི་སྐད་དུ། བསྔོ་བ་མི་ཟད་ལམ་ཡིན་པས། །སྤེལ་དང་སྦྱོང་བའི་ཆོས་ཅན་ནོ། །ཞེས་གསུངས་པ་ལྟར། རྒྱུ་ནི་རང་གི་ལམ་བསྐྱེད་རྫོགས་ཀྱི་རིམ་པ་མཚོན་བྱེད་བྱས་ནས། རྒྱལ་བ་སྲས་བཅས་ཀྱིས་དུས་གསུམ་བསགས་པའི་དགེ་ཚོགས་བཅས། ཡུལ་ལྷ་མི་དང་ཉན་རང་བྱང་སེམས་ཀྱི་གོ་འཕང་ཐོབ་ཕྱིར་ཙམ་མ་ཡིན་པར་དོན་གཉིས་ལྷུན་གྱིས་གྲུབ་པ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ས་ཁོ་ནར་རང་དོན་དང་ཉེ་འབྲེལ། འབྲེལ་ཐོག་ཕྱོགས་རེ་བ་ཙམ་གྱི་ཕྱིར་དུ་མ་ཡིན་པར་ནམ་མཁའི་མཐར་ཁྱབ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཞིང་། བདེ་བའི་རྒྱུ་འབྲས་གཉིས་ཀྱིས་མཐར་ཐུག་དེ་ལྟ་བུ་ཐོབ་པར་བྱ་བའི་ཕྱིར། རྒྱལ་བ་སྲས་བཅས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ཇི་ལྟར་བསྔོ་བ་བཞིན་དུ་བདག་གིས་ཀྱང་རྗེས་སུ་སློབ་ནས་དེ་དེ་བཞིན་དུ་ཡོངས་སུ་བསྔོ་བར་བགྱིའོ་སྙམ་དགོས་སོ། །དགོང་ཐུན་སྐབས་སངས་རྒྱས་བསྟན་པ་དར་བ་སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་རང་རེ་ཆོས་མཛད་ཡོངས་ཀྱི་བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་སློང་བ་དང་ལམ་འཁྲུལ་པ་ཟད་པ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་སོགས་ཀྱི་ཕྱིར་གསོལ་ཁ་ཕྲིན་བཅོལ་དང་། གཅོད་དང་། བསམ་ལྷུན་བར་ཆད་ལམ་སེལ་སྒྲོལ་མ་སོགས་འདོན་པར་བྱ། ཁྱད་པར་གཅོད་འདོན་རྒྱུ་ནི། ཀུ་སཱ་ལི་པའི་ཚོགས་བསགས་པའི་ཐབས་བླ་ན་མེད་པ་ཡིན་པ་དང་། ཆོས་སྒྲུབ་པའི་བར་ཆད་ཞི་བ་དང་། ཕྱི་ནང་གསང་གསུམ་གྱི་བདག་འཛིན་ཚར་གཅོད་པ་སོགས་གལ་གནད་ཤིན་ཏུ་ཆེ་བ་ཡོད་པས་ཡན་དུ་མི་བོར་བ་རྒྱལ་བ་གོང་མ་རྣམས་ཞལ་བཞུགས་པའི་དུས་བཞིན་ཆགས་མེད་དུ་འདོན་སྒོམ་བྱ་བ་གལ་ཆེ། གཉིད་དུ་འཇུག་པའི་སྐབས་ལུས་སེངྒེ་ཉལ་སྟབས་བྱས་འོད་གསལ་ཟིན་པའི་གསོལ་བ་ཡང་ཡང་འདེབས། བླ་མ་རྩ་དབུ་མའི་ལམ་ནས་སྙིང་དབུས་སུ་ཐིམ། རྒྱུད་བྱིན་གྱིས་བརླབས་པར་བསམས་ཤིང་སྙིང་དབུས་ཟླ་གདན་སྟེང་རང་སེམས་སྐྱེ་མེད་ཡི་གེ་ཨཱཿདཀར་པོའི་འོད་ཀྱིས་ལུས་ཕྱི་ནང་སོགས་རིམ་གྱིས་གསལ་བར་སྒོམ་པ་སོགས་གོམས་ཆ་ཐོན་པར་བྱ། ཡང་ན་འཇམ་དཔལ་དབྱངས་ཀྱི་ལྷ་སྙིང་དབུས་སུ་གསལ། གསོལ་བ་འདེབས་བསྙེན་པ་ཡིད་བཟླས་ཆུ་བོའི་རྒྱུན་བཞིན་བྱས་པས་བརྩོན་འགྲུས་དང་ཤེས་རབ་མེ་འབར་བ་ལྟ་བུ་འབྱུང་བར་འགྱུར་རོ། །དེ་དག་གི་དོན་མདོར་བསྡུ་ན་རིགས་དྲུག་གི་རྒྱུ་འབྲས་གང་ལའང་སྡུག་བསྔལ་གྱི་རང་བཞིན་མཐོང་སྟེ་གཡང་ས་ཆེན་པོ་ནས་ལྷུང་རན་པའི་མི་དེ་ཐར་འདོད་ཀྱི་བློ་རྒྱུན་ཆད་མེད་པར་སྐྱེས་པ་ལྟ་བུ་དང་། བྱང་ཆུབ་ཀྱི་སེམས་འབྱོངས་པའི་རྟགས་དགྲ་གཉེན་བར་མ་དོ་ཐམས་ཅད་ལ་མས་བུ་གཅིག་པུ་ལ་བརྩེ་བ་ལྟ་བུའམ། ཕ་གསོད་པའི་དགྲ་བོ་མཐོང་རུང་ཕན་སེམས་ལས་གནོད་སེམས་ནམ་ཡང་མི་སྐྱེ་བ་ཞིག་དགོས། སྒོམ་པ་ཉམས་རྟོགས་ཀྱི་རིམ་པ་ཉིན་མཚན་ཁོར་ཡུག་ཆེན་པོས་འཁོར་འདས་དབྱེར་མེད་དུ་ལ་བཟླ་བ་ཞིག་བྱ་དགོས་ཤིང་། དེ་ལྟར་བྱས་པས་ཀ་དག་ཁྲེགས་ཆོད་རིག་པའི་བཙན་ས་ཟིན་ནས་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཟད་ནས་རིག་པ་འཕོ་འགྱུར་མེད་པའི་སྐྱེས་བུ་དེ་ཉིད་ཟག་བཅས་ཀྱི་ཕུང་པོ་ཟག་མེད་རྡུལ་ཕྲན་དུ་དེངས་པ་དང་། འབྲིང་དབུགས་ཆད་པ་དང་ཀ་དག་གི་དབྱིངས་སུ་རང་ས་ཟིན་ནས་ངོ་བོ་ལ་འཕོ་འགྱུར་མེད་པའོ། །གང་ཟག་དབང་པོ་ཐ་མ་རྣམས་ཆོས་ཉིད་བར་དོའི་སྐབས་གཞི་ལམ་གྱི་འོད་གསལ་མ་བུ་འདྲེས་ནས་ཡར་གྱི་མངོན་པར་རྫོགས་པར་སངས་རྒྱས་སོ། །ཅུང་དམན་པ་ལྷུན་གྲུབ་བར་དོའི་སྒྲ་འོད་ཟེར་གསུམ་རང་སྣང་དུ་ངོ་ཤེས་ནས། ཤེས་ཐོག་ཏུ་མཉམ་པར་འཇོག་ཐོག་དཔག་ཆེན་གྱིས་མདའ་འཕང་བ་བཞིན་དུ་ཕྱིར་མི་ལྡོག་པར་འགྱུར་རོ། །གང་ཟག་ཐ་མའི་ཡང་ཐ་རྣམས་རྫོགས་ཆེན་སྨིན་གྲོལ་གྱི་གདམས་པ་ཐོབ། ཆོས་དང་གང་ཟག་ལ་སེལ་མེད་པ་རྣམས་སྲིད་པ་བར་དོའི་སྣང་བ་ཤར་ནས་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་རང་སར་དག་ནས་ཤར་ཕྱོགས་མངོན་དགའ་སོགས་ཞིང་ཁམས་གང་རུང་། མེ་ཏོག་པདྨའི་སྦུབས་སུ་རྫུས་ཏེ་སྐྱེས་ནས་སངས་རྒྱས་ཀྱི་ཞལ་མཐོང་། གསུང་ཐོས་ཉོན་སྒྲིབ་ཕྲ་རགས་དག་ནས། ས་བརྒྱད་དང་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་བསྐལ་པ་མཉམ། ལོ་ལྔ་བརྒྱ་ནས་ཞིང་ཁམས་ཐམས་ཅད་ཀྱི་སྟེང་ཕྱོགས་དུར་ཁྲོད་མེ་རི་འབར་བའི་ཞིང་དུ་སྐྱེས་ནས་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱི་ཞལ་མངོན་སུམ་མཇལ་ཤེས་བྱའི་སྒྲིབ་པ་ཕྲ་རགས་ཐམས་ཅད་དག་ནས་ཀ་དག་དབྱིངས་སུ་མངོན་པར་བྱང་ཆུབ་པར་འགྱུར་རོ། །དེ་ལྟར་ཁྱད་པར་དུ་མའི་འཕགས་པའི་ཆོས་ཡིན་རུང་དེང་སང་སྙིགས་དུས་འདིར་བཤད་ཀྱང་མི་གོ། བསྟན་ཀྱང་མི་རིག །མྱོང་ཡང་མི་བསམ། སྒོམ་ཡང་གོམས་ཡུན་མི་བསྲིང་བར། རྒྱུ་ནོར་སྙན་གྲགས་ཀྱི་འབྱོར་བ་ཕྲན་བུ་དང་སངས་རྒྱས་ཐོབ་པ་གཉིས་གདམ་ཀ་ནོར་བ་ལྟ་བུ་སོང་སྟེ། བླ་མ་མིག་འདྲིས་ཁྱེར། གདམས་ངག་ལ་རྣ་དྲེད་ཁྱེར། དམ་ཚིག་ལ་ཚོད་ཡོད་ཁྱེར། དད་པ་ལ་སྣུམ་དྲེད་ཁྱེར་ནས་དྲེད་པོ་ཆོས་རྒྱུས་མཁན་ཞིག་ལས་ཀྱང་མི་ཡོང་བར། བདག་སྤྲད་པའི་སྒོམ་ཆེན་བློ་རྒྱ་ཆེ་རུ་སོང་། ཆོས་ལ་རྒྱུས་ཡོད། བླ་མ་ལ་ཚོད་འཛིན། མཆེད་གྲོགས་ལ་སྐྱོན་བརྗོད། ཕྱུགས་བསྲེལ་འདུ་ལོང་བསྒྲུབ། མི་བྱེད་དགུ་བྱེད་གཅིག་གི་སྟེང་དུ་འཁྱོལ་བའི་ཚེ། སྐྱེ་བོ་ཀླད་མེད་ཆོས་སྐུ་བསོད་ནམས་རེ་ཆེ་ཟེར། འགྲོ་དོན་རྒྱས་ཟེར། ཕྱེ་གཏོར་འགམ་པ་ནི་བདུད་ཀྱི་བར་ཆད་མངོན་སུམ་བཞུགས་པའི་རྟགས་མཐར་ཕྱིན་པ་ཡིན་པས་གཟབ་དགོས་ཞེས་གསུངས་པ་ལྟར། དྷརྨ་རཀྵི་ཏས། དུས་དེང་སང་ཅི་བྱས་ཆོས་མིན་སོང་། །བློ་ཆོས་བརྒྱད་བྱ་བ་སྟོབས་ཤུགས་རྒྱས། །དྲན་ཤེས་བཞིན་ཀུན་ཀྱང་བག་ལ་ཞར། །ནམ་ཉིན་མཚན་འཁྲུལ་བ་རྒྱ་འབྱམས་ལ། །སྒོམ་རྣལ་མའི་བབས་སུ་བཅོས་ནས་གདའ། །ལུས་རི་ཁྲོད་དབེན་པར་བཙོན་དུ་བཟུང་། །སེམས་གྲོང་ཡུལ་ཁྱི་སྨྱོན་བཞིན་དུ་འཁྱམས། །མི་གཞན་གྱི་བལྟས་ན་སྒོམ་ཆེན་འདྲ། །རང་རང་བསམ་བཏང་ན་འཁོར་བ་པ༑ །ཞེས་དང་། ཀརྨ་པ་མཁའ་ཁྱབ་རྡོ་རྗེས། ཁོ་བོ་དགེ་སྦྱོར་སྒོམ་ཆེན་ཞེས། །ལོ་ཟླ་མང་པོ་བསྒོམས་བྱས་ཀྱང་། །རྙེད་བཀུར་ཅུང་ཞིག་ངན་པ་འམ། །ཚིག་ངན་ཟུར་ཙམ་ཐོས་ན་ཡང་། །སྒོམ་དང་དགེ་སྦྱོར་མི་དྲན་པར། །དུག་སྦྲུལ་བཞིན་དུ་ཚིག་བྱེད་ན། །དགེ་སྦྱོར་བོགས་ནི་ཅི་ལྟར་དབྱུང་། །དེ་འདྲའི་སྒོམ་ཆེན་མང་དུ་མཆིས། །ཞེས་དང་། ཆོས་པར་རློམ་ཀྱང་ཆོས་བརྒྱད་ཉམས་ལེན་མཁས། །དེ་དག་ཅི་ཙམ་ལེགས་ཀྱང་མི་གཙང་ལུད། །ཟ་འོག་གོས་ཀྱིས་སྐབས་བཞིན་ཡི་མུག་ལྡང་། །ཞེས་དང་། ས་པཎ་གྱིས། ནད་ཀྱིས་མནར་ལ་ལས་རྣམས་མཐུ་ཆུང་ཞིང་། །དེ་བཞིན་རྨོངས་པས་སེམས་དཀྲུག་ན། །ཆོས་རྣམས་ཀུན་ལ་མཐུ་མེད་དོ། །ཞེས་དང་། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །དུས་གསུམ་སངས་རྒྱས་ཞལ་བསྡུས་ཀྱང་། །སྔོན་ལས་མེད་ལ་བཟང་མི་འགྱུར། །ཞེས་དང་། ཟེ་ཆེན་རྒྱལ་ཚབ་རིན་པོ་ཆེས། དེ་ཕྱིར་ཡུལ་ཅན་བསེར་བུས་རབ་བསྐྱོད་པས། །གཡོ་བའི་ཀུན་རྟོག་སྐུ་ཤའི་རྩེ་མོ་བཞིན། །རྣམ་པར་གཡོ་བའི་ངང་ཚུལ་འདི་མཐོང་བས། །སྐྱོ་བས་སེམས་ལ་དྭངས་པའི་སྐབས་མ་རྙེད། །ཅེས་དང་། བྱས་ན་བསམ་པ་གཅིག་ཀྱང་མི་བྱེད་པར། །མ་བྱས་བསམ་པ་བརྒྱ་ཕྲག་ཁུར་དུ་ལེན། །ད་ནི་སྤྲང་པོའི་རང་ཚུགས་བཟུང་བའི་དུས། །ཉམ་ཆུང་བས་མཐར་ཁྱི་བཞིན་ཤི་བར་སྨོན། །ཞེས་གསུངས་པ་ལྟར། ནང་རང་རྒྱུད་ཞི་དུལ་ཡོད་པ་ཅན་ཕལ་ཆེར་དཀོན་ཞིང་། ལོ་ཟླ་མང་པོར་བསྒོམས་ཀྱང་དུག་ལྔ་ངོས་བཟུང་གཉེན་པོ་བརྟེན་ཙམ་བྱེད་རྒྱུ་མ་བྱུང་ཞིང་། སྒོམ་ཆེན་གསར་པ་འགའ་རེ་ནི་མ་བསམས་ན་མ་རིག་པ་གཏི་མུག །བསམ་ཚེ་ཆགས་སྡང་གཉིས། བཤད་ཚད་ནི་རྫུན་དང་ཕྲ་མ། ལས་ཚད་ནི་མི་དགེ་བ། ཐོས་ཚད་ལ་ཕྲག་དོག །མཐོང་ཚད་ལ་ང་རྒྱལ། རྐང་ཆུང་རླུང་གི་འཁོར་ལོ་བསྐོར་བའི་རང་བཞིན་མ་ཟད་ད་ལྟར་རང་ཅག་རྣམས་སྐྲ་བྲེག་མིང་བརྗེ། བསམ་པ་བརྗེ། སྦྱོར་བ་བརྗེ། རྟགས་བརྗེས་ནས་སངས་རྒྱས་བསྟན་པའི་རྗེས་ཞུགས་པའི་ཕྱི་རྟགས་ཀྱང་འདོར་ལ་ཉེ་ཞིང་། སྤྲོ་བའི་དུས་འདིར་གཟན་ཤམ་དམར་སེར་གྱོན་པ་རིང་དུ་དོར་ནས་རྒྱ་དཀར་གྱི་ཞྭ་མོ་དང་སྟོད་ཐུང་། རྒྱ་ནག་གི་ལྷམ་སྒོག་དང་སྨད་འདུང་གྱོན་ནས་འབྲུག་གྲི་གློ་མ་གང་རེ་བཏགས་ཤིང་མེ་མདའ་ཨུ་ཤང་ལ་འདི་ཕྱིའི་སྐྱབས་གནས་བཅོལ་ལ་ཉེ་བའི་རང་བཞིན་ལ་དགོངས་ཏེ་ཀོང་སྤྲུལ་རིན་པོ་ཆེས། སྔོན་བོད་འདིར་སངས་རྒྱས་ཀྱི་བསྟན་པའི་དབུ་འཛུགས་ནས་བཟུང་གོས་དཀར་ལྕང་ལོ་ཅན་གྱི་སྡེ། རབ་བྱུང་ངུར་སྨྲིག་ཅན་གྱི་སྡེ་གཉིས་ལས་རྐུ་མ་ཁྲམ་པའི་སྡེ་ཞེས་སྡེ་གསུམ་པ་ཞིག་མ་གསུངས་ཞིང་དགེ་འདུན་ཅེས་པ་ལས། དགྲ་འདུན་གྱོད་འདུན་ཚོང་འདུན་ཟེར་བ་མ་ཡིན། ཞེས་དང་། འབྲུག་པ་རིན་པོ་ཆེས། ངུར་སྨྲིག་རྒྱལ་མཚན་འཛིན་པའི་དགེ་འདུན་རྣམས། །སྐྱ་ཆས་སྤྲད་ནས་ཕྱོར་ཕྱོར་རྫིག་རྫིག་པོ། །བསོད་ཟད་འདི་ཕྱི་གཉིས་མེད་བན་རྒོད་རྣམས། །མ་ཎི་རྡོག་རེ་ཡིན་ཡང་ཨེ་ཐོན་ལྟོས། །ཞེས་གསུངས་པ་ལྟར། དེང་སང་རང་རེས་ཅུང་ཟད་དྲན་སློང་གི་གཟབ་ཤེས་པར་བྱས་ནས་ཕྱི་ནང་མཚུངས་ལྡན་འདི་ལྟ་བུ་ལ་བསླབ་པར་བྱ་སྟེ། སྤྱོད་འཇུག་ལས། བདག་ལ་ཕུན་སུམ་ཚོགས་ཡོད་ཀྱང་། །གཞན་ལ་བརྙས་པར་མི་བྱ་སྟེ། །ཞུམ་པ་ལྟ་བུའི་སེམས་ཀྱིས་ནི། །ཡོན་ཏན་མཐའ་དག་ཁོང་དུ་སྦས། །ཞེས་དང་། གཞན་གྱི་གྲགས་པ་ལྷག་པར་བརྗོད། །རང་གི་གྲགས་པ་ཟིལ་གྱིས་གནོན། །བདག་ནི་བྲན་གྱི་ཐ་མ་བཞིན། །ལས་རྣམས་ཀུན་ལ་བསྐོལ་བར་གྱིས། །ཞེས་དང་། ཇི་སྐད་དུ། ཐོས་རྟགས་ཞི་ཞིང་དུལ་བ་དང་། །སྒོམ་རྟགས་ཉོན་མོངས་ཆུང་བ་ཡིན། །ཞེས་དང་། ཞེ་སྡང་སྒོམ་པའི་རྣལ་འབྱོར་པས། །སྣང་བ་ཐམས་ཅད་དགྲ་རུ་མཐོང་། །སྙིང་རྗེ་སྒོམ་པའི་རྣལ་འབྱོར་པས། །དགྲ་གཉེན་དབྱེར་མེད་ཕ་མར་མཐོང་། །ཞེས་དང་། ཇི་སྐད་དུ། བཀའ་བཀྱོན་དྲག་པོས་ཚར་བཅད་ཀྱང་ཁྲོ་བ་དང་འཁོན་འཛིན་མེད་པ་རྟ་མཆོག་ལྟ་བུ། མངག་གཞུག་སོགས་ལ་སྐྱོ་ངལ་མེད་པ་གྲུ་ལྟ་བུ། ལས་བཟང་ངན་ཐམས་ཅད་ཁུར་ཐེག་པ་ཟམ་པ་ལྟ་བུ། དྲེགས་པ་སྤངས་ནས་ཐམས་ཅད་ལ་གུས་པ་ཁྱུ་མཆོག་རྭ་ཆད་པ་ལྟ་བུ། དེ་བཞིན་བླ་མ་དང་མཆེད་གྲོགས་འགྲོགས་ཡུན་ཇི་ཙམ་རིང་ཡང་སྐྱོ་སུན་མེད་པ་འགྲོགས་བདེ་བ་སྐེ་རགས་ལྟ་བུ་ཞིག་དགོས་སོ། །ཞེས་དང་། ཡོངས་འཛིན་ངག་དབང་བཟང་པོས། ཞེན་ལོག་མོས་གུས་བློས་བཏང་གསུམ། །དྲན་ཤེས་སྙིང་རུས་འདུན་པ་གསུམ། །འདི་དྲུག་སྒོམ་གྱི་བདག་པོ་ཡིན། །ཆོ་འཕྲུལ་ན་ཚ་རྡུང་གཏག་གསུམ། །ཟས་གོས་ཕོངས་དང་བརྙས་བཅོས་གསུམ། །འདི་དྲུག་སྒོམ་གྱི་བོགས་འདོན་ཡིན། །བཀྲེན་ཟས་བཅུད་ལེན་རླུང་ཟས་གསུམ། །དཀོར་མེད་ཞེན་བྲལ་ལྡོམ་བུ་གསུམ། །འདི་དྲུག་སྒོམ་ཆེན་འཚོ་བ་ཡིན། །གཏུམ་མོ་རས་གོས་ལྭ་བ་གསུམ། །བེམ་ཧྲུལ་རོ་གོས་ཁྱི་ཐུལ་གསུམ། །འདི་དྲུག་སྒོམ་ཆེན་གྲང་སྐྱོབ་ཡིན། །ཐེམ་སྤང་ཤིང་དྲུང་ཕུག་སྟོང་གསུམ། །དུར་ཁྲོད་གནས་ཆེན་ལུང་སྟོང་གསུམ། །འདི་དྲུག་སྒོམ་ཆེན་སྡོད་གནས་ཡིན། །ཞེས་དང་། ཐོས་བསམ་གྱི་ཞལ་གདམས་ལས། མི་རྟག་རྣོ་མྱུར་གློག་གི་གོ་སྐབས་ལ། །རྩོལ་སྒྲུབ་ཞེན་པ་སྙིང་གི་དཀྱིལ་ནས་ལོག །ཁ་ཕོར་ཕྱེ་ཁུག་ཙམ་གྱི་ཡོ་བྱད་ཀྱང་། །མེ་ལ་བསྲེགས་ནས་ཆུ་ལ་འཕོ་སྙིང་འདོད། །འཕོ་འགྱུར་འཕེལ་འགྲིབ་སྒྱུ་མའི་གར་བསྒྱུར་ལ། །ཡིད་བརྟན་མེད་པས་སྐྱོ་བའི་ལུས་སེམས་གདུང་། །སྲོག་འཚོ་ལྷགས་སྐྱོབ་ཙམ་གྱི་ཟས་གོས་ཀྱང་། །ཤུལ་དུ་བཞག་ནས་གཅེར་བུ་འཕྱོང་སྙིང་འདོད། །ཤི་ནས་ལུས་ཀྱང་ཤ་ཡི་ཕུང་པོར་གཏོར། །ང་ཞེས་གཅེས་པར་མཐོང་བའི་རྫུན་ཕུག་རྡིབ། །ཉེར་མཁོ་སྙམ་པའི་ཆོས་མཐུན་ཡོ་བྱད་ཀྱང་། །རྡོ་ཡིས་བརྡུངས་ནས་རླུང་ལ་བསྐུར་སྙིང་འདོད། །ཅེས་དང་། དྷརྨ་རཀྵི་ཏས། རང་རྒྱུད་མ་གྲོལ་ཤེས་པ་མང་པོས། །སླར་ཡང་རང་རྒྱུད་རིང་བའི་རྒྱུ་ལས། །རང་གཞན་གང་ལ་ཕན་ཐོགས་མི་འདུག །སྤྲང་པོས་མང་པོའི་ཡིག་སྣ་མི་གསོག །དབེན་པར་རང་སེམས་དཔང་བཙུག་མ་གཏོགས། །ཚིག་མཐའ་མི་དེད་བླ་མ་དཀོན་མཆོག །ཅེས་དང་། རྒྱ་ཆེ་གྲངས་མང་ཆོས་ཀྱི་སྙིང་པོ། །རྩ་བ་རང་སེམས་གྱོང་པོ་འདི་ཉིད། །འདུལ་ཐབས་གཅིག་པུ་ལས་གཞན་མི་འདུག །སྤྲང་པོའི་ཐུགས་དམ་རྣམ་གྲངས་མི་མང་། །བླ་མའི་གདམས་ངག་ཚིག་གསུམ་མ་གཏོགས། །འཁྲུལ་བ་མི་གསོག་བླ་མ་དཀོན་མཆོག །ཅེས་དང་། རིག་འཛིན་འཇིགས་མེད་གླིང་པས། མི་མེད་ཀྱི་ལུང་པར་བཤེས་མེད་རིག་པའི་གྲོགས་དང་འགྲོགས་ནས་གནས་ལུགས་མ་བཅོས་པ་ལ་རྒྱུན་སྐྱོང་བར་དམ་བཅའ་བཟུང་ནས། སྤང་ལ་བེ་ཕུར་བཏབ་པ་བཞིན་ལྷན་ནེར་སྡོད་ཚུགས་པ་ཞིག་དགོས། བཟང་ངན་རེ་དོགས་ཀྱི་གཏམ་ལ་བདེན་འཛིན་དགག་སྒྲུབ་མི་བྱ་བར་མི་ཤི་བའི་ཤུལ་གྱི་གཏམ་བཞིན་ཅི་ལབ་ལབ་ཏུ་བཅུག་དགོས། ཆོས་རྣམ་དག་སྒྲུབ་པ་ལ་མཚན་ལྡན་གྱི་བླ་མ་མ་གཏོགས་བསླབ་བྱ་དྲང་པོ་བཤད་མཁན་རང་གི་ཕ་མ་ཡིན་ཡང་མི་ཡོང་བས་རང་ཚོད་རང་གིས་བཟུང་། སུས་ཀྱང་ཁ་ལ་མི་ཉན་རི་དྭགས་རྒྱ་ནང་ནས་ཤོར་བ་ལྟ་བུ་ཞིག་དགོས། གཏམ་ངན་དང་རྐྱེན་ངན་བྱུང་བའི་ཚེ་སེམས་ལ་འཁྲིགས་མི་ཚུད་པ་སྨྱོན་པ་འུར་ལང་བ་ལྟ་བུ་ཞིག་དགོས། མི་མང་དང་ལྷན་ཅིག་གནས་པའི་ཚེ་དྲན་པ་ཐ་མལ་དུ་མ་ཡེངས་པར་མ་གསར་གཅེས་ཕྲུག་དང་བྲལ་བ་ལྟ་བུ་ཞིག་དགོས། ལྷ་སྐུ་དང་དག་དྲན་སྒོམ་པའི་ཚེ་སྣང་སྲིད་དག་པ་རབ་འབྱམས་སུ་བསླབ་པ་ཞིག་དགོས། རླུང་དང་རྫོགས་རིམ་སྒོམ་པའི་ཚེ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་གྲིམ་ཆ་བག་ཡངས་སུ་མ་སོང་བ་ཞིག་དགོས། འཆི་བ་ཐོག་བབ་བྱུང་ཡང་སྐྱོ་སུན་དང་བློ་ལྷག་མེད་པ་བྱ་རྒོད་ནམ་འཕང་ཆོད་པ་ལྟ་བུ་ཞིག་དགོས། དགོས་པ་བརྒྱད་དང་ལྡན་པ་ཞིག་བྱུང་ན་རྒྱལ་བ་གོང་མའི་གྲུབ་མཐའ་སྙོགས་ཤིང་། བདག་གི་བསམ་པ་རྫོགས་པ་ལགས་སོ། །ཁྱོད་ཀྱི་མི་ལུས་ཐོབ་པའི་དོན་ལྡན་ནོ། །དམ་པའི་ཆོས་སྒོར་ཞུགས་པའི་འབྲས་བུ་འབྱུང་བ་ཡིན་ནོ། །ཞེས་དང་། ཕ་དམ་པས། ཐོས་པའི་དུས་ཁྲ་ཚང་མས་ཟས་ཚོལ་བ་ལྟ་བུ་ཞིག་དགོས། བསམ་པའི་དུས་བྱང་པའི་ལུག་འབྲེག་པ་ལྟ་བུ་ཞིག་དགོས། སྒོམ་པའི་དུས་ལྐུགས་པའི་རོ་མྱོང་བ་ལྟ་བུ་ཞིག་དགོས། འབྲས་བུའི་དུས་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུ་ཞིག་དགོས། གསུངས་པ་ལྟར་རང་ནུས་ལྡན་དུ་མ་གྱུར་བར་གཞན་གྱི་འགྲོ་དོན་མི་འབྱུང་སྟེ། གདམས་ངག་སྒྲོན་མེ་ལག་བརྒྱུད་དང་འདྲ། རང་གསལ་ཙ་ན་གཞན་མི་གསལ། གདམས་ངག་ཐམས་ཅད་བུམ་པ་གང་བྱོ་དང་འདྲ། གཞན་གང་རྩ་ན་རང་སྟོང་པར་འགྱུར། ཞེས་གསུངས་པ་ལྟར། རང་དོན་མ་འགྲུབ་བར་གཞན་དོན་སྒྲུབ་ལོ་གཟུགས་བརྙན་ཙམ་ལས་མི་འབྱུང་བས། འགྲོ་དོན་སྔ་རྩོམ་བྱེད་མི་ཉན་ཞིང་རང་དོན་འགྲུབ་ནས་བཟུང་ཉིན་མཚན་དུས་དྲུག་རེར་སེམས་ཅན་ལ་སྙིང་རྗེ་བསྐྱེད་ཅིང་གང་ལ་གང་འདུལ་གྱི་འགྲོ་དོན་རྩོམ་པར་བྱ་དགོས་ཏེ། རྡོར་སེམས་ལས། བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་སྒྲུབ་པར་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནའི་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱེད་ནི་དཔང་པོར་འཚལ། །ཞེས་དང་། ན་རག་བསྐང་བཤགས་ལས། སྦྱིན་དང་སྙན་སྨྲ་དོན་མཐུན་དོན་སྤྱོད་སོགས། བསྡུ་བ་རྣམ་པ་བཞི་ཡི་དཔུང་འགྲོགས་ནས། །ཐབས་ལ་མཁས་པའི་རྣམ་གྲངས་དཔག་མེད་ཀྱིས། །རང་སྐལ་གང་ལྡན་ཆོས་ཀྱི་ཆར་འབེབས་ཏེ། །ཕ་མ་འགྲོ་དྲུག་འཁོར་བ་ལས་བསྒྲལ་ཞིང་། །མ་རིག་མུན་པའི་སྒྲོན་མེ་བྱེད་པར་ཤོག །ཅེས་དང་། སྤྱོད་འཇུག་ལས། དངོས་སམ་གཞན་དག་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱོད། །ཅེས་དང་། མདོ་སྡེ་རྒྱན་ལས། མགོ་ལ་སེམས་ཅན་ཁུར་ཆེན་ཁུར་ནས་ནི། །སེམས་དཔའ་ཆེ་རྣམས་དལ་གྱིས་འགྲོ་མི་མཛེས། །བདག་གཞན་མ་ལུས་འཆིང་བ་ཀུན་ལྡན་ལ། །བརྩོན་པ་བརྒྱ་འགྱུར་དུ་ནི་བསྐྱེད་པར་རིགས། །ཞེས་དང་། ཀྱེ་མ་ཀྱེ་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བའི་རྒྱལ་ཚབ་སྲས་དང་བཅས་པ་རྣམས། །སྙིགས་མའི་འགྲོ་ལ་བརྩེ་བས་ལྷག་པར་དགོངས། །བསྟན་པ་རིན་ཆེན་སྒྲོན་མེ་གསལ་དུ་གསོལ། །ཞེས་པ་ལྟར། མ་གྱུར་སེམས་ཅན་རྣམས་སྡུག་བསྔལ་རྒྱུ་འབྲས་གཉིས་དང་ཡོངས་སུ་བྲལ་ཏེ། བདེ་བའི་རྒྱུ་འབྲས་གཉིས་དང་ལྡན་པའི་ཕྱིར་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སོགས་དངོས་བརྒྱུད་བར་གསུམ་ནས་འབད་པས་ཕན་ཅི་ཐོགས་གང་ཐོགས་བྱེད་དགོས་པ་ཡིན་ནོ། །ཞེས་པ་འདིའང་བཀའ་དང་དགོངས་འགྲེལ་ཟབ་རྒྱས་དུ་མར་བཞུགས་ཀྱང་མཐོང་ཐོས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་བློ་དམན་རྣམས་དང་། ཁ་ཅིག་གོ་ལོ་ཤེས་ལོ་སྒྲུབ་ལོ་ཙམ་གྱིས་ཆོག་ཤེས་པར་བཟུང་བ་དང་། ཁ་ཅིག་ཐོས་བསམ་ཤེས་རབ་བརྩོན་འགྲུས་རབ་ཏུ་གཞོལ་བ་རྣམས་ལ་དགོས་གལ་ཆེ་བ་འགའ་ཞིག་མཐོང་སྟེ་རི་ཆོས་རྩ་བའི་ས་བཅད་ལས་ཅུང་ཟད་འགྲེལ་ཏེ་རྒྱས་བསྡུས་འཚམས་པ་གོ་སླ་གཙོ་བོར་བཟུང་སྟེ་རྒྱུད་ལུང་མན་ངག་འགའ་རེའི་སྙིང་པོ་དམར་རྗེན་དུ་བསྟན་པ་འདི་ཡང་གྲུབ་སྲས་མིང་པས་ལྷག་བསམ་བཟང་པོ་དང་བཅས་གྲུབ་རི་ངོ་མཚར་སྨན་ལྗོངས་སུ་སྦྱར་བ་འདིས་ཀྱང་རྗེས་འཇུག་རྣམས་ཀྱིས་ཐོས་བསམ་སྒོམ་པར་བྱ་བའི་གསོས་སུ་ཅུང་ཟད་འགྱུར་བར་ཤོག་ཅིག། །།}}
༄༅། །མཆོག་ཐུན་གྱི་མངའ་བདག་བླ་མ་ལ་ཕྱག་འཚལ་ནས་རྩོམ་པ་མཐར་ཕྱིན་པ་དང་དོན་དང་ལྡན་པར་ཤོག །ཅེས་དམ་བཅས་ནས་རི་ཆོས་རྩ་བའི་ས་བཅད་ལས་ཅུང་ཟད་འགྲེལ་ན། ཐོག་མ་མེད་པ་ནས་འཁྲུལ་པའི་གོམས་སྟོབས་ཀྱི་དབང་དུ་སོང་སྟེ་དམ་ཆོས་སྒྲུབ་པ་ལ་བར་ཆད་ཁོ་ནའི་དབང་དུ་དུས་འདའ་སྟེ་ཆོས་ཀྱི་ཕྱོགས་ལ་བག་ཆགས་མེད་པ་ཆོས་མིན་གྱི་ཕྱོགས་ལ་རྣམ་པར་གཡེང་བའི་རང་བཞིན་ཏེ། ཚེ་སྟོད་སྨད་དང་ཉིན་ཞག་རེར་དགེ་བ་སྒྲུབ་དབང་མེད་པ་བར་ཆད་སོང་བའི་རང་བཞིན་ལ་སོམས་དང་། རུ་ཏྲའི་སྨྲེ་བཤགས་ལས། ཁམས་གསུམ་གྲངས་མེད་སྐྱེ་ཤི་ཁ་བརྒྱུད་དེ། །བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཞེས་དང་། ཨོ་རྒྱན་ཆེན་པོས། ཡུན་ཐུང་ཚེ་ཡི་ཕྱེད་ཆ་གཏི་མུག་གཉིད། །ཕྱེད་ཆ་སུམ་གཉིས་རྣམ་གཡེང་འདུ་འཛིའི་ལས། །ཕྱེད་ཆ་གཅིག་ལ་བར་ཆད་རྐྱེན་དབང་མང་། །དེ་ཕྱིར་འདུ་བྱེད་མི་རྟག་སྤྲིན་ལྟར་གཡོ། །ཞེས་གསུངས་པ་ལྟར་མདོར་ན་ལྟོ་འབོལ་བ། སྦྱིན་བདག་ལེགས་པ། གོས་དྲོ་བ། སྡོད་གནས་སྐྱིད་པ། གཏམ་སྙན་པ། མི་ཆོས་དང་མཐུན་པ་ཞིག་གི་སྟ་གོན་བྱས་ཕན་ཆད་ཆོས་མ་འགྲུབ་གོང་ནས་བདུད་གྲུབ་ཚར་བ་ཡིན་གསུངས་པ་མ་ཟད། གྲོགས་གསུམ་འདུས་ན་ཆགས་སྡང་རྩོད་པ་འཕེལ། གཉིས་འདུས་ན་གཏམ་འཕེལ། གཅིག་པུར་དགེ་སྦྱོར་འཕེལ་ཤས་ཆེ་བ་དང་། དེ་བཞིན་དུ་འདུག་པའི་གནས་ཡུལ་མ་དབེན་ན། ཚོགས་དྲུག་གི་སྣང་བ་མི་དབེན། སྣང་བ་མ་དབེན་ན་སྒོ་གསུམ་ངན་གོམས་ཀྱི་རྗེས་སུ་འབྲང་འགྲོ་བས། ལུས་ངག་བག་མི་ཕེབས། ལུས་ངག་བག་མ་ཕེབས་ན་སེམས་ངོ་མི་འཕྲོད་པའམ་ཞི་བར་ནམ་ཡང་མི་གནས། སེམས་ཞི་བར་མ་གནས་ན་རྟོགས་པ་ལྷད་མེད་ངོ་མི་འཕྲོད་ཅིང་དྭངས་ཆ་འབྱིན་ནས་གཏན་སྲིད་ཟིན་མིན་སོགས་ཀྱི་སྐྱོན་ཡོན་གྱི་གནད་འགག་གལ་པོ་ཆེ་ཡོད་པ་དང་། མ་ཟད་སེམས་གཡེང་བའི་དགེ་སྦྱོར་ཐམས་ཅད་ནི་རྩ་བ་རུལ་བའི་སྡོང་པོ་དང་འདྲ། ནང་ན་མེད་པ་ཕྱིའི་གཟུགས་བརྙན་ཙམ་ཡིན་པར་གསུངས་པས་སོ། །དེས་ན་གནས་དབེན་ཞེས་པ་ནི། ཡུལ་པས་རྨོས་རྨོ་ས་བོན་འདེབས་སྟོན་ཐོག་བརྔ་རྡུང་གི་ལས་ཀྱིས་དབྱར་དགུན་ཅུང་ཟད་དལ་སྲིད་ན་ལས་མེད། འབྲོག་པས་ཟོག་ལུག་འཚོ་སྐྱོང་འོ་མ་བཞོ་དཀྲུག་སོགས་ཀྱི་ལས་ཀྱིས་དགུན་དཔྱིད་གཉིས་ཅུང་ཟད་དལ་སྲིད་ན་ལས་མེད་པས་སྙིགས་དུས་འདིར་དེ་དག་ལ་སོགས་སྤང་བ་གལ་ཆེ་སྟེ། གླང་ཆེན་སྐར་ཁུང་ནས་ཐར་ཡང་གླང་མཇུག་སྐར་ཁུང་ནས་མི་ཐར་ཟེར་བའི་དཔེ་ལྟར་དང་། རིག་འཛིན་འཇིགས་མེད་གླིང་པས། ཁྱིམ་ཆུང་སྤངས་ནས་ཁྱིམ་ཆེན་འགྲིམས། །དགེ་སྦྱོར་ཀླ་ཀློའི་ཆོས་ལུགས་ཅན། །དེ་ཡི་རྣམ་བཞག་རང་ས་རུ། །བརྗོད་ན་ངོ་ཚ་ཆེ་བའི་ཕྱིར། །ཞེས་གསུངས་པ་ལྟར་མདོར་ན་མི་ཁྱིའི་སྒྲ་སྐད་མེད་པ་སྔར་གྱི་ས་རྒྱུས་མེད་པའི་གནས་ལུང་སྟོང་དབེན་པར་སོང་ལ། ལུས་ཀྱིས་གནས་ཁང་གཟབ་པ། ཤིང་བཏུ་བ། མེ་དུས་གྲངས་འབུད་པ། ཕན་ཚུན་འགྲོ་བ་སོགས་མི་བྱ་བར་ལུས་རི་བོ་ལྟ་བུར་ལྷོད་ཆགས་པར་འདུག །ངག་ཀྱང་རིང་བཅད་བྱེད་པའམ། མིན་ཀྱང་ཐུན་སྒང་པོར་བཅད་ཅིང་། ཅུང་ཟད་བཤད་དགོས་གལ་སྲིད་བྱུང་རུང་ཚིག་རེ་གཉིས་ནང་འདུས་པ་ལས་མི་བཤད་པར་ངག་ལྐུགས་པ་བཞིན་བསྡམས་ནས། ཡིད་ཀྱིས་དགྲ་འདུལ་གཉེན་སྐྱོང་སྔོན་བསུ་རྗེས་དཔྱོད་ག་ལ་བྱེད་དེ། ཆོས་ཀྱི་ཕྱོགས་ནས་རྟོག་དཔྱོད་བསམ་གཞིག་མང་པོ་མི་བྱེད་པར་ཡིད་ནམ་མཁའ་སྤྲིན་ཐག་ཆད་པ་བཞིན་དུ་བཞག་དགོས། གསང་རྒྱུད་ལས། ལུས་ངག་ཡིད་ཀྱི་བྱ་བ་དགུ་ཕྲུགས་སྤང་། །དལ་བ་བརྟེན་ཅིང་དབེན་པ་བསྒྲུབས་པར་བགྱི། །ཞེས་གསུངས་པ་ལྟར། ལུས་ཀྱི་བྱ་བ་གསུམ་ནི། དང་པོ་ལུས་ཕྱི་ཡི་བྱ་བ་སོ་ནམ་དང་འཁྲུགས་རྩོད་འཇིག་རྟེན་བྱ་བ་ཐ་དག་སྤང་། ནང་གི་བྱ་བ་ཕྱག་བསྐོར་ཆོས་སྤྱོད་སྤང་། གསང་བའི་བྱ་བ་གླུ་གར་ལ་སོགས་པ་སྤང་། མདོར་ན་གྲོགས་མེད་གཅིག་པུར་གནས་པར་བྱའོ། །ངག་གི་བྱ་བ་གསུམ་ནི། ངག་ཕྱི་ཡི་བྱ་བ་ཐ་མལ་གྱི་འཁྲུལ་གཏམ་སྤང་། ནང་གི་བྱ་བ་རོལ་མོ་དང་མཆོད་བསྟོད་ཐམས་ཅད་སྤང་། གསང་བའི་བྱ་བ་བསྙེན་སྒྲུབ་བཟླས་བརྗོད་སྤང་། དཔེར་ན་ལྐུགས་པ་ལྟ་བུར་གནས་པར་བྱའོ། ཡིད་ཀྱི་བྱ་བ་གསུམ་ནི། ཡིད་ཕྱི་ཡི་བྱ་བ་འཁྲུལ་རྟོག་ཐམས་ཅད་སྤང་། ནང་གི་བྱ་བ་བསྐྱེད་རིམ་ལྷ་བསྒོམ་པ་སྤང་། གསང་བའི་བྱ་བ་རྫོགས་རིམ་སེམས་འཛིན་སྤང་། དཔེར་ན་སེམས་སྤྲིན་བྲལ་ནམ་མཁའ་ལྟ་བུའི་ངང་ལ་བཞག་པས་བྱ་བ་དགུ་ཕྲུགས་སུ་སྤང་བར་བྱའོ། །ཟས་ཀྱི་རིགས་སྡིག་པ་ཆེ་ཞིང་འཁོར་བ་པ་རྣམས་ཟས་གོས་བཀྲེན་དོགས་ཀྱིས་འབད་རྩོལ་འདུ་འཛི་རྣམ་གཡེང་ཁོ་ནས་འབྱམས། ཆོས་པ་རྣམས་དེ་བཞིན་བར་ཆད་དང་ཉོན་མོངས་འཕེལ་ཞིང་བྱིང་རྒོད་རྨུགས་འཐིབས་ཀྱི་རྒྱུར་འགྱུར་བས་དགེ་སྦྱོར་བྱེད་པའི་གྲོགས་ཁྱད་པར་ཅན་ནི་ཟས་གོས་བཀྲེན་པོ་བྱེད་པ་གལ་ཤིན་ཏུ་ཆེ་བས། དེས་ན་ལྟོ་ཡི་ཕྱེད་ཆ་ཟས། ཕྱེད་ཆ་སྐོམ། ཕྱེད་ཆ་སྟོང་པར་བཞག་ནས་ཟས་སྐོམ་ལ་ཉིན་གཅིག་བྲེ་ཕུལ་ནས་གཞལ་བ་ལྟ་བུར་བྱེད། ལུས་གྲང་ནད་ཀྱིས་མི་བཟུང་བ་དང་མི་འཁྱག་པའི་ཕྱིར་ཙམ་ཡིན་པས་གོས་སླག་གཅིག་གཉིས་ཀྱིས་ཆོག་པར་བྱ། བྱེ་བྲག་ལུས་ཀྱི་སྨད་དུ་དྲོ་བར་གྱོན་སྟོད་བསིལ་བར་བྱས་པས་དགེ་སྦྱོར་འཕེལ་ཆེ། མི་ཚེ་ལ་གོས་ལྷམ་གཅིག་གཉིས་ཆོག་ཤེས་བཟུང་། གཉིད་ཀྱང་དུད་འགྲོའི་རྒྱུ་ཡིན་པ་དང་། ཚེ་རབས་ནས་གཉིད་ཀྱང་ཟིན་པ་མེད་པ་ཚེ་ཕྱེད་ཤི་མིན་རོ་མིན་དུ་འགྱུར་བ་དང་། ཆོས་ལ་བར་དུ་གཅོད་པའི་གེགས་ཆེན་ཡིན་པས། མཚན་མོ་མ་ཟད་ཉིན་སྒང་པོར་གཉིད་ཀྱང་གཉིད་འདོད་ཇེ་ཆེ་ལས་ཡོང་རྒྱུ་མེད་ངེས་པས། དེས་ན་ཐུན་སྒང་དུ་གཉིད་དུ་ཅུང་ཟད་མི་ཡོལ་བཟང་ངན་གང་སློབ་ལ་རག་ལས་པས་ན། མཚན་གཞུང་གཉིད་ཐུན་རིང་བ་ཞིག་ལོག་པ་ལས་དེ་མིན་ཐུན་དུ་བཅད། ཁྱད་པར་གཉིད་འོད་གསལ་ལ་རྩལ་སྦྱང་བར་བསླབས་ནས་གཉིད་སྲང་དུ་གཅུར། ཐུན་ཚོད་ཀྱང་ཐོ་རང་བྱ་དང་པོ་གྲགས་ཚོད་ལ་ལངས་ནས། ཉི་མ་ཤར་དྲོས་བར་དང་། དེ་ནས་ཉིན་གུང་བར་དང་། ཕྱི་དྲོ་ནས་ཉི་མ་རི་རྩེ་ལས་མ་བཞུད་བར་དང་། དེ་ནས་མུན་རུབ་ནས་ཉལ་ཕྱི་ཙམ་དུ་ཐུན་བཟུང་། ནམ་ཟླ་དུས་བཞི་ཉི་མ་ཆུ་ཚོད་ཀྱི་ཚོད་ཉིན་གཅིག་བཞིན་བཟུང་སྟེ། ཉིན་གུང་གི་ཐུན་མཚམས་རྣམས་སུ། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་བཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་གསུངས་པ་ལྟར་ཆོས་སྤྱོད་བཅུ་པོ་གང་རུང་ལ་སྐབས་སྐབས་སུ་ཇི་ལྟར་འོས་པ་ནན་ཏན་དུ་སྤྱད་པ་བྱ་དགོས་ཤིང་། དེ་ལྟ་བུ་དམ་བཅའ་མི་ཉམས་པ་བཟུང་བའི་ཕྱིར་རྒྱལ་ཆེན་བཞི་ལ་ཕྲིན་ལས་བཅོལ། ཐོ་འཛུགས་ནས་བཟུང་བསྐྱེད་པའི་ཕ་བྱུང་ཡང་དམ་བཅའ་མི་ཧྲལ་འཁྲུལ་བའི་ལས་མི་བྱེད། དེ་ལྟ་བུའི་དམ་བཅའ་དེ་ཤ་སེན་མོས་བཏོག་སྟེ་བསད་ཀྱང་དེ་ལས་མི་འགལ་བ་བྱ་སྙམ་སྟེ་རྒལ་ཚིགས་བྲག་ལ་སྦྱར། ངོ་ནག་སྐྲ་ནག་གིས་རྩེ་གཅིག་གནས་དགོས་ཏེ། ཇི་སྐད་དུ། ཚོགས་ལས་བསྲིང་ཞིང་ཞི་ལ་རབ་ཏུ་མོས། །ནམ་མཁའི་རླུང་བཞིན་རྙེད་ལ་མི་ཆགས་ཤིང་། །གྲོགས་མེད་རི་དྭགས་བཞིན་དུ་གཅིག་པུར་རྒྱུ། །དེ་དག་གིས་ནི་བྱང་ཆུབ་རིང་བར་མིན། །ཞེས་དང་། འཇིགས་གླིང་པས། སྔོན་བྱོན་འཕགས་པའི་རྣམ་འཕྲུལ་གྲུབ་རྣམས་ཀྱིས། །མཛད་ཕྲིན་ནམ་མཁའི་ཕ་མཐའ་བརྡལ་བ་ལ། །སྐྱིད་འདོད་ཆོས་བརྒྱད་བྱ་བའི་སྒྲ་མི་གྲགས། །འཁོར་འདས་བྲག་ཕུག་ནང་དུ་རུ་ཤན་ཕྱེད། །ཅེས་དང་། ད་ནི་འདུ་འཛིའི་སྒོ་བརྒྱ་འབྱེད་པའི་སྐབས། །སྐུ་གསུང་ཐུགས་རྟེན་བཞེངས་དང་འཁོར་སློབ་སྐྱོང་། །ཆོ་ག་སྒྲུབ་མཆོད་འཛུག་སྤེལ་རྒྱུན་རྣམས་ཀྱང་། །སྔོན་ཆད་གྲུབ་རྣམས་བསྟན་པའི་ཞབས་ཏོག་རློམ། །ཞེས་དང་། དྷརྨ་རཀྵྀ་ཏས། ལོག་འཚོའི་སྒྲུབ་པའི་རྟེན་གསུམ་དེ། །བདག་འཛིན་རེ་དོགས་འཆིང་བའི་རྒྱུ། །གཉུག་མ་དོན་གྱི་ཆོས་སྐུ་ལས། །བྱ་བྱེད་མ་མང་སྙིང་གཏམ་ཡིན། །ཞེས་གསུངས་པ་ལྟར། མདོར་ན་བདག་ཅག་གི་བླ་མ་རིན་པོ་ཆེ་གྲུབ་དབང་ཤྲཱིའི་མཚན་ཅན་དེ་ཉིད་ནི་དང་པོ་སྐུ་བལྟམས་པ་དང་། བར་དུ་ཆོས་འཁོར་བསྐོར་བ་དང་། མཐར་སྐུ་གཤེགས་པའི་ཉམས་ཙམ་བསྟན་པ་ལས། སྒྲུབ་པ་ལ་དཀའ་སྤྱད་དང་བརྩོན་འགྲུས་ཚད་བཟུང་དུ་མི་བཏུབ་པ་མ་ཟད་ཉམས་དང་རྟོགས་པ་ལ་འཕོ་འགྱུར་དང་འཕེལ་འགྲིབ་ཅུང་ཟད་ཙམ་མེད་པ་ཐོག་མཐའ་བར་མེད་སངས་རྒྱས་ཉག་གཅིག་གི་ངོ་བོར་བཞུགས་པ་དང་། རིག་འཛིན་འཇིགས་མེད་གླིང་པ་དཔལ་གྱི་རི་ལ་བཞུགས་སྐབས་ཀྱང་ལོ་གསུམ་གྱི་རིང་ལ་ཟས་ལ་མང་ཉུང་མེད། གོས་རས་གཟན་གཅིག་ཁོ་ནས་འཁྱོལ་བར་བྱས། བུག་སྒོར་ངག་ཚིག་གཅིག་བཏང་བ་མེད། ནང་ན་མཚམས་གཡོག་ཡོང་བའི་སྐབས་བུག་སྒོ་ནང་མ་ལས་འདའ་ས་མེད། འཁོར་བ་ལ་ངེས་འབྱུང་དང་སྐྱོ་ཤས། ནམ་འཆི་ཆ་མེད་ཀྱི་བློ་དུང་ངེ་སྐྱེས་པ་ལས་ངག་འཆལ་དང་རང་བཞིན་གྱི་འཕྲོས་གཏམ་ཕྲན་བུ་ཙམ་ཡང་ལབ་ས་མེད་ཅེས་གསུངས་པ་ལྟར། ཁོ་བོས་ཀྱང་ལོ་བཅུ་གཉིས་ཀྱི་རིང་ལ་དཀའ་སྤྱད་དང་སྙིང་རུས་བརྩོན་འགྲུས་དང་ཉམས་ལེན་དེ་ལྷག་ལས། མི་ཞན་པ་བྱས་ཁུལ་ཡིན་པས་ན། ངོས་ཀྱི་རྗེས་སུ་ཞུགས་པའམ། སྒྲུབ་ལ་གཞོལ་ཞིང་དབེན་ཁྲོད་བརྟེན་མི་རྣམས་མཚམས་ཀྱི་མིང་བཏགས། སྒོ་དྲུང་ཐོ་བརྩེགས། རྣམ་རྟོག་རྒྱ་འབྱམས་སུ་ཤོར། ཕྱི་རོལ་དུ་ཐག་ཟེར་ན་བྱ་ར། ཅ་ཅོ་སྒྲོགས་ན་རྣ་ཉན། བུག་སྒོར་མི་དང་འཕྲད་ན་རྒྱ་བོད་ཧོར་གསུམ་གྱི་གཏམ་བརྗོད་གླེང་བ་སོགས་ཚོགས་དྲུག་ཡུལ་ཕྱིར་སོང་བ། མཚམས་ཀྱི་གཡང་ཤོར། སྣང་བ་ཡུལ་ཕྱིར་འབྲངས་པ། དངོས་གྲུབ་ཕྱི་རུ་ཡལ་བ། བར་ཆད་ནང་དུ་འགུགས་པ། བློ་ལང་ཤོར་དུ་ཐལ་བའི་ངང་ལོ་མཚམས་ཟླ་མཚམས་ཀྱི་ཞག་གྲངས་རྫོགས། ཤེས་རྒྱུད་སྔར་ལས་སྤུ་གང་གི་བཟང་དུ་མ་སོང་བར། མཚམས་ཐ་མལ་དུ་གྲོལ་བ་དེ་ནམ་ཡང་མ་བྱེད་པར་སྙིང་ལ་རུས་པ་བསྐྱེད། དགའ་རུང་། སྡུག་རུང་། ན་རུང་། ཚ་རུང་། ཤི་རུང་དམ་བཅའ་དེ་ལས་མི་འདའ་བར་ཚེ་དང་སྒྲུབ་པ་མཉམ། སྒྲུབ་པའི་རྒྱལ་མཚན་ཚུགས་པ་ཞིག་བྱ་དགོས་ཞེས་གསུངས་པ་ལྟར་རང་རེ་སྒྲུབ་པ་དབེན་ཁྲོད་བརྟེན་མི་རྣམས་ནས་དེ་བཞིན་བྱ་དགོས་ཤིང་། དེ་ནས་ཐོ་རངས་གཉིད་སད་པ་དང་ཉལ་བའི་བདེ་བ་ལ་མི་ཆགས་པར་ཧར་གྱིས་ལངས་ལ། མཁའ་དབྱིངས་ནས་རྩ་བའི་བླ་མ་དཔའ་བོ་མཁའ་འགྲོས་ཨཱ་ལི་ཀཱ་ལི་དང་ཌཱ་མ་རུའི་སྒྲ་བསྒྲགས་པས་གཉིད་སད་པར་བསམ། གནས་ཁང་ཟངས་མདོག་དཔལ་རི། རང་ལུས་རྡོ་རྗེ་རྣལ་འབྱོར་མ་གསལ་བཞིན། རཏ་གླིང་ཐུགས་སྒྲུབ་ལས་བྱུང་བའི་གཏི་མུག་གཉིད་དཀྲོགས་འདོན་བསྒོམ་བྱ། དང་པོ་ཐུན་གྱི་སྔོན་འགྲོ་ལུས་གནད་ནི་རྡོ་རྗེ་སྐྱིལ་ཀྲུང་བཅས་པས་ཐུར་སེལ་གྱི་རླུང་ཟིན། ལག་མཉམ་བཞག་བྱས་པས་མཉམ་པ་ཉིད་ཀྱི་རྟོགས་པ་སྐྱེ། རྒལ་ཚིགས་མདའ་ལྟར་བསྲང་བའམ་རྐང་པ་ཉག །ལྟོ་བ་ཐེར་བྱས་པས་རྩ་དབུ་རྐྱང་རོ་གསུམ་དྲང་ཞིང་མེ་མཉམ་རླུང་ཟིན་དྲོད་སྐྱེ། ལུས་སེམས་བདེ། དཔུང་པ་རྒོད་གཤོག་ལྟར་བརྒྱངས་པས་ལས་རླུང་དབུ་མར་ཚུད་ཅིང་མི་རྟོག་ཡེ་ཤེས་འཆར། མགྲིན་པ་ཡིད་ཙམ་དགུགས་པས་གྱེན་རྒྱུའི་རླུང་ཟིན་ཅིང་རྩ་མདུད་གྲོལ། ལྕེ་ཡ་རྐན་ལ་སྦྱར་བས་ཐིག་ལེ་སྤྱི་བོར་འཆིང་། མིག་སྣ་རྩེ་ལ་ཕབ་པས་ཡེ་ཤེས་འཆར་བ་སྟེ་བདུན་ནོ། །རླུང་རོ་བསལ་བ་ནི། གཡོན་རྡོ་རྗེ་ཁུ་ཚུར་གྱིས་བརླའི་རྩ་བོ་ཆེ་མནན། གཡས་རྡོ་རྗེ་རྩེ་གསུམ་པའི་རྒྱས་སྣ་བུག་གཡས་བཀག །གཡོན་པ་ནས་རླུང་དལ་བུས་རྔུབ་སྟེ། འོག་ཏུ་ཆིལ་གྱིས་མནན། བདག་གི་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དང་། བྱིང་རྒོད་རྨུགས་འཐིབ་བཞི་རླུང་ནག་པོའི་རྣམ་པར་ཕྱིར་འགྲོ་བར་བསམ་ལ་རླུང་འཕེན་དུས་དང་པོ་ཆུང་། བར་དུ་ཆེ། ཐ་མར་ནར་གྱིས་ལྷག་ལུས་མེད་པར་འཕངས། དེ་བཞིན་ལག་གཡས་གཡོན་བརྗེ་བ་དང་། དགུ་སྤྲུག་སྐབས། ལག་གཉིས་བརླ་རྩ་མནན་ནས་དབུས་གཡས་གཡོན་བཅས་ལན་གསུམ་རེ་དེ་ལྟར་སྤྲུག་ནས་རང་བབ་བཞག །དེ་ནས་ངག་འདོན་བཞིན། ཨོཾ་ཨཱཿཧཱུྃ། ལྕེ་དབང་རཾ་ཡིག་སོགས་འདོན་བསྒོམ་བྱ། དེ་ནས་སེམས་གནད་ནི། དགེ་མི་དགེའི་རྟོག་པ་གང་སྐྱེས་ཉམས་དཔྱད་པ་དང་། དད་དང་དག་སྣང་ངེས་འབྱུང་བྱང་སེམས་སྐྱེས་འདུག་ན། དགའ་བ་བསྒོམ། ཆགས་སྡང་གཡོ་སྒྱུ་ལོག་ལྟ་སོགས་དྲན་འདུག་ན་འགྱོད་པ་བསྐྱེད། མཚན་གཉིད་གཏིང་རིང་གི་སྐབས་དང་སད་མ་ཐག་འདི་ལྟར་དྲན་འདུག་ན་ང་ཆོས་པ་མི་འོང་ངོ་མ་རེད་བསམས་ནས་ལུང་མ་བསྟན་གྱི་ཀུན་སློང་བཅས་བཟང་པོར་བཅོས། བཟང་པོའི་ཀུན་སློང་དེའང་ཚེ་འདིའི་ནད་གདོན་སོགས་ལས་སྐྱོབ་ཕྱིར་དང་རྙེད་བསྟོད་སོགས་འགྲུབ་འདོད་ཀྱི་ཀུན་སློང་སྤང་། ཚེ་ཕྱི་མ་ངན་སོང་གསུམ་གྱི་འཇིགས་པ་སྐྱོབ་ཙམ་དང་། མཐོ་རིས་ལྷ་མིའི་བདེ་བ་སྒྲུབ་འདོད་སྐྱེས་བུ་ཆུང་ངུའི་ཀུན་སློང་། རང་ཉིད་ཁོ་ན་ཙམ་རིགས་དྲུག་གི་སྡུག་བསྔལ་ལས་ཐར་ཏེ་ཞི་བ་ཉན་རང་གི་གོ་འཕང་དོན་གཉེར་གྱི་ཀུན་སློང་བཅས་ཡོངས་སུ་སྤང་དགོས། འདི་ལྟར་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཞིང་། བདེ་བའི་རྒྱུ་འབྲས་གཉིས་དང་ལྡན་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཁོ་ན་ལ་འགོད་པར་བྱ། དེའི་ཆེད་དུ་དགེ་བ་འདི་དག་བསྒྲུབ་པར་བྱའོ་སྙམ་དགོས་ཏེ། འདི་ནས་མ་འཕྱུགས་ན་ཅི་བྱས་ཐེག་ཆེན་བྱང་ཆུབ་ཆེན་པོའི་རྒྱུར་འགྱུར་བ་ཞིག་གོ། །འདི་ནས་འཕྱུགས་ན་སྒོམ་ཉིན་མཚན་འདྲེས། མངོན་ཤེས་དང་རྫུ་འཕྲུལ་ལྡན། ཡི་དམ་ལྷའི་ཞལ་གཟིགས། མཁའ་འགྲོས་ལུང་བསྟན། བསྙེན་པ་དུང་ཕྱུར་མང་པོ་བགྲངས་ཀྱང་ཕན་ཡོན་ཆེར་མེད་པར་གསུངས་པས། ཀུན་སློང་བྱང་ཆུབ་སེམས་དང་མ་བྲལ་བ་གལ་ཆེ། དེ་ནས་བླ་མའི་རྣལ་འབྱོར་ནི་ནུབ་མོ་ཉལ་བའི་ཚེ་སྙིང་དབུས་སུ་བཞུགས་པ་གསལ་བཏབ་ནས་གཉིད་ལས་ལངས་དུས་མོས་གུས་གདུང་བ་དྲག་པོས། བླ་མ་མཁྱེན་ལན་གསུམ་བརྗོད་པས་བླ་མས་ཐུགས་དམ་རྗེས་སུ་དགོངས་པར་བསམས་ནས། སྙིང་དབུས་དད་པའི་སོགས་ནས་བཞེངས་སུ་གསོལ་བར་བརྗོད་ནས། བླ་མ་ཉིད་སྙིང་པདྨ་འདབ་བརྒྱད་ཁ་གྱེས་པའི་དབུས་ནས་ཆུ་ལས་ཉ་རྡོལ་བའི་ཚུལ་བཞིན། རྩ་དབུ་མའི་ལམ་ནས་མེ་རེ་རེ་ཐོན་ནས་སྤྱི་བོར་པདྨ་འབུམ་བརྡལ་ཟེའུ་འབྲུ་དམར་སེར་གྱེས་པའི་སྟེང་དུ་སེང་ཁྲི་དར་ཟབ་འབོལ་གདན་བརྩེགས་པའི་གདན་ལ། རབ་བྱུང་ངམ་སྔགས་པའི་ཆ་ལུགས་ཅན་ཇི་ལྟ་བ་བཞིན་གསལ་ལ། གསོལ་འདེབས་རྒྱས་འབྲིང་བསྡུས་སོགས་ཅི་རིགས་འདོན། གསོལ་བ་དྲག་ཏུ་བཏབ་པས་བླ་མ་ཉིད་ཐུགས་དགྱེས་པའི་ཚུལ་གྱིས་འོད་དུ་ཞུ་ནས། རང་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་རྒྱུད་བྱིན་གྱིས་བརླབ་བྱུང་སྙམ་ནས་ཅུང་ཟད་མཉམ་པར་འཇོག །དེ་ནས་བློ་ལྡོག་རྣམ་པ་བཞི་སྒོམ་པ་ལ། སྐྱེ་བ་ཚེ་རབས་ནས་དེང་ཕན་ཆོད་ཚེ་འདིའི་དབང་ཁོ་ནར་སོང་སྟེ། ཁེ་གྲགས་དང་ཆགས་སྡང་། གསོག་འཇོག་དང་ལེ་ལོ། རྣམ་གཡེང་ཁོ་ནའི་དབང་དུ་འབྱམས་ཀླས་པར་གྱུར་ནས། རྒྱུ་ནོར་སྙན་གྲགས་ཀྱི་འབྱོར་བ་ཕྲན་བུ་དང་སངས་རྒྱས་ཐོབ་པ་གཉིས་འདམ་ཀ་ནོར་བ་ལྟ་བུ་སོང་སྟེ། དམ་པའི་ཆོས་གཏན་ནས་མི་བསྒྲུབ་པར་དམ་བཅའ་དྲག་པོ་བྱས་པ་ལས་མེད་པ། བཙུན་ཆེ་བ་ཕལ་ཆེར་ལ་ཡོང་འདུག་པ་དེ་ཚོ། དལ་འབྱོར་རྙེད་དཀའ་བ་དང་། འཆི་བ་མི་རྟག་པ་སོགས་གོ་མྱོང་རྒྱུད་ལ་མ་འབྱོར་བས་ལན་པ་རང་ལ་ཐུག་འདུག་པས། དེས་ན་ལམ་བསྐྱེད་རྫོགས་ཀྱི་རིམ་པ་ལ་གང་མྱུར་གྱིས་མཐོ་སྙབ་འགའ་མི་བྱ་བར་མདའ་འཕེན་པ་ལ་འབེན་ངོས་ཟིན་དགོས་པ་ལྟར། དང་པོ་ནས་ཆོས་དང་འཇིག་རྟེན་གྱི་རྣམ་དབྱེ་དགེ་སྡིག་སྐྱོན་ཡོན་དང་། རྒྱུ་མཚན་རྣམས་མ་འདྲེས་པ་ཡང་དག་པ་སོ་སོར་ཕྱེས་ནས། ཉམས་སུ་ལེགས་པར་བླང་ཤེས་དགོས་པ་ཡིན། དེ་ལྟར་ཕྱེ་བའི་ཐབས་ཟབ་མོ་ཡིན་ལུགས་ནི། མདོ་སྔགས་གཉིས་ཀྱི་ཆོས་ཇི་སྙེད་ཅིག་ཞལ་བསྡུར་བའི་སྙིང་པོ་བླ་མ་དམ་པའི་ཞལ་རྒྱུན་ཟབ་མོ་ལྟར་བློ་ལྡོག་རྣམ་པ་བཞིའི་བློ་སྦྱང་ཡང་ཡང་སྔོན་དུ་འགྲོ་བས་ཁ་ཙམ་དང་ཕྱོགས་ལམ་མ་ཡིན་པར་ངེས་འབྱུང་གི་བློ་ཁྱད་པར་ཅན་རང་རྒྱུད་ལ་སྐྱེས་པ་ཞིག་ཅི་ནས་གལ་ཆེ་བའི་རང་བཞིན་འདི་ལྟར་ལགས་ཏེ། དེའང་མི་ལུས་ཙམ་པོ་པ། འཕྱོར་པོ་པ། འཇའ་ཚོན་པ། སྙིང་མེད་པོ། སྟོང་ལོག་མཁན་ལྟ་བུ་མ་ཡིན་པ། དམ་པའི་ཆོས་ཟབ་མོ་སྒྲུབ་པ་ལ་མི་ཁོམ་པའི་གནས་བརྒྱད་དང་བྲལ་ཞིང་ཁྱད་པར་གྱི་འབྱོར་བ་བཅུ་ངེས་པར་ཅན་གྱིས་ཚང་དགོས་ཏེ། ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་དང་། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེར་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་གསུངས་པ་ལྟར་དལ་འབྱོར་དེ་ལྟ་བུ་ནི། རྒྱུ་དང་ངོ་བོ། དཔེ་དང་གྲངས་གང་གི་སྒོ་ནས་གཞལ་ཀྱང་རྙེད་དཀའ་བའི་རང་བཞིན་དེ་དག་རང་རྒྱུད་དུ་ཚང་ངམ་མ་ཚང་ཞིབ་པར་དཔྱད་དེ། ཚང་འདུག་ན་དབུལ་པོས་ནོར་རྙེད་པ་ལྟ་བུར་དགའ་སྤྲོ་ཚད་མེད་པ་བསྒོམ་དགོས་པ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་ལུས་རྟེན་རྙེད་མི་འགྱུར། །ཞེས་དང་། ཇི་སྐད་དུ། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིན་ཆད་རྙེད་དཀའ་བས། །རྨོངས་པ་རྣམས་ནི་གཉིད་མ་ལོག །ཅེས་གསུངས་པ་ལྟར། མ་ཟད་བསྟན་འགྲོ་ཀུན་གྱི་འཕྲལ་ཡུན་བདེ་སྐྱིད་འབྱུང་གནས་ཆེན་པོ་ངེས་པ་དོན་གྱི་བསྟན་པ་འཛིན་པའི་སྐྱེས་བུ་ཞིག་རང་རེས་མཐོང་ཐོས་རེག་བྱའི་ཡུལ་དུ་འདུག་ཕྱིན་ཆོད་ལྷག་པར་དུའང་གནས་དང་། དུས་དང་། ཆོས་དང་། སྒྲུབ་པའི་ཐབས་རྟེན་སོགས་ཀུན་གྱི་སྙིང་པོའི་སྙིང་པོ་ཡང་ཟབ་རྩེ་མོ་གཅིག་ཏུ་ཡིན་པར་ཤེས་པའི་ངང་ནས། ཆོས་སྒོར་མ་ཞུགས་པ་རྣམས་དུས་མྱུར་བ་ཉིད་དུ་ཞུགས་པར་བྱོས། འཇུག་བཞིན་པ་རྣམས་ཆོས་དྲེད་དུ་མ་ལྷག་པར་སྡིག་སྤོང་དགེ་སྒྲུབ་ལ་གོང་འཕེལ་དུ་བརྩོན་འགྲུས་བསྐྱེད། བརྩོན་འགྲུས་ཁྱད་པར་ཅན་དང་ལྡན་པ་རྣམས་ཀྱིས་ཉམས་རྟོགས་ཡོན་ཏན་ཐམས་ཅད་མཐར་ཕྱིན་ནས་དོན་གཉིས་ལྷུན་གྱིས་གྲུབ་པ་ཞིག་བྱ་བ་ཅི་ནས་གལ་ཆེ་བའི་རང་བཞིན་ནོ། །དེ་བཞིན་འདུན་སྤྱོད་ཐམས་ཅད་ཆོས་ལ་མྱུར་བར་རྩེ་གཅིག་ཏུ་བརྩོན་འགྲུས་བསྐྱེད་རྒྱུ་མ་བྱུང་ན་ཕལ་ཆེར་སྐྱེས་དང་། ཚར་ལོང་མེད་པ། རྒས་དང་ན་ལོང་མེད་པར། དགྲ་འདུལ་འཕྲོ། གཉེན་སྐྱོང་འཕྲོ། ལས་ལས་འཕྲོ། གཏམ་བཤད་འཕྲོ། ཟས་ཟ་འཕྲོ་ལུས་ནས་འཆི་འགྲོ་དགོས་པ་ཨི་མི་འདུག་ན། རང་རེས་དམ་པའི་ཆོས་སྒྲུབ་པའི་ལོང་ཁོམ་ག་ལ་ཡོང་སྟེ། བཤེས་སྤྲིངས་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པས་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་རྟག་སྨོས་ཅི་འཚལ། །ཞེས་དང་། འདུལ་བ་ལུང་ལས། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པ། །ས་ཕྱོགས་དེ་ནི་གང་ན་ཡོད་མ་ཡིན། །ནམ་མཁའ་ལ་མེད་རྒྱ་མཚོའི་གཏིང་ནའང་མེད། །རི་བོ་ཀུན་གྱི་ཕུག་ན་ཡོད་མ་ཡིན། །ཞེས་གསུངས་པ་ལྟར། དེའི་ཕྱིར་མི་རྟག་པའི་རང་བཞིན་ལས་ནམ་ཡང་མ་འདས་པའི་ཚུལ། ཡིན་ལུགས་ཅུང་ཟད་བཤད་པ་ལ། ཕྱི་སྣོད་ཆགས་འཇིག །ནང་བཅུད་སྐྱེ་འཆི། དཔེ་དོན་སྣ་ཚོགས་གང་ལ་བསམ་ནའང་། མི་རྟག་པའི་རང་བཞིན་ལས་མ་འདས་ཏེ། དཔེར་ན་སེམས་ཅན་ལུག་བརྒྱ་སྟོང་གི་ནང་ནས་གློ་བུར་དུ་ཤན་པའི་ཞགས་ནག་དེ་སུའི་སྐེ་ལ་ཐེབ་ཡོང་ཆ་མི་གཏོགས་པ་ལྟར་རམ། མཆོད་མེ་བརྒྱ་མཆོད་ནང་ནས་གཡས་གཡོན་མདུན་རྒྱབ་མཐའ་དབུས་གང་ནས་མར་ཁུ་ཟད་དེ་དས་ཡོང་ཆ་མི་གཏོགས་པ་ལྟར་རམ། རླུང་གསེབ་ཀྱི་མར་མེ་ལྟར་རམ། ཉི་རྒས་ཀྱི་གྲིབ་མ་ལྟར་རམ། ཤིང་འབྲས་སྨིན་ནས་ལྷུང་ལ་ཉེ་བ་ལྟ་བུའི་ཚེ་མཇུག་རྣམས་ནི་ནམ་འཆི་ངེས་པ་ལྷག་པར་མ་མཆིས་ཤིང་། ཚེ་ཟད་ནས་འཆི་ལ་ཉེ་བའི་དུས་དེར། སངས་རྒྱས་སྨན་ལྷས་སྨན། ཚེ་དཔག་མེད་ཀྱིས་དབང་། འཇམ་དཔལ་དབྱངས་ཀྱིས་དཔྱད། ཐུགས་རྗེ་ཆེན་པོས་འདུལ། ཕྱག་ན་རྡོ་རྗེས་སྲུང་བར་མཛད་ཀྱང་བཟློག་ཏུ་མི་བཏུབ་སྟེ། ལོ་ན་ཆུང་ཡང་མི་འཆིའི་གདེང་མེད། ཟས་གོས་རྒྱུ་ནོར་ཕྱུག་ཀྱང་མི་འཆི་བའི་གདེང་མེད། ནད་མེད་ཀྱང་མི་འཆི་བའི་གདེང་མེད། མི་འཆི་སྙམ་ན་སྟོན་པས་ཚེ་ཚད་བསྟན་པའམ། ཡང་ན་རང་ལ་ཟག་མེད་མངོན་ཤེས་ཡོད་དགོས། ཡང་ན་གཤིན་རྗེ་ཆོས་རྒྱལ་དང་འཕྲད་ནས་རེ་ཞིག་མི་འཁྲིད་པའི་དམ་བཅའ་བླང་བ་འདྲ་ཡོད་ན་མ་གཏོགས་ངེས་ངེས་ཅི་ཡང་མེད་རུང་ཤེས་མི་མི་འདུག །བསམ་པའི་སེམས་དང་། ལྟ་བའི་མིག །ཉན་པའི་རྣ་བ་ཡོད་ན་ནི་ཀུན་གྱིས་མཐོང་ཆོས་མྱོང་གྱུར་དུ་ཡོད་པ་འདི་དག་ལ་ཐུགས་བསམ་རེ་ངེས་པར་བསྐོར་ཏེ། ད་ལྟ་རྒྱུ་ནོར་གྱི་འབྱོར་ཚོགས་རྒྱས་པ། ཐོབ་ཐང་དང་རྣམ་དཔྱོད་ལྡན་པ། དཔའ་རྩལ་དང་སྤྱང་གྲུང་འཛོམས་པ། རིགས་རུས་དང་ལང་ཚོ་དར་བ། ཐོས་བསམ་གྱི་མཁྱེན་རྒྱ་ཆེ་བ། འཆད་རྩོད་རྩོམ་ལ་མཁས་པ། མཛད་ཕྲིན་རྒྱས་པ་དང་། བྱ་བ་ལམ་དུ་སློང་བ་སོགས་ཁ་ཕྱིར་བལྟས་ང་རྒྱལ་གྱི་དབང་དུ་འདྲ་ཆགས་མདོག་བྱེད་ནས་ནམ་ཡང་མ་ལྡིང་ཞིག །འཆི་ནད་དྲག་པོ་བཟློག་ཏུ་མི་བཏུབ་པ་ནང་ཁྲོལ་ལས་ཚུར་ངེས་པར་སྨིན་ནས་མི་རྟག་པའི་རང་བཞིན་གཅིག་ཏུ་ངོམ་ཡོང་བས་ན། དེང་ཕན་ཆོད་ཚེ་ཅི་ཡོད་འཆི་བསྒུག་བྱས་པ་ལྟ་བུའི་ངང་དུ་སྡོད་ཐབས་ག་ལ་ཡོད། དེ་སྔོན་ཚེ་དོན་ཡོད་ལ་མེད་ཟད་སོང་བ་ལའང་། གནོང་འགྱོད་དྲག་པོ་སྐྱེས་པའི་སྒོ་ནས་དགེ་སྦྱོར་ལ་འཕེལ་སྐྱེད་ལྷག་ཏུ་ཐོན་པར་བྱ་དགོས་པ་ཡིན་ཞིང་། མདོར་ན་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་རུང་། ཁྱིས་རྩྭ་བཞིན་དོར་ནས། རྟ་ཕོ་ལྕག་གིས་བྲབ་པ་ལས་ཆེར་མྱུར་བར་སྔོན་ནས་ཁྲིད། རྒྱབ་ནས་དེད་མཁན་བརྒྱ་སྟོང་ཁྲི་འབུམ་དུ་མར་ཡོད་པ་ལས་ལྷག་ཙམ་ཆོས་ལ་བརྩོན་འགྲུས་ཤུགས་དྲག་ལ་རྒྱུན་རིང་བ་ཉིན་མཚན་བར་མེད་དུ་དུས་འདའ་བར་སྤྱོད་འགྲོ་མི་རྣམས་ནི་མི་རྟག་པ་སོགས་རྒྱུད་ལ་འབྱོར་བའི་བཀའ་དྲིན་ཁོ་ན་ལས་འབྱུང་བ་ཡིན་འདུག་པས། དེ་ལྟ་བུ་རང་རེའི་རྒྱུད་ལ་ངེས་པར་མ་སྐྱེས་བར་དུ་མ་བསྒོམས་ན། ཆོས་ཞུ་ལོ་དང་ཐོས་ལོ་སྒྲུབ་ལོ་འདྲ་ཆགས་པོ་སོགས་ཇི་ཙམ་བྱས་བསྡད་ཀྱང་། ཚེ་འདི་ཡི་ལད་མོ་ལྟ་བུའི་མཐར་ཆོས་དྲེད་ངན་པའི་རྒྱུ་ལས་མ་འདས་པས། ད་ནི་ལེ་ལོ་ཕྱི་བཤོལ་གྱི་དབང་དུ་སྐད་ཅིག་ཙམ་ཡང་མི་བཏང་བར། སྙིང་པོ་དམ་པའི་ཆོས་མཐར་ཕྱིན་པ་ཞིག་ཅི་ནས་གལ་ཆེ་བར་མཛོད་ལགས། དེ་ལྟར་ཤི་ནས་མེ་དས་པའམ། ཆུ་སྐམ་པའམ། འཇའ་ཡལ་བ་ལྟར་རམ། མུ་སྟེགས་རྒྱང་འཕེན་པའི་ལྟ་བ་ལྟ་བུ་ཅང་མེད་དུ་མི་འགྲོ་བར། ད་ལྟའི་ཕུང་པོ་བྱ་ཁྱིས་ཟོས་ནས་རྡུལ་ཕྲན་མེད་པར་བརླག་ཀྱང་། སྔར་བཞིན་རྣམ་ཤེས་འཁོར་བ་ལས་འདའ་ས་མེད་པས་ན། སླར་ལུས་བླངས་ནས། ལས་དང་རྣམ་སྨིན་ཐམས་ཅད་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་ཇི་བཞིན་མྱོང་དགོས་པའི་ཚུལ། ལས་རྒྱུ་འབྲས་ཀྱི་རིམ་པ་ནི། ད་ལྟ་ལ་ལ་བདེ་བ་ཤ་སྟག །ལ་ལ་སྡུག་བསྔལ་ཤ་སྟག །ལ་ལ་བདེ་སྡུག་འདྲེས་མ་སྣ་ཚོགས་ཡོང་བ་རྣམས་ད་ལྟའི་སྐབས་འདིར་ལས་ཡག་ཉེས་ལམ་འགྲོ་ཆེ་ཆུང་། ཕོ་རྒོད་ཞན་ཡིན་སྙམ་པ་ནི་མི་ཕལ་ཆེས་བྱེད་ཀྱིན་འདུག་སྟེ། དེ་ནི་ལས་རྒྱུ་འབྲས་ལ་ཕྱོགས་ཙམ་ཉེ་བ་མ་ཡིན་ནོ། །ཚེ་སྔོན་དགེ་སྡིག་གི་ལས་གང་བསགས་ཀྱི་འབྲས་བུ་ཁོ་ན་ལ་རག་ལས་པ་ཡིན་ཏེ། རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བ་དང་། ལས་འབྲས་ལ་རྨོངས་པ་གསུམ་གྱིས་ཀུན་ནས་བསླང་བའི་ལས་དང་འབྲས་བུ་རྣམས་ནི་རྩ་བ་དུག་ལས་བྱུང་བའི་ལོ་མ་མེ་ཏོག་འབྲས་བུ་བྱེད་ལས་དང་བཅས་པ་དུག་གི་རང་བཞིན་ཏེ། ཕལ་པོ་ཆེ་ལས། ཇི་ལྟར་ས་བོན་ཁྱད་པར་གྱིས། །འབྲས་བུ་སྣ་ཚོགས་སྣང་བ་ལྟར། །དེ་བཞིན་ལས་ཀྱི་ཁྱད་པར་གྱིས། །སེམས་ཅན་རྣམས་དང་ཞིང་འབྱུང་ངོ་། །ཞེས་དང་། རིན་ཆེན་ཕྲེང་བ་ལས། དགེ་བ་ཡིས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་ཀྱང་། །མི་དགེ་བས་ནི་ངན་སོང་དང་། དེ་བཞིན་སྡུག་བསྔལ་ཐམས་ཅད་དོ། །ཞེས་གསུངས་པ་ལྟར། སྤང་བྱ་རྒྱུ་དུག་གསུམ་གྱིས་ཀུན་ནས་སློང་བའི། ལས་མི་དགེ་བ་བཅུ་རྣམ་སྨིན་འབྲས་བུ་ངན་སོང་གསུམ་དང་། བྱེད་པ་རྒྱུ་མཐུན་དང་། མྱོང་བ་རྒྱུ་མཐུན་དང་། དབང་འབྲས་ཡུལ་ལ་སྨིན་པ་སྐྱེས་བུ་བྱེད་འབྲས་སོགས་རྒྱུ་འབྲས་དེ་དག་སྤང་དགོས་པ་དང་། ད་ནི་བསྒྲུབ་བྱ་དགེ་བའི་ལས་ནི། རང་ཕྱོགས་ལ་མི་ཆགས་པ་དང་། གཞན་ཕྱོགས་ལ་ཞེ་སྡང་མེད་པ་དང་། ལས་འབྲས་ལ་རྨོངས་པ་མེད་པའི་ཤེས་རབ་གསུམ་གྱིས་ཀུན་ནས་སློང་བའི་ལས་འབྲས་དེ། དཔེར་ན་རྩ་བ་སྨན་ལས་བྱུང་ན། ལོ་མ་མེ་ཏོག་འབྲས་བུ་བྱེད་ལས་དང་བཅས་པ་སྨན་གྱི་རང་བཞིན་ཡིན་པ་ལྟར་དགེ་བའི་ལས་བཅུ་དང་། རྣམ་སྨིན་མཐོ་རིས་གསུམ་གང་རུང་དང་། བྱེད་པ་རྒྱུ་མཐུན། མྱོང་བ་རྒྱུ་མཐུན། དབང་འབྲས་ཡུལ་ལ་སྨིན་པ་སྐྱེས་བུ་བྱེད་འབྲས་སོགས་བདེ་བའི་རྒྱུ་འབྲས་དེ་དག་བསྒྲུབ་བྱ་ཡིན་པ་དང་། དེ་ལྟར་ལས་གང་བྱས་དེ་ཡང་ན་འབྲས་བུ་མྱངས་ནས་འཛད། ཡང་ན་བཤགས་པས་སོར་ཆུད་དེ་འཛད་ན་མ་གཏོགས་ས་ལ་མི་སྨིན། རྡོ་ལ་མི་སྨིན། མི་སུམ་མི་རུལ་མི་སྐམ་མི་ཟད་ཅིང་དུས་ནམ་ཡང་རང་ཐོག་ཏུ་སྨིན་ངེས་ལས་མི་ལྡོག །ཤུལ་དུ་མི་སྡོད། གཞན་གྱི་རྗེས་སུ་མི་འབྲངས། མེད་པར་ཡང་མི་འགྱུར་ལ། འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཕྲ་ཞིང་ཕྲ་བ་མྱོང་དགོས་པའི་ལོ་རྒྱུས་འདུག་ན། རང་རེ་རྣམས་ནི་དགེ་སྒྲུབ་ལ་ཕྲ་ཞིང་ཕྲ་བ་ནས་ཞིབ་པ་ཅི་ནས་ཀྱང་གལ་ཆེ། དེ་ལྟར་དགེ་བ་བསྒྲུབས་ནས་སྡིག་པ་ཡོངས་སུ་མ་སྤངས་ན། རྒྱུ་དེ་དག་གིས་འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་། མེ་ཡི་འོབས་ལྟ་བུ། སྲིན་མོའི་གླིང་། དུག་སྦྲུལ་གྱི་ཚང་། མཚོན་གྱི་རྩེ། མི་གཙང་བའི་འདམ་ལྟ་བུ་སྡུག་བསྔལ་གྱི་རང་བཞིན་ལས་ནམ་ཡང་མ་འདས་པའི་ཚུལ་འཁོར་བའི་ཉེས་དམིགས་ནི། བཤེས་སྤྲིངས་ལས། དམྱལ་བ་བྲིས་དང་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བྱས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས། །ཞེས་དང་། དེ་ལྟར་ཤིན་ཏུ་སྡུག་བསྔལ་མི་བཟོད་པ། །བྱེ་བ་ཕྲག་བརྒྱ་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་བར། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། ཚ་དམྱལ་བརྒྱད་དང་། ཉི་ཚེ་ཉེ་འཁོར་གཉིས། གྲང་དམྱལ་བརྒྱད། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བསྐོལ་སྤྱོད། ལྷ་འཕོ་ལྟུང་། ལྷ་མ་ཡིན་འཐབ་རྩོད། མི་སྐྱེ་རྒ་ན་འཆི་སོགས་ཡོད་པས་མདོ་དོན་བསྡུ་ན། དེ་ལྟར་འགྲོ་བའི་གནས་རིས་གང་དུ་སྐྱེས་ཀྱང་། ཚ་གྲང་ལྟོགས་སྐོམ། ངལ་དུབ། ན་ཚ། འཐབ་རྩོད། འཕོ་འགྱུར། བསགས་སྲུང་། དགྲ་གཉེན་ཆགས་སྡང་ཁོ་ན་ལས་མ་འདས་ཏེ། འདོད་པ་སེམས་ཀྱི་སྡུག་བསྔལ། མྱོང་བ་ལུས་ཀྱི་སྡུག་བསྔལ། སྣང་བ་ཡུལ་གྱི་སྡུག་བསྔལ། སྒོ་གསུམ་རྩོལ་སྒྲུབ་ཀྱི་སྡུག་བསྔལ། སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཡོ་ལང་། སྡུག་བསྔལ་གྱི་འཁྲུལ་འཁོར་ཁོ་ན་ལས་མ་འདས་པས་ན། སྡུག་བསྔལ་དེ་དག་མཐོང་ཐོས་ཙམ་དུ་མི་བཞག་པར་དཔེ་ཞིབ་ཀྱིས་བླངས་ཏེ་སེམས་ཀྱིས་ཡང་ཡང་ནན་ཏན་དུ་སྒོམ་ཞིང་། ངེས་ཤེས་དྲག་པོ་བཅོས་མ་མ་ཡིན་པར་རྒྱུད་ལ་ངམ་ངམ་ཤུགས་ཀྱིས་སྐྱེས་ཏེ། དེ་རྒྱུ་འཁོར་བའི་བྱ་བཞག་ཐམས་ཅད་ལ་ཞེན་པ་གཏིང་ནས་ལོག་པ་ཉེས་ཆེན་བཙོན་དོང་ནས་བྲོས་པ་ལྟར་རམ། རི་དྭགས་རྒྱ་ནས་ཐོན་པ་ལྟར་རམ། མཁྲིས་ནད་ཅན་གྱིས་བཙོ་ཟན་མཐོང་བ་ལྟ་བུ་ཞིག་ནི་ངེས་པར་ཅན་གྱི་རང་རྒྱུད་དུ་འབྱོངས་དགོས་པ་ཡིན་ནོ། །དལ་འབྱོར་རྙེད་དཀའ་བ་དང་། འཆི་བ་མི་རྟག་པས་ཚེ་འདིའི་བློ་སྣ་བསྟུང་། ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་ཀྱིས་ཕྱི་མ་ངན་འགྲོའི་གནས་ལས་བློ་ལྡོག་སྟེ་ཚེ་འདིར་སྣང་ཆོས་བརྒྱད་སོགས་ཀྱི་སྤྱོད་པ་ལྟ་ཅི་སེམས་ཐོག་ཏུ་ཅུང་ཟད་སྐྱེས་ཀྱང་། སྤང་གཉེན་སྐད་ཅིག་གིས་ར་འཕྲོད་ནས་འགྲོ་འདུག་ཟ་ཉལ་ལ་ལོངས་སྤྱོད་ནས་འདུ་ཤེས་བཞི་ཙམ་ལའང་། དགོས་མེད་ཆོག་ཤེས་གཅིག་ཏུ་བརྟེན་པ་དང་། དེ་བཞིན་སྔོན་བྱོན་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱང་མི་རྟག་པ་སོགས་ཀྱི་ཐུགས་རྒྱུད་ཤིན་ཏུ་མྱུར་བར་བསྐུལ་ཏེ་ཚེ་འདི་བློས་ཡོངས་སུ་བཏང་སྟེ་སྒྲུབ་པ་སྙིང་པོ་ཁོ་ནར་མཛད་པ་དང་། དོན་གཉིས་རླབས་པོ་ཆེ་མཐའ་རུ་ཕྱིན་པ་ཡིན་ཏེ། མདོར་ན་རང་གཞན་གྱི་དོན་གཉིས་རླབས་ཆེ་བ། རྣམ་གྲངས་མང་བ། ཤུགས་དྲག་པ། རྒྱུན་རིང་བ། མཐའ་ཡས་པ་དེ་ལྟ་བུ་འགྲུབ་པའི་རྩ་བ་ནི་རང་རེའི་ཞག་ཟླ་ལོ་གྲངས་དང་ཚེ་ཡི་ཡུན། འདི་ལས་ལྷག་ཙམ་ཆེར་བཞུགས་པ་མིན་ཀྱང་། དོན་མེད་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་། ཟས་གོས་དོན་གཉེར། འགྲོ་འདུག་བྱ་བཞག་འདུ་འཛི་གཡེང་བ་སོགས་ལས་མི་དགེ་བའི་རིགས་རྒྱང་རིང་དུ་བསྲིང་སྟེ། སྒོ་གསུམ་དམ་པའི་ཆོས་ལ་ཉག་གཅིག་དྲིལ་བས་གོམས་སྟོབས་ཀྱིས་མཐའ་གཉིས་ལ་མི་གནས་པ། དོན་གཉིས་ལྷུན་གྱིས་གྲུབ་པ། གང་ཟག་མི་ཡི་ལུས་ལ་དགོངས་པ་སངས་རྒྱས་སུ་མངའ་བ། འཇིག་རྟེན་ལྷ་མི་ཀུན་གྱིས་མཆོད་འོས་ཀྱི་གནས་ཆེན་པོ་དུས་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས་པས་དེ་ལྟར་འགྲུབ་པ་རང་ཡིན་འདུག་པས། དེས་ན་རང་རེ་རྣམས་ཀྱི་རྒྱུད་ལ་ངེས་འབྱུང་དྲག་པོའི་བློ་དེ་དེ་བཞིན་དུ་འབྱོར་ངེས་རེ་བྱས་ནས། རང་གཞན་གྱི་གཏན་དོན་ཆོས་རྣམ་དག་ཁོ་ན་སྒྲུབ་དགོས་པ་ཡིན་ནོ། །དེ་ནས་ཐུན་མིན་སྔོན་འགྲོའི་བསགས་སྦྱང་གི་རིམ་པ་ལ་ཚིག་ཙམ་རྗེས་ཟློས་ཀྱིས་གྲངས་བསགས་པ་དང་། ལ་འུར་ཡ་ཡོལ་གྱི་ངང་ནས་ཚེ་འདིའི་དཔོན་པོ་ལ་ཁྲལ་མཇལ་བྱེད་པ་ལྟ་བུའམ། གཡོག་ངན་ལ་ལས་ཀ་ལྟ་བུར་བྱས་པས་དོན་ཆེར་མི་འབྱུང་བས་ན། བརྒྱུད་ལྡན་གྱི་བླ་མའི་ཞལ་རྒྱུན་དང་ཕྱག་བཞེས་ཟབ་མོ་མཐུན་ངེས་པར་སྒོ་གསུམ་ཐུགས་ཉམས་ཤིན་ཏུ་བག་ཕེབས་པའི་ངང་ནས་དང་པོ་ངག་འདོན་གང་ཡིན་པ་དེ་དག་བློ་རུ་བྱང་ཆུབ་པར་འཛིན་ཅིང་། དེ་ནས་ཟླ་བ་ཁ་ཤས་ལ་སྐྱབས་ཡུལ་རྣམས་མ་འདྲེས་པར་གསལ་བཏབ་ལ་བརྟན་ཆ་གཅིག་ཏུ་ཆེ་བ་མ་བྱུང་གི་བར་དུ་སྒོམས། ཡིད་ཁྱེད་ཤེས་ཀྱི་དད་པ་རྩེ་གཅིག་འགྲོ་ངེས་པར་གྱུར་པའི་སྤྱན་སྔར། མཆོད་པ་སོགས་དངོས་བཤམས་ཡིད་སྤྲུལ་ཏིང་ངེ་འཛིན་གྱི་མཁའ་ཁྱབ་ཏུ་སྤེལ་བའི་དམིགས་འདུན་རྩེ་གཅིག་དྲིལ་ནས་སྒོམ་པར་མཛད་པ་ལས་གཞན་སའམ་རྡོའམ། བར་སྣང་སྟོང་པར་འབུལ་བྱ་འབུལ་བྱེད་གྱུར་པ་ལྟ་བུ་སླ་ཆོས་སུ་ནམ་ཡང་མི་བྱེད་པར་དཀའ་བ་དང་དུ་ལོངས། སླ་བ་རྒྱབ་ཏུ་དོར་ནས་སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་པ་མེད་པ། རྗེས་རྨི་ལམ་དང་སྒྱུ་མ་ལྟ་བུའི་བསྔོ་བ་སྟེ། དམ་པ་གསུམ་ཀ་ཚང་བའི་སྒོ་ནས་ལག་ལེན་ཚད་ལྡན་རེ་རིམ་གྱིས་ངེས་པར་གདབ་དགོས་པ་ཡིན་ནོ། །དེ་བཞིན་དུ་རྒྱུད་ལས་སུ་རུང་བར་བྱེད་པ་སྐྱབས་འགྲོའི་ཁྲིད་ལ། ཇི་སྐད་དུ། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད། །ཅེས་དང་། མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་འདི་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང་། །དེ་ནི་དེ་ལས་ལྷག་པར་འགྱུར། །ཞེས་དང་། མདོ་སྡེ་རྒྱན་ལས། རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་། །ཉེས་པར་སྤྱོད་པ་ཐམས་ཅད་དང་། །རྒ་དང་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ཀྱིས་ཡོངས་སུ་སྐྱོབས། །འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དག་གི་གནས་མིན་དང་། །འཇིགས་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་གསུངས་པ་ལྟར། དཔེར་ན་བྱིས་པ་ཁྱིས་དེད་པ་མི་ཆེན་པོ་ལ་སྐྱབས་སུ་འགྲོ་བ་ལྟར་རམ། ཉེས་ཆེན་གྱི་མི་རྒྱལ་པོ་ཆེན་པོ་ལ་མགོ་བཏགས་པ་དང་འདྲ་ཞིང་། དེ་ལྟར་ཆོས་ལ་འཇུག་པའི་སྒོ་སྐྱབས་སུ་འགྲོ་བ་ནི་གལ་གནད་ཤིན་ཏུ་ཆེ་བའི་རང་བཞིན་ཏེ། སྐྱབས་སུ་མ་སོང་བས་སྡོམ་པ་ཙམ་ཡང་མི་ཐོབ་ལ། སྡོམ་པས་མ་བསྡམས་ན་ལམ་གཏན་ནས་མེད་པའི་ཕྱིར་ལམ་ཐམས་ཅད་ཀྱི་རྟེན་གཞི་མཆོག་རབ་རྩེ་མོ་ཡིན་པར་བཤད་པས། དེ་ལྟར་ཉམས་སུ་ལེན་པའི་དུས་རང་གིས་དད་པ་རྣམ་པ་གསུམ་གྱིས་གཞི་བཟུང་ན། རྒྱལ་བ་རྣམས་དགོངས་པར་གཤེགས་བཞུགས་ཁྱད་མེད། མཁྱེན་པར་གསལ་འགྲིབ་མེད་པ། བརྩེ་བར་ཉེ་རིང་མེད་པ། ནུས་པར་ཐོགས་རྡུགས་མེད་པ་རྒྱལ་བའི་ཡོན་ཏན་ཡིན་པའི་ངེས་ཤེས་བསྐྱེད་ནས། ཐེག་པ་ཆེ་འབྲིང་ཆུང་གསུམ་གྱི་སྐྱབས་འགྲོའི་དོན་དང་། ཡུལ་དང་། དུས་སོགས་ཅུང་ཟད་དབྱེ་ཞིང་ས་གཞི་རྒྱ་མཚོ་པད་སྡོང་བཞུགས་ཁྲི་དང་། སྐྱབས་ཡུལ་ལྷ་ཚོགས་ཐོ་བརྩེགས་དང་དཀྱིལ་འཁོར་དུ་གསལ། སྐྱབས་བྱ་རང་གཞན་སེམས་ཅན་ཐམས་ཅད་དམིགས་འོག་ཏུ་ཆུད་པ་དང་། ལུས་ཀྱིས་ཕྱག །ངག་གིས་སྐྱབས་འགྲོ། ཡིད་ཀྱིས་འདོད་གསོལ་བྱ་ཚུལ་སོགས་སྒོ་གསུམ་འདུན་པ་ཆིག་དྲིལ་དཀའ་སྤྱད་སྙིང་རུས་ལྡན་ངེས་བྱས་ཏེ། བསྡུ་རིམ་དང་བསྔོ་སྨོན་བྱ། ཕྱིན་ཆད་སྐྱབས་འགྲོའི་བསླབ་བྱ་ནི། སྤང་བྱ་དང་། བླང་བྱ། ཆ་མཐུན་གྱི་རིམ་པ་རྣམས་ཚུལ་བཞིན་སྲུང་སྡོམ་བྱ་བ་གལ་ཆེའོ། །དེ་ནས་སེམས་བསྐྱེད་ནི། དེ་ལྟར་སྐྱབས་ཡུལ་རྣམས་དཔང་པོའི་ཚུལ་དུ་བྱས་ཏེ་ཆོས་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ནས་བཟུང་སྟེ། སྐྱེས་བུ་ཆེན་པོའི་སེམས་བསྐྱེད་ཡང་རབ་ཀྱི་ཐབས་ཟབ་མོ་དང་ངེས་པར་མ་ལྡན་ན། བྱ་ཡིན་ཀྱང་གཤོག་པ་མེད་པ་ལྟར་རམ། རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟ་བུ་དགེ་སྡིག་གི་རྣམ་དབྱེ་གཞི་ནས་ཕྱེ་མཁས་དང་། ཆོས་དང་གང་ཟག་མཚམས་སྦྱོར་མཁན་དང་། དགེ་རྩའམ་འགྱུར་སྐྱེད་ཀྱི་རྩལ་བཏོན་མཁན་དང་། གཞན་དོན་རླབས་ཆེ་ཆུང་། ས་ལམ་མྱུར་ཞན། འབྲས་བུ་རབ་འབྲིང་ཐ་མ་ཐོབ་ལུགས་སོགས་ཀུན་སློང་བཟང་པོ་ཁོ་ན་ལ་རག་ལས་པ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་ཐོབ་མི་འགྱུར། །འཁོར་བར་བདག་གཞན་དོན་འགྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར། གལ་ཆེ་ཞིང་མདོར་བསྡུ་ན་རང་རེ་རྣམས་ནི་དེ་སྔོན་རང་འདོད་ཁོ་ནའི་བསམ་སྦྱོར་གྱི་དབང་དུ་སོང་བའི་ལེ་ལན་གྱིས་འཁོར་བ་ངན་སོང་གི་གནས་སུ་མུ་མཐའ་མེད་པར་ལས་ངན། ལུས་ངན། འབྲས་བུ་ངན་པ་མྱོང་ནས་འཁྱམས་བསྡད་པ་ཡིན་འདུག་པས། ད་ནི་དེའི་གཉེན་པོ་ཆོས་ཤིག་སྒྲུབ་ན་རང་འདོད་ཡིད་བྱེད་ཀྱི་བློ་ངན་འདི་དག་དྲུངས་ནས་འབྱིན་ཏེ་གཞན་ཕན་གྱི་བསམ་སྦྱོར་ལྷད་མེད་རང་ལ་གཙོར་སྟོན་པ་ནི་གལ་གནད་ཤིན་ཏུ་ཆེ་ཤོས་ཡིན་པས། དེས་ན་དགྲ་གཉེན་བར་མ་དོའི་སེམས་ཅན་ཐམས་ཅད་མར་ཤེས་པ་དང་། དྲིན་དྲན་པ་དང་། དྲིན་ལན་འཇལ་དགོས་པའི་ཕྱིར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་སྐྱེ་བར་བྱ་བའི་ཐབས་ཚད་མེད་པ་བཞི་ལ་བློ་སྦྱོང་། སྨོན་འཇུག་གཉིས་ཀྱི་སེམས་དངོས་སུ་བསྐྱེད་ནས་གྲངས་གསོག །སྐྱེས་པ་མི་ཉམས་པ་བསྲུང་བར་བྱ་བའི་ཕྱིར་བཟོད་པའི་གོ་ཆ་གྱོན། མི་ཉམས་པ་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར་སྨོན་འཇུག་གཉིས་ཀྱི་བསླབ་བྱ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བརྩོན་པར་བྱ་དགོས་སོ། །དེ་ལྟར་སེམས་བསྐྱེད་པའི་ཕན་ཡོན་ཀྱང་ཚད་མེད་དེ། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་དུ་འགྲོ་བ་དང་། དགེ་བ་སྣ་གཅིག་ཡོད་རུང་སངས་རྒྱས་ཀྱི་ཡོན་ཏན་དང་སེམས་ཅན་གྱི་གྲངས་དང་མཉམ་པར་འཕེལ། དགེ་རྩ་ནམ་ཡང་ཆུད་མི་ཟ་བར་གོང་ནས་གོང་དུ་འཕེལ་བ་དང་། བསོད་ནམས་རྒྱ་ཆེ་བ་རྒྱུན་མི་ཆད་པར་ཐོབ་ཅིང་སངས་རྒྱས་ཀྱི་གདུང་འཛིན་པ་དང་། གཞན་དོན་རླབས་པོ་ཆེ་དངོས་བརྒྱུད་བར་གསུམ་ནས་འགྲུབ་པ་སོགས་དང་མཚམས་མེད་ཀྱི་ལས་བསགས་ཏེ། དམྱལ་བར་སྐྱེས་རུང་དར་གྱི་ཕོ་ལོང་བརྡབ་པ་ཙམ་ལས་གནས་མི་དགོས་པ་དང་། གཞན་སྡིག་བྱས་ཐམས་ཅད་དུས་མཐའི་མེ་ལྕེས་རྩ་སྦུར་ཐམས་ཅད་སྲེག་པ་ལྟར་འཇོམས་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བའམ་ལམ་ཐམས་ཅད་ཀྱི་སྙིང་པོར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་མཆོག་སྟེ་མྱུར་དུ་བླ་ན་མེད་པའི་ཁང་བཟང་དུ་བགྲོད་པའི་བཞོན་པ་བཟང་པོ་ལྟ་བུ་ཡིན་པ་སོགས་ཕན་ཡོན་ཚད་མེད་པས་ལྷག་པར་ཤེས་དགོས་སོ། །དེ་ནས་རྡོར་སེམས་སྒོམ་བཟླས་ནི། རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཀུན་གྱི་གཙོ་བོ། རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཡིན་པར་བཤད་དེ། ལྷ་ཐམས་ཅད་ཞི་ཁྲོ་དམ་པ་རིགས་བརྒྱ་རུ་འདུས་པ་དང་། དེ་ལའང་རིགས་ལྔའི་ཁོངས་སུ་གཏོགས་པ་དང་། དེའང་གསང་ཆེན་གྱི་ལྷ་རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་ཡོངས་སུ་འདུས་པ་དང་། མ་ཟད་སྔོན་གྱི་ཐུགས་བསྐྱེད་པའི་དུས་བདག་གི་མཚན་ཙམ་འཛིན་པ་ཐམས་ཅད་ཀྱི་སྡིག་ལྟུང་བྱང་བར་ཤོག་ཅེས་སྨོན་ལམ་བཏབ་པས་ཡོངས་སུ་འགྲུབ་ནས་སངས་རྒྱས་པ་ཡིན་པས་ན། ཕྱོགས་བཅུའི་སངས་རྒྱས་རེ་རེའི་མདུན་དུ་ཕྱིན་ནས་བཤགས་པའི་ཐབས་སྣ་ཚོགས་ལ་འབད་པ་ལས། གོང་དུ་བཤད་པ་བཞིན་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་དང་སྡུད་པའི་བྱེད་པོ་དཔལ་རྡོ་རྗེ་སེམས་དཔའ་བསྒོམས་ནས་བཤགས་པ་བྱེད་པ་འདི་ཉིད་འགྱུར་སྟོབས་ཆེ་སྟེ། དགོངས་པ་ཚིག་གསུམ་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡིས་སྡིག་སྒྲིབ་ཀུན་བྱང་ནས། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཅེས་དང་། སྙིང་པོ་རྒྱན་ལས། པད་དཀར་ཟླ་བའི་གདན་སྟེང་དུ། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ནས། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་གཅིག་བཟླས་གྱུར་ན། །ལྟུང་སོགས་བྱིན་གྱིས་བརླབ་པར་འགྱུར། །འབུམ་ཕྲག་གཅིག་ཏུ་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཅེས་གསུངས་པ་ལྟར། གལ་ཆེ་བར་ཤེས་ནས་དེའང་སྦྱང་བྱ་སྡིག་པའི་སྒོ་དྲུག་ཤེས་པའི་ངང་ནས། ཡོངས་སུ་སོར་ཆུད་པ་ཞིག་ད་ལན་བཤགས་རྒྱུ་མ་བྱུང་ན༑ མེ་ལོང་ཞིག་ས་ཞབས་སོང་ནས་བཙའ་གཡའ་སྐྱོན་ཆེར་གྱིས་བཟུང་བ་ལྟ་བུའམ། ཕྱི་མཛེས་ནང་རུལ། ཤིང་ཐོག་ཀུ་མུནྟ་དང་མཚུངས་པའམ། མཛེ་ཅན་འབུས་གཡེངས་ལ་ཕྱི་ནས་གོས་རྒྱན་གྱིས་སྤྲས་པ་ལྟར་རམ། སྡིག་བྱས་ཀྱི་ལས་རྣམས་ནི་བཙན་དུག་ཧ་ལ་ནག་པོ་ཁོང་དུ་ཤོར་བ་ལས་ཀྱང་བརྒྱ་འགྱུར་གྱི་ཐུ་ཆེ་སྟེ། དེས་ནི་ད་ལྟའི་སྐབས་འདིར་ལུས་ན་བ་དང་། འཆི་རྐྱེན་བྱེད་པ་ཙམ་ལས། ཚེ་རབས་ཀུན་ཏུ་སྡུག་བསྔལ་ལ་སྦྱོར་བར་ག་ལ་ནུས་ཏེ། ལས་ངན་མི་དགེ་བས་ནི་ཚེ་འདིར་མི་བདེ་བར་རྐྱེན་ངན་རྣམ་པ་སྣ་ཚོགས་འབྱུང་བ་དང་། ཕྱི་མ་བར་དོའི་འཁྲུལ་སྣང་གི་ཉིང་མཚམས་སྦྱོར་ནས། ངན་སོང་གི་གནས་སུ་སྐྱེས་ཤིང་སྡུག་བསྔལ་བཟོད་དཀའ་བ་ཤུགས་དྲག་པ། རྒྱ་ཆེ་བ། ཡུན་རིང་བ༑ མཐའ་མི་མངོན་པ་འབའ་ཞིག་གིས་མནར་ནས། ཚེ་རབས་ཐམས་ཅད་དུ་འཁོར་བའི་གནས་ལས་ནམ་ཡང་མི་ཐར་བ་བྱེད་པས་ན་ཤིན་ཏུ་ཕུང་ཚབས་ཆེ་བའི་རང་བཞིན་ཏེ། དེས་ན་སྐྱོན་མེད་ལྟ་བུར་འཇོག་ག་ལ་རུང་སྟེ། སྨན་དུ་རེ་ནས་དུག་ཟས་ནོར་བ་དང་འདྲ་བར་དེ་ཚུག་ནས་བཤལ་སྐྱུག་བཏང་བ་བཞིན་གནོང་འགྱོད་དྲག་པོ་སྐྱེས་པའི་ངང་ནས་སྡིག་སྒྲིབ་ལྷག་མེད་དུ་སྦྱང་བ་ལ་འབད་པ་ཅི་ནས་གལ་ཆེ་ཞིང་། སྦྱོང་བྱེད་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་རྩེ་གཅིག་འབད་པར་བྱས་ནས་རང་ཉིད་རྡོ་རྗེ་སེམས་དཔར་གནས་གྱུར་དོན་གཉིས་བྱས་ནས་བསྡུ་རིམ་ལ་ཡོངས་སུ་འཇུག་སྟེ། དོན་དམ་པའི་བཤགས་སྦྱོང་ལ་མཉམ་པར་འཇོག་ཅིང་སྡིག་སྒྲིབ་རྣམས་བྱང་རྟགས་ཀྱི་རིམ་པ་དངོས་ཉམས་རྨི་ལམ་དུ་མ་གྱུར་བར་དུ་འབད་པ་གལ་ཆེའོ། །ཕྱིན་ཆད་ཀྱང་སྡིག་པས་མི་གོས་པའི་ཐབས་ལ་འབད་དེ། དཔེར་ན་རྫི་བོའི་ཕྱུགས་ལུག་འཚོ་སྐྱོང་དང་བསྔོ་བགྲང་བྱེད་པ་ལྟར། དྲན་ཤེས་བག་ཡོད་ལྡན་པའི་སྒོ་ནས་སྡིག་སྤང་དགེ་སྒྲུབ་རྣམས་འཆོལ་ཉོག་རེད་མིན་བརྟག་དཔྱད་བྱ། གལ་སྲིད་མི་དགེ་བའི་ལས་བསགས་ཚེ་ལྟུང་བ་དང་ཡུན་དུ་འགྲོགས་ནས་ལེ་ལོ་བྱས་ན་དུག་མདའ་ངན་པས་ཟིན་པ་ལྟར་ཉེས་ལྟུང་དེས་དམྱལ་བར་སྐྱུར་ནུས་པར་གསུངས་པས་ལྟུང་བ་དང་ཞག་དང་སྐད་ཅིག་ཙམ་མི་འགྲོགས་པར། དཔེ་ཟས་དུག་ཟོས་པས་བཤལ་སྐྱུག་བཏང་བ་བཞིན་བཤགས་སྦྱོང་ལ་འབད། ཕྱིན་ཆད་སྡིག་པ་མི་དགེ་བའི་རིགས་གཏན་ནས་མི་བྱ་བའི་སྡོམ་སེམས་བཟུང་ནས་འཕྲོ་ཆོད་པར་བྱ་དགོས་ཏེ། དཔེར་ན་སྔར་དུག་ནད་ཀྱིས་མནར་བའི་མི་དེས་ཕྱིས་དུག་གི་སྒྲ་ཙམ་ཐོས་པས་ཤིན་ཏུ་འཇིགས་དངངས་སྐྱེས་ཏེ་ཟས་སྤྱོད་ལ་རིམ་གྱིས་འཛེམ་པ་ལྟར་བྱེད་པ་ལས་སྐུད་པ་ཡར་སྒྲིམ་ཕྱིར་སྒྲིམ་བྱས་པ་ལྟ་བུས་དགེ་སྒྲུབ་སྡིག་སྤང་མི་ཡོང་བས་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་བརྟེན། ཤེས་བཞིན་པའི་བྱ་ར་བྱེད། བག་ཡོད་ཀྱི་ཚུལ་བཞིན་གནས་དགོས་པ་ཡིན་ནོ། །དག་པ་ཡེ་ཤེས་ཀྱི་ཆོས་སྐུ་མངོན་དུ་གྱུར་པའི་ཕྱིར། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་མཎྜལ་གྱི་རིམ་པ་ནི། ད་ལྟ་འབྱོར་བ་ཡོད་མེད་རྣམས་ལ་དཔྱད་པ་རེ་གཏོང་དང་ཤེས་ཤིང་། ཕྱི་ས་ཡུལ་ཁང་ཁྱིམ་རྒྱ་ཆེ་བ། ནང་སྐྱེ་འགྲོ་འཁོར་སློབ་མངའ་འབངས་སྒོ་ཟོག་གི་རིགས་དང་། རིན་པོ་ཆེའི་རིགས་དང་ཟས་གོས་འབྲུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། གསང་བ་ལུས་སེམས་རྣམ་པར་བཀྲ་བ་ནད་མེད་ཚེ་རིང་བ་སོགས་ནི་སྔོན་རྣམ་དཀར་གྱི་ཚོགས་བསགས་པའི་འབྲས་བུ་ཁོ་ནས་འབྱུང་བ་དང་། དབུལ་པོ་རྣམས་ནི་ས་དང་ཁང་ཁྱིམ་ཟས་གོས་སོགས་ཀྱི་དབུལ་ཞིང་། དབང་པོ་མ་ཚང་བར་ནད་གདོན་རྐྱེན་ངན་རྣམ་པ་སྣ་ཚོགས་ཀྱིས་དུས་རྟག་ཏུ་མནར་བ༑ དེ་དག་ཀྱང་སྔོན་བསོད་ནམས་ཀྱི་ཚོགས་མ་བསགས་པས། ད་ལྟ་འབྲས་བུ་བདེ་སྐྱིད་ཀྱི་འབྱོར་བས་དབུལ་བ་ཡིན་བཞིན་པ། མ་ཟད་བླ་མ་གྲྭ་པ་རྣམས་ནི་རྣམ་དཀར་གྱི་ཚོགས་བསགས་མཁན་པོར་ཡིན་འོས་ཀྱང་། དངོས་སུ་རྒྱུ་ནོར་གྱི་འབྱོར་བ་རྒྱ་ཆུང་བ་དང་། སེམས་བསྐྱེད་བསྐྱེད་རྫོགས་མི་ལྡན་པར་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་ནས། བསོད་ནམས་ཀྱི་ཚོགས་ཡང་དག་གསོག་མཁན་མཆོད་ཡོན་གཉིས་ཆར་དཀོན་པའི་ཕྱིར། དེའི་མཐུས་ཕལ་ཆེར་བསོད་ནམས་དམན་པར་གྱུར་ནས་མཆོད་སྦྱིན་དང་རང་གི་ལོངས་སྤྱོད་ཙམ་དབུལ་གྲབ་ཀྱིས་དབྱར་ལྡོམ་སྟོན་ལྡོམ་དང་ཚོང་ཁེ་སྤོགས་སོགས་སྡིག་བྱས་ཀྱི་ལས་འབའ་ཞིག་ལ་གཡེང་ནས་ཚེ་ཟད་དགོས་པ་དེ་དག་ཀྱང་། བསོད་ནམས་ཀྱི་ཚོགས་མ་བསགས་པས་ལན་པ་དང་། བྱེ་བྲག་རང་རྒྱུད་དགེ་བའི་བག་ཆགས་སད་པ་དང་། དངོས་གཞི་ཉམས་རྟོགས་སྐྱེ་སླ་བ་དང་། བགེགས་དང་གོལ་ས་ཆུང་བ་དང་། བསྒྲུབ་བྱ་མཐར་ཐུག་རྟོགས་པ་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་དང་། གཞན་དོན་ཕུན་སུམ་ཚོགས་པ་གཟུགས་སྐུ་ཐོབ་པར་བྱེད་པ་སོགས་དགོས་ཆེད་དུ་མ་ཡོད་པས། དེས་ན་འབད་རྩོལ་རི་བོ་ཙམ་བཟོ་བ་ལས་བསོད་ནམས་མེ་སྟག་ཙམ་གསོག་ན་དགའ་བའི་རང་བཞིན་ཏེ། རྒྱལ་བའི་བཀའ། བླ་མའི་ལུང་། རང་གི་རིགས་པ་ཚད་མ་སོགས་ཀྱིས་མཐོང་ཆོས་མྱོང་འགྱུར་དུ་མངོན་སུམ་གྲུབ་འདུག་པས་ན་ཚོགས་བསགས་ཀྱི་རིམ་པ་ཆེད་དུ་འབད་པ་གལ་ཆེ་ཞིང་། དེའང་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་ལུས་ངག་ཡིད་གསུམ། ཕྱི་ནང་གསང་གསུམ་འབྱོར་ཚོགས་ཅི་རིགས་ཀྱི་སྒོ་ནས་ཚོགས་བསགས་པའི་ཐབས་མཐའ་ཡས་པར་གསུངས་པའི་ནང་ཚན་མཆོག་ཏུ་གྱུར་པ་ནི་མཎྜལ་གྱི་རིམ་པ་ཉིད་ཡིན་ཏེ། ཅི་ཕྱིར་སྙམ་ན་དངོས་པོའི་རྒྱུ་ནོར་རྫས་ལོངས་སྤྱོད་ཀྱི་འབྱོར་བ་རྒྱ་ཆུང་ཞིང་སྡིག་ཚོགས་དང་སེར་སྣའི་དྲི་མས་ཐོག་མཐའ་བར་དང་དངོས་བརྒྱུད་བར་གསུམ་ནས་མ་གོས་པ་ནི་ཅི་ལྟར་བྱས་ཀྱང་འབྱུང་དཀའ་ཞིང་། དེས་ན་གླིང་བཞི་གླིང་ཕྲན་སྟོང་གསུམ་འཇིག་རྟེན་གྱི་ཞིང་ཁམས་རབ་འབྱམས་མཐའ་དང་མུ་མེད་པ་རྣམས་དང་། ཐ་ན་བདག་ལུས་ལོངས་སྤྱོད་དང་བཅས་པ་སྒོ་གསུམ་འདུན་པ་ཆིག་དྲིལ་གྱི་བློས་ཡོངས་སུ་འཁྱུད་དེ། འབུལ་བ་ནི་བྱ་སླ་ལ་ཆོད་ཆེ་བའི་རང་བཞིན་གསང་སྔགས་ཐབས་ཀྱི་ཁྱད་ཆོས་དུ་མས་འཕགས་པའི་ཕྱིར། མཎྜལ་གྱི་མདོ་ལས། འདི་ལ་ལུས་ཀྱི་ལས་བྱས་ན། །ཁ་དོག་གསེར་ལྟར་འགྱུར་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུར་གཟི་བྱིན་ལྡན། །ནོར་དང་གསེར་སོགས་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་ས། །མཆོག་གི་རིགས་སུ་སྐྱེ་བར་འགྱུར། །ཅེས་དང་། མདོ་སྡེ་རྒྱན་ལས། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་ན། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་འགྱུར། །ཞེས་གསུངས་པ་ལྟར། སྒྲུབ་པའི་མཎྜལ་མཆོད་པའི་རིགས་ཅི་འབྱོར་བཤམས་ཤིང་མཆོད་ཡུལ་གསལ་བཏབ་སྟེ་མཎྜལ་རྒྱས་པ་སོ་བདུན་མ་དང་། ཚོམ་བུ་བདུན་མའམ་སྐུ་གསུམ་མཎྜལ་སོགས་ལག་ལེན་ཚད་ལྡན་ཆད་ལྷག་མ་སོང་བར་བཏབ་ནས། ཁྱད་པར་དམིགས་པ་གཙོར་འདོན་པས་ཚོགས་རླབས་པོ་ཆེ་རྫོགས་དགོས་པ་ཡིན་པས་ཚོགས་རྫོགས་པའི་རྟགས་མཚན་རྣམས་མངོན་དུ་མ་གྱུར་བར་འབད་དགོས་སོ། །དེ་ནས་བླ་མའི་རྣལ་འབྱོར་ནི། འགྲོ་བ་ལྷ་དང་བཅས་པ། སྐྱེ་དགུའི་བདག་པོ་ཚངས་པ་སོགས་ཀྱིས་སྟོན་མི་ནུས་པ་དང་། རང་ཉིད་ལ་བརྩེ་བའི་ཕ་མ་དང་། གཉེན་གྲོགས་དགའ་མཛའ་སོགས་ཀྱིས་སྟོན་མི་ནུས་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་མཁན་གྱི་བླ་མ་ནི་བཀའ་དྲིན་ཤིན་ཏུ་ཆེ་བས་དད་པ་དང་དག་སྣང་གི་སྒོ་ནས་ཤེས་པར་བྱ་བ་ལྔ་ལྔ་སོགས་ཀྱིས་འགྲོ་བ་རྣམས་གང་ལ་གང་འདུལ་གྱི་ཕྲིན་ལས་གཅིག་ཏུ་མ་ངེས་པར་བཟང་ངན་བར་མ་དོར་རྣམ་པ་སྣ་ཚོགས་སྟོན་པར་མཛད་པས་ན་དད་པ་དག་སྣང་ཡང་དག་པར་བྱས་ནས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མ་གུས་པ་རྣམས་ཡོངས་སུ་སྤངས་ཏེ། ལུས་ངག་ཡིད་གསུམ་གྱིས་གུས་འདུད་ཚུལ་ལྡན་དང་། རྒྱུ་ནོར་ལོངས་སྤྱོད་ཀྱིས་མཆོད་པ་དང་། རབ་སྒྲུབ་པའི་ཞབས་ཏོག་སོགས་ཀྱིས་ཐུགས་མཉེས་པར་བྱས་ཏེ། བླ་མའི་རྣལ་འབྱོར་སྒོམ་པར་བྱ་བ་གལ་ཆེ་སྟེ། ས་ར་ཧས། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བརྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་དང་། ཨཱ་ལི་ཀཱ་ལིའི་རྒྱུད་ལས། དུས་རྣམས་ཀུན་ཏུ་བླ་མའི་རྣལ་འབྱོར་ལ། །ཡུན་དུ་བསྲིང་སྟེ་འབུངས་བར་མ་གཏོགས་པར། །བསྐྱེད་རྫོགས་ལ་སོགས་བྱ་བ་མང་པོས་ཀྱང་། །དག་པའི་སྣང་བ་ལམ་དུ་སློང་བར་དཀའ། །ཞེས་གསུངས་པ་ལྟར། རྟོགས་པའི་ཡེ་ཤེས་རང་རྒྱུད་དུ་བཙན་ཐབས་སུ་འཕོ་བའི་མན་ངག་ཀུན་གྱི་མཐར་ཐུག་བླ་ན་མེད་པ་ཉིད་ཡིན་ཏེ། ཅི་ཕྱིར་ཞེ་ན། བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོ་ནི། སྤྲོས་བྲལ་བདེ་བར་གཤེགས་པའི་སྙིང་པོ་ཉིད་ཡིན་པས། དེ་ལྟ་བུ་དབྱེར་མེད་རྟོགས་ཤིང་མཆོག་ཐུན་མོང་གི་དངོས་གྲུབ་ཡོངས་སུ་བརྙེས་པའི་བྱིན་རླབས་ཀྱི་ཚན་ཁ་འབར་བ་ནི་བླ་མ་རང་ལས་གཞན་འོས་སུ་ནམ་ཡང་མ་མཆིས་ཤིང་། དེ་ལྟ་བུའི་བྱིན་རླབས་གང་ཟག་སོ་སོ་སྐྱེ་བོའི་རྒྱུད་ལ་འཇུག་པར་བྱ་བའི་ཐབས་ཟབ་མོ་ནི། དད་པ་དང་མོས་གུས་ཁོ་ནའི་ལམ་ནས་དྲང་དགོས་པ་ཡིན་ཞིང་། དགོས་ཆེད་ནི་རང་གནས་ཀྱི་ཡེ་ཤེས་ངོ་མ་འཕྲོད་པའམ། མ་སྨིན་པ་སྨིན་པར་བྱེད་པའི་བྱིན་རླབས་ཀྱི་སྙིང་པོ་ཡོངས་སུ་ཐོབ་ཡོང་བའི་ཕྱིར། དཔེར་ན་མཆན་ལ་ཕབ་བཏབ་པའི་རྐྱེན་གྱིས་རོ་བཅུད་ནུས་པ་ཐམས་ཅད་མྱུར་བ་ཉིད་དུ་མངོན་སུམ་སྟོན་ཡོང་བ་ལྟར་རམ། ཉི་མའི་ཟེར་མེ་ཤེལ་གྱི་མཚམས་སྦྱོར་བས་སྤྲ་བ་ལ་མེ་ཐོགས་མེད་འབྱུང་བ་ལྟར་ཡིན་མ་གཏོགས་གཞན་ཚེ་འདིར་སྣང་ལ་མཁས་པ་དང་། ཆོས་ཚིག་ལ་མཁས་པ་དང་། དབང་ཆེ་ཞིང་བཙན་པ་དང་། ནོར་ཕྱུག་ཅིང་ཕོ་རྒོད་པ་དང་། ཁ་མཁས་ཤིང་དབང་ཆེ་བ་དང་། ཚུལ་ཁྲིམས་ལྡན་པ་དང་། ཐོས་བསམ་མཁས་པ་དང་། ཤེས་རབ་དང་བརྩོན་འགྲུས་ཆེ་བས་ཀྱང་རྟོགས་བྱ་མིན་པས་ན་བགེགས་གོལ་ས་ཡོད་མེད། ཉམས་རྟོགས་ཡོན་ཏན་སྐྱེས་ཆེ་ཆུང་། ས་ལམ་གྱི་བགྲོད་པ་མྱུར་ཞན། རང་གཞན་གྱི་གཏན་དོན་འགྲུབ་ཆེ་ཆུང་སོགས། ལམ་ཟབ་བླ་མའི་རྣལ་འབྱོར་ཁོ་ན་ལ་གཙོ་ཆེ་བས། རང་རྒྱུད་ལ་ནན་ཏན་བསྒོམ་དགོས་པ་ཡིན་ཏེ། ཉམས་ལེན་གྱི་སྐབས་སུ་བདག་བསྐྱེད་རྡོ་རྗེ་རྣལ་འབྱོར་མ་དང་། མདུན་བསྐྱེད་རྒྱལ་ཀུན་འདུས་ཞལ་ཨོ་རྒྱན་རིན་པོ་ཆེ་གསལ་ལ་ཡན་ལག་བདུན་པ་འབུལ་བ་དང་། གསོལ་འདེབས་ཅི་རིགས་དབྱངས་སྙན་པོས་འདོན་ཏེ་ལུས་བ་སྤུ་ལྡང་། མིག་མཆིལ་མ་འབབ། སེམས་དྲན་མེད་དུ་བརྒྱལ། ལུས་ཚུགས་མི་ཟིན་པ་མ་བྱུང་བར་དུ་མོས་གུས་ཀྱི་རྩལ་ཡང་ཡང་དུ་བསྐྱེད་པ་དང་། བཛྲ་གུ་རུ་བཟླས་མཐར་དབང་བཞི་ཞུ་ཐུགས་ཡིད་དབྱེར་མེད་དུ་བསྲེ་ཞིང་མཉམ་པར་འཇོག་ལ། བྱིན་རླབས་འཇུག་རྟགས་རྣམས་དངོས་ཉམས་རྨི་ལམ་དུ་མ་བྱུང་བར་དུ་འབད་པར་བྱའོ། །དེ་ནས་མ་ཧཱ་ཡོ་གའི་བསྐྱེད་རིམ་བསྒོམ་ཚུལ་ནི། རྒྱལ་བ་རྡོ་རྗེ་འཆང་ཉིད་ཀྱིས་གདུལ་བྱའི་སེམས་ཅན་གྱི་སྐལ་པ་དང་འཚམས་པའི་ཆོས་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཀུན་གྱི་སྐྱེལ་སོ་ནི་འབྲས་བུ་གསང་ཆེན་རྡོ་རྗེ་ཐེག་པ་ཉིད་ཡིན་ལ། དེའི་ལམ་ནི་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས་སུ་འདུས་ཏེ། སྣང་བ་རྡོ་རྗེ་འཆང་བའི་རྒྱུད་ལས། གང་ཕྱིར་རྡོ་རྗེ་འཆང་ཆེན་གྱིས། །གསུངས་པའི་དོན་ནི་རྣམ་མང་པོ། །མདོར་བསྡུས་རྣམ་པ་གཉིས་ཡིན་ཏེ། །སྨིན་པ་དང་ནི་གྲོལ་བའོ། །ཞེས་དང་། གསང་འདུས་ལས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་འདུས། །བསྐྱེད་པའི་རིམ་པ་དང་པོ་སྟེ། །རྫོགས་པའི་རིམ་པ་གཉིས་པའོ། །ཞེས་གསུངས་པ་ལྟར། འདིར་བསྐྱེད་རིམ་གྱི་སྒོམ་དོན་མདོ་ཙམ་བསྟན་ན། རང་བཞིན་གནས་པའི་གཞི་ཡེ་ནས་འཆིང་བ་ལས་འདས་པ་ནི་སྦྱང་གཞི། འཁྲུལ་བ་བཏགས་པའི་གཞི་མེད་སྣང་གློ་བུར་བ་རྣམས་ནི་སྦྱང་བྱ། ཡེ་ཤེས་ལམ་བདེན་གྱི་ཆ་གྱུར་འཁོར་དང་བཅས་པ་ནི་སྦྱོང་བྱེད་ལམ། འཁྲུལ་པ་དག་པའི་ཆ་ནི་བྲལ་བའི་འབྲས་བུ་མངོན་དུ་གྱུར་པ་ཡིན་ནོ། །སྒྲུབ་བྱའི་ལྷ་ནི་ཆོས་ཉིད་དོན་གྱི་ལྷ་རང་བྱུང་གི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་འཁོར་ལོ་སྟེ། དེའི་ངང་ན་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཡེ་ནས་འདུ་འབྲལ་མེད་ཀྱང་། དེ་ལྟར་མ་རྟོགས་པའི་དབང་གིས་རང་དང་ལྷ་མཆོག་དམན། ཉེ་རིང་། ཐ་དད་དུ་སྣང་ནས། བདག་འཆིང་བ་ཀུན་ལྡན་པས་ཉོན་མོངས་ཀྱི་སྦུབས་སུ་འཐུམ། ལྷ་ནི་རང་དོན་མཐར་ཕྱིན་ལ། གཞན་དོན་མཁྱེན་བརྩེ་ནུས་པ་ཚད་མེད་པའི་སྒོ་ནས་སྐུ་མཚན་མ་དང་། གསུང་རིག་སྔགས་དང་། ཐུགས་ཏིང་ངེ་འཛིན་གྱི་འཇུག་པའི་སྒོ་ནས་མཆོག་ཐུན་གྱི་དངོས་གྲུབ་ཡིད་བཞིན་དུ་སྩོལ་བར་མཛད་དོ། །དེ་ལྟར་སྒྲུབ་ཚུལ་ལ་ཕྱི་ནང་གསང་གསུམ་ལས། འདིར་ཕྱི་ལྟར་སྒྲུབ་པའི་ཚུལ་ལ། དང་པོ་སྐྱབས་སེམས། བགེགས་ཕྲལ་སྲུང་འཁོར། དེ་ནས་བྱིན་དབབ། མཆོད་རྫས་བྱིན་རླབས་འདི་ཡན་སྔོན་འགྲོའོ། །དངོས་གཞི་ནི། སེམས་ཀྱི་ཆོས་ཉིད་སྟོང་གསལ་སྤྲོས་པ་བྲལ་བ་ནམ་མཁའི་དཀྱིལ་ལྟར་མཐོང་བ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། གནས་ལུགས་དེ་ལྟ་བུ་ལ་འཁོར་འདས་གཉིས་སུ་མ་གྲུབ་པས་རང་རྩལ་ལ་སྒྱུ་མའི་མཚང་མ་རིག་སྟེ་འཁོར་བར་དབང་མེད་འཁྱམས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་སྒྱུ་མ་ལྟ་བུར་སྐྱེས་པ། ཀུན་སྣང་གི་ཏིང་ངེ་འཛིན། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་སྤྲུལ་པ་སོ་སོའི་ས་བོན་གང་རུང་རྒྱུའི་ཏིང་ངེ་འཛིན་རྣམ་པ་གསུམ་ཏེ། འདིས་འཆི་བར་སྐྱེ་གསུམ་གྱི་བག་ཆགས་སྦྱང་བ་དང་། སྐུ་གསུམ་གྱི་རྟེན་འབྲེལ་འགྲིགས་པ་དང་། སྦྱོང་བྱེད་ཁམས་རང་གི་ངོ་བོའི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཏེ། འདི་ལ་གོ་མྱོང་ཅི་རིགས་སྐྱེས་ན་བསྐྱེད་རིམ་ཕྱི་མ་རྣམས་ཀྱི་དག་སྦྱོར་རེ་རེ་བཞིན་ཞིབ་པར་མ་གྲུབ་ཀྱང་འགལ་བ་ཆུང་སྟེ། དོན་གྱི་གནད་རྣམས་འདིར་ཚང་བ་ཡིན་པས། ཐོག་མར་འདི་ཁོ་ན་ལ་གོམས་འདྲིས་བྱ་རྒྱུ་གལ་ཆེ། དེ་ནས་ས་བོན་རྣམས་ལས་འབྱུང་རིམ་དང་གཞལ་ཡས་ཁང་གདན་སོགས་བསྐྱེད་ཅིང་། ཐུན་མོང་དུ་མངལ་སྐྱེས་སྦྱོང་བྱེད་མངོན་བྱང་ལྔ་བསྐྱེད་དང་། མངོན་བྱང་བཞི་བསྐྱེད། ཆོ་ག་གསུམ་བསྐྱེད་གསུངས་པ་ལས་སྔ་འགྱུར་རྙིང་མའི་ཕྱོགས་འདིར་བསྡུས་པ་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ཕལ་ཆེར་བཤད་དེ། བསྐྱེད་ཚུལ་འདིས་ནི་སྐྱེ་གནས་གཞན་གྱི་བག་ཆགས་རྣམས་ཀྱང་ཞོར་ལ་སྦྱང་བར་གསུངས་པས། སྦྱོང་བྱེད་ནི་རྒྱུའི་ས་བོན་ནམ་མཁའ་ནས་གདན་ལ་བབ་པ་ནི་གསུང་ཡིག་འབྲུའི་ཆོ་ག །ཕྱག་མཚན་གང་ཡིན་ས་བོན་གྱི་མཚན་པ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ནས་འོད་ཟེར་གྱི་ཚུལ་དུ་ཐིམ་པ་ནི། ཐུགས་ཕྱག་མཚན་གྱི་ཆོ་ག །ས་བོན་ཕྱག་མཚན་ཡོངས་སུ་གྱུར་བ་ལས། བསྐྱེད་བྱའི་ལྷ་གང་ཡིན་པ་མཚན་དཔེ་གསལ་རྫོགས་སུ་གྱུར་པ་ནི་སྐུ་ཡོངས་རྫོགས་ཀྱི་ཆོ་གའོ། །བསྐྱེད་བྱའི་ལྷ་དེའང་ཡི་དམ་གང་ལ་བརྟེན་པའི་མངོན་རྟོགས་ལྟར་སྒོམ་པར་བྱ་བ་ལས་མཐའ་གཅིག་ཏུ་ངོས་བཟུང་དཀའ་ཡང་སྤྱི་ཙམ་དུ་བསྒོམ་བྱའི་ལྷ་ཞི་བ་དང་ཁྲོ་བོ་གཉིས་སུ་འདུས་པས་ཞི་བ་དེའང་ཞི་ཚུལ་དགུ་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ་ཅན། ཁྲོ་བོར་ཉམས་དགུ་དང་། དཔལ་གྱི་ཆས་བརྒྱད་དང་། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པའོ། །དེ་ལྟར་བྱིན་གྱིས་རླབས། ཡེ་ཤེས་པ་སྤྱན་དྲངས། བཞུགས་སུ་གསོལ། ཕྱག་འཚལ། ཕྱི་མཆོད་འདོད་ཡོན་རྣམ་ལྔ། ནང་མཆོད་སྨན་རཀ་གཏོར་གསུམ། གསང་མཆོད་སྦྱོར་སྒྲོལ་གཉིས། ཡང་གསང་དེ་ཁོ་ན་ཉིད་ཀྱིས་མཆོད་དོ། །དེ་ནས་བསྟོད་པར་བྱས་ཤིང་ལྷའི་སྣང་ཞེན་བསླབ་པ་ལ་གསུམ་སྟེ། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། དག་པ་དྲན་པ་སྟེ། མདོར་ན་སྤྱན་དཀར་ནག་ཚུན་ཆད་མ་འདྲེས་པ་སོ་སོར་ཁྲ་ལམ་མེར་གསལ་བ། ལྷ་བསྐྱེད་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྐུ་མདོག་ཞལ་ཕྱག་རྒྱན་ཆས་སོགས་བརྡའ་རྟགས་ཀྱི་རྩིས་ཟིན་པ། གཉུག་མའི་རྡོ་རྗེ་གསུམ་གྱི་ངོ་བོར་ཡེ་ནས་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱི་གཟུགས་བསྒོམ་བྱའི་ལྷ་གང་ཡིན་པ་ངའོ་སྙམ་པའི་ང་རྒྱལ་བཟུང་། ལྷ་དང་ཡེ་ཤེས་སེམས་དཔའ་ཐུགས་སྲོག་སྔགས་ཕྲེང་བཅས་བཀོད་པ་ཟླ་བ་སྐར་ཕྲེང་ལྟ་བུའི་བཟླས་པའོ། །ཐུགས་ས་བོན་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། ལྗང་ནག་དྲག་པོ། སྣ་ལྔ་ལས་དོན་གཉིས་བྱེད་པ་སོགས། ཐམས་ཅད་དམིགས་པའི་དལ་ཁ་བསྒྱུར་བ་རྒྱལ་པོའི་ཕོ་ཉ་ལྟ་བུའི་བཟླས་པ། ཡབ་ཡུམ་ཞལ་གསང་བརྒྱུད་ནས་སྔགས་ཕྲེང་བསྐོར་བ་དོ་ལིའི་བཟླས་པའམ། སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུ་སྒྲོགས་པར་མོས་པ་སྒྲུབ་པ་ཆེན་པོའི་བཟླས་པ་སྟེ། དེ་ལྟར་སྒོམ་བཟླས་བྱས་པས། སྐུ་དངོས་སུ་མཐོང་བ་དང་། ངག་ལ་བདེན་པ་གྲུབ་པ་དང་། སེམས་ཀྱི་ཆོས་ཉིད་ཀྱི་བདེན་པ་མཐོང་བ་སོགས་འབྱུང་བ་དགོས་ཆེད་དུ་མར་གསུངས། དེ་ནས་ཆོ་གའི་ཡན་ལག་ཚོགས་མཆོད་སྦྱང་སྤེལ། སྤྱན་འདྲེན། མཆོད་བཤགས། བསྒྲལ་བསྐང་། ཚོགས་རོལ། ལྷག་གཏོར་བཏང་། རྟ་བྲོ་བརྡུང་། དངོས་གྲུབ་བླང་། གནོང་བཤགས་བསྡུ་རིམ། བསྔོ་སྨོན། བཀྲ་ཤིས་སོགས་བརྗོད་ཅིང་ཚིག་རྗེས་དོན་འདྲེས་ངེས་བྱ་དགོས་པ་ཡིན་ཏེ། དཔེར་ན་འཕགས་ཡུལ་གྱི་གྲུབ་ཆེན་རྣམས་ཀྱིས་བསྐྱེད་རྫོགས་མན་ངག་སྣ་རེ་ལའང་སེམས་འཛིན་ལོ་གྲངས་སུ་མཛད་པས་རྒྱུད་ནས་བཤད་ཚོད་ཀྱི་ཡོན་ཏན་སྐྱེ་ཞིང་གྲུབ་པ་ཐོབ་པ་ལགས། རང་རེ་བོད་ཀྱི་ཡུལ་དུ་རྒྱུད་སྡེ་བཞིའི་བསྙེན་སྒྲུབ་ཐེངས་མ་ཁ་གྲངས་དུང་ཕྱུར་མང་པོར་བཟླས་ཀྱང་། ངག་གི་བདེན་པ་ཚད་ལྡན་ཞིག་འགྲུབ་པའི་ངེས་ཏིག་མེད་པ་འདི་དག་སྔགས་ཉམས་སུ་ལེན་པར་རློམ་ཡང་གནད་དང་མི་ལྡན་པའི་རྟགས་ཡིན་པར་གསུངས་པས། དེས་ན་ཆོ་ག་ལ་བསྐྱེད་རྫོགས་སོགས་ཀྱི་སྤྲོས་པ་དམིགས་བཅས་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་དུ་མར་ཡོད་ཀྱང་ཅུང་ཟད་ཙམ་མི་གསལ་མི་དྲན་པར་སེམས་ནག་ཐོམ་ལུང་མ་བསྟན་ཡུག་གཅིག་ཏུ་སོང་བ་འདི་དག་ལ་རྩོལ་བཅས་ཀྱི་གོམས་ཆ་བརྩོན་འགྲུས་རིམ་གྱིས་ན་སྤར་ནུས་པ་གལ་ཆེ་ཞིང་། ནང་ལྟར་ན་ལྷ་དེ་དག་ཐམས་ཅད་ཀྱི་སྙིང་པོ་ནི་རང་གི་དབུ་མའི་གྲོང་ཁྱེར་དུ་ཡེ་ཤེས་ཀྱི་རླུང་དང་ཐིག་ལེའི་དྭངས་མ་རང་ཡིན་པས། རྩ་གནས་རྣམས་སུ་རང་བཞིན་བཞུགས་པའི་ལྷ་ཡི་འཁོར་ལོ་གསལ་ལ། དེ་ཡང་རྩ་བ་ཙིཏྟ་འོད་ཀྱི་གུར་ཁང་བྱང་ཆུབ་སེམས་ཀྱི་ཐིག་ལེ་བདེ་ཆེན་འགྱུར་བ་མེད་པ་འདུས་མ་བྱས་པའི་རང་སྣང་ལ་དམིགས་ཏེ་རླུང་སྔགས་ཤེས་པ་གསུམ་དབྱེར་མེད་གཅིག་ཏུ་བཟླས་པས་མྱུར་དུ་འགྲུབ་སླ་སྟེ། རང་གི་མ་དག་པའི་སྒོ་གསུམ་སྤྱོད་ཡུལ་དང་བཅས་པ་ནི་གཡོ་བྱེད་ལས་རླུང་གི་ཆོ་འཕྲུལ་རང་ཡིན་པའི་ཕྱིར་རོ། །ད་ནི་ཨ་ཏི་ཡོ་གའི་དགོངས་དོན་ཤིན་ཏུ་སྤྲོས་མེད་གསང་བ་ལྟར་བསྒྲུབ་ཚུལ་ནི། འཁོར་འདས་ཐམས་ཅད་ཡེ་ནས་མཉམ་པའི་དབྱིངས་རང་སེམས་གདོད་ནས་མ་སྐྱེས་པ་རང་བྱུང་ཡེ་ཤེས་ཀྱི་དོན་རྟོགས་ན་བསྒྲུབ་བྱའི་ལྷ་ལོགས་ན་ཅུང་ཟད་ཙམ་ཡང་མེད་དེ། བརྟག་གཉིས་ལས། ལྷ་ཉིད་རང་ལ་རང་ཉིད་ལྷ། །ལྷ་དང་ལྷན་ཅིག་སྐྱེས་པ་ལ། །སྤྱན་དྲངས་གཤེགས་གསོལ་འདིར་མི་དགོས། །ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ༑ །ཡིན་པར་ཤེས་པས་བསྒོམས་པ་ལས། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་འདྲེན་གཤེགས་གསོལ་འདིར་མི་དགོས། །ཞེས་དང་། སྤྲོས་པ་མེད་པའི་གང་ཟག་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་གསུངས་པ་ལྟར། སྣང་གྲགས་རྟོག་ཚོགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་ཡེ་སངས་རྒྱས་བཞིན་མ་བསྐྱེད་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་རྩོལ་བྲལ་འབྲས་བུའི་ས་ལ་ད་ལྟ་ནས་གནས་བཞིན་བཟང་ངན་རྣམ་པར་དབྱེ་བའི་འཁྲུལ་རྟོག་གིས་མི་བཅིང་བར། རིག་པ་ཡེ་ནས་རྩོལ་སྒྲུབ་མེད་པའི་དོན་ལ་མཉམ་པར་རྩེ་གཅིག་བཞག་པས་སྒྲུབ་པ་ནི་ཟབ་མོ་ཀུན་གྱི་མཐར་ཐུག་སྟེ། ལྷ་དང་རང་སེམས་གདོད་ནས་དབྱེར་མེད་ཆེན་པོའི་གྲུབ་མཐའ་སྙེགས་ནས་སྒྲུབ་པ་ཀུན་གྱི་སྙིང་པོ་ཡོངས་སུ་གྲུབ་པར་འགྱུར་བ་ཡིན་ནོ། །འཁོར་འདས་ཀུན་དབྱིངས་དེ་ལས་སྣང་བའི་ཆོ་འཕྲུལ་ཙམ་ཡིན་པའི་ཕྱིར་ད་ལྟ་རང་མ་རིག་པ་སེམས་ཀྱི་ལྷ་དང་བདག་མཆོག་དམན་ཉེ་རིང་ཐ་དད་དུ་མར་འཛིན་སོང་བ་ལས། གནས་ལུགས་ཡེ་ཤེས་ཀྱི་ངང་དུ་ལྷ་དང་ཉེ་རིང་བཟང་ངན་ལ་སོགས་པ་ཐམས་ཅད་གཉིས་མེད་ལྷུན་གྲུབ་ཏུ་ཡེ་ནས་རང་བཞིན་གྱིས་གནས་པ་ནི། ད་ལྟར་གྱི་རིག་པ་སྐད་ཅིག་མའི་ཐོག་ཏུ་ཉམས་མྱོང་འཁྲུལ་བྲལ་གྱིས་ཐག་ཡོངས་སུ་ཆོད་རྒྱུ་ཡོད་པ་ཡིན་པས་ན། ཚུལ་འདི་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བའི་ཚུལ་བཞིན་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བས་བསྐལ་པ་མང་པོའི་ཚོགས་འདུམ་པར་གསུངས་པས་རྩེ་གཅིག་ཏུ་བརྩོན་པ་གལ་ཆེའོ། འོད་གསལ་རྫོགས་པ་ཆེན་པོའི་བླ་བརྒྱུད་དང་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་བརྒལ་ཉམས་སུ་བླང་ཚུལ་སོགས་ནི། ཀུན་ཏུ་བཟང་པོ་དང་། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། ཐུབ་པ་དྲུག །སྟོན་པ་བཅུ་གཉིས། བསྐལ་བཟང་གི་སངས་རྒྱས་སྟོང་སོགས་དགོངས་བརྒྱུད་དང་། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ཛྙཱ་ན་སུ་ཏྲ། བི་མ་མི་ཏྲ། ཨོ་རྒྱན་པདྨ་འབྱུང་གནས་བཅས་བརྡའ་བརྒྱུད། མྱང་བན་ཏིང་འཛིན་བཟང་པོ། ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེངྒེ་དབང་ཕྱུག །རྒྱལ་བ་ཞང་སྟོན་པ༑ མཁས་པ་ཉི་འབུམ། གུ་རུ་ཇོ་བེར། འཁྲུལ་ཞིག་ཆེན་པོ། མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། རྒྱལ་བ་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གྲུབ་དབང་ཤཱཀྱ་ཤྲཱི་སོགས་སྙན་བརྒྱུད་དེ་རྣམས་ཀྱི་རྣམ་ཐར་དང་ད་སྐབས་བླ་སློབ་བརྟགས་ཏེ་བསྟེན་ཚུལ་ཅུང་ཟད་བཤད་ཅིང་། བརྒྱུད་པ་དེ་དག་ལས་བྱུང་བའི་འོད་གསལ་རྫོགས་པ་ཆེན་པོ་ནི། གོ་རིམ་ཅུང་ཟད་སྤྲོས་ཞིང་བསྡུ་ན། སྟོན་པ་ཤཱཀྱ་ཐུབ་པས་སྡེ་སྣོད་གསུམ། སྔགས་ཕྱི་རྒྱུད་གསུམ་གསུངས། ལོངས་སྐུ་སྟོན་པ་རྡོ་རྗེ་འཆང་ངམ་རྡོ་རྗེ་སེམས་དཔས་བསྐྱེད་རྫོགས་གཉིས་གསུངས། ཆོས་སྐུ་སྟོན་པ་ཀུན་ཏུ་བཟང་པོས་ཨ་ཏི་ཡོ་ག་གསུངས། སྟོན་པ་གསུམ་པོ་ཡང་སོ་སོར་མ་ཡིན་པ་ཆོས་སྐུའི་དུས་ན་ཀུན་བཟང་། ལོངས་སྐུའི་དུས་ན་རྡོ་རྗེ་འཆང་། སྤྲུལ་སྐུའི་དུས་ན་ཤཱཀྱ་ཐུབ་པ་རྒྱལ་བ་སྐུ་གསུམ་གྱི་བདག་ཉིད་ཅན་དེ་དག་གིས་བསྟན་པའི་ཆོས་ནི། ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡོད། ཐེག་པའི་འཇུག་སྒོ་ལ་བསྡུ་ན། འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས་སུ་འདུས། འཇིག་རྟེན་ལས་འདས་པའི་ཐེག་པ་དེའང་། རྣམ་གྲོལ་གྱི་ཐེག་པ་དགུར་འདུས། དེའང་ཉམས་སུ་ལེན་བྱ་མན་ངག་གི་ཚུལ་དུ་བསྡུ་ན་སྐྱེས་བུ་གསུམ་ལ་འདུས། སྐྱེས་བུ་ཆེན་པོ་དེ་ལའང་རིང་ལམ། མྱུར་ལམ་གཉིས་ཡོད། རིང་ལམ་བསྐལ་པ་གྲངས་མེད་མང་པོར་རྫོགས་སྨིན་སྦྱང་བ་རྒྱ་མཚོའི་ཕ་མཐར་ཕྱིན་ནས་སངས་རྒྱས་ཐོབ་པ་དང་། ཉེ་ལམ་སྔགས་ཕྱི་རྒྱུད་ལྟ་བུར་ཡིན་ན་མི་ཚེ་བཅུ་དྲུག་གམ་བདུན་ནམ། བསྐྱེད་རྫོགས་གཉིས་ཀྱིས་མི་ཚེ་གཅིག་མྱུར་ལམ་གྱི་ལོ་དང་ཟླ་བས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བཞེད་དེ། ཨ་ནུ་མན་ཆད་ཐེག་པ་བརྒྱད་པོ་རྩོལ་བཅས་ཀྱི་ལམ་ཡིན་པ་དང་། སེམས་ལས་འདས་པའི་ཡེ་ཤེས་ལམ་དུ་བྱེད་པ་རྩོལ་མེད་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གར་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡོད། ཚུར་བསྡུ་ན་སེམས་ཀློང་མན་ངག་གི་སྡེ་གསུམ་ལ་འདུས། མན་ངག་སྡེ་ལ་ཕྱི་སྐོར་ནང་སྐོར་གསང་སྐོར་ཡང་གསང་བླ་ན་མེད་པའི་སྐོར་དང་བཞི་ཡོད། ཡང་གསང་དེ་ལ་རྒྱུད་བཅུ་བདུན་སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད་ཡོད། དེ་ཡི་དབང་དང་མན་ངག་གི་གནད་ཐམས་ཅད་བསྡུས་པ་བི་མའི་གསང་བ་སྙིང་ཐིག་དང་། པདྨ་མཁའ་འགྲོའི་སྙིང་ཐིག་ནི་མ་ལྟ་བུར་ཡིན་ཞིང་། ཀློང་ཆེན་པའི་བླ་མ་ཡང་ཏིག་དང་ཟབ་མོ་ཡང་ཏིག་བཅས་བུ་ཡིག་ཡིན། སྤྱིར་ཕྱག་རྫོགས་དབུ་གསུམ་ལ་གཞི་ལམ་འབྲས་གསུམ་རེ་ཡོད་ཀྱང་། འདིར་སྐབས་སུ་བབ་པ་བསྡུ་ན། ཀྱེ་རྡོ་རྗེ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར། དང་པོ་གཞི་རྫོགས་པ་ཆེན་པོ་ནི། སེམས་ཅན་ཤེས་རྒྱུད་ཀྱིས་བསྡུས་པའི་འགྲོ་བ་རྐང་གཉིས་རྐང་བཞི་རྐང་མང་རྣམས་ཀྱི་ཤེས་རྒྱུད་འདི་ལ་གཞི་ཟེར། གཞི་དེའི་གནས་ལུགས་ནི། སེམས་ཅན་གྱི་རྒྱུད་ན་ཡེ་སངས་རྒྱས་པའི་རིགས་སམ། བདེ་གཤེགས་སྙིང་པོ་ཅན་དེ་ཡིན། མིང་གི་རྣམ་གྲངས་ནི། ངོ་བོ་ཡེ་དག་གི་སངས་རྒྱས། རང་བཞིན་རྣམ་དག་གི་སངས་རྒྱས། གཞི་ལྷུན་གྲུབ་ཀྱི་སངས་རྒྱས་སོགས་ཟེར་ལ་འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་རྫོགས་ཡོད་རུང་གོ་མི་ཆོད་ཟེར་བ། འོན་ཀྱང་གློ་བུར་དྲི་མས་སྒྲིབ། །ཅེས་གསུངས་པ་ལྟར། གློ་བུར་གྱི་དྲི་མ་རྒྱས་པ་ཞིག་ཕྱེ་ན་ཕུང་པོ་ལྔ། དེ་ཚུར་བསྡུ་ན་སྒོ་གསུམ། དེ་བསྡུ་ན་གཟུང་འཛིན་གཉིས། དེ་བསྡུ་ན་བློ་རྣམ་པར་རྟོག་པ་བྲེང་ངེ་འདིའི་བསྒྲིབས་པས། དཔེར་ན་ཉི་མ་སྤྲིན། ནོར་བུ་འདམ་ལྟ་བུའི་དྲི་མ་བཅས་པའི་སྐབས་སུ་གཞི་རྫོགས་པ་ཆེན་པོ་ཟེར། ལམ་རྫོགས་པ་ཆེན་པོ་ནི། ལམ་གྱི་འཇུག་སྒོ་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་གདམས་པ་གཉིས་ལས། དང་པོ་ཆོས་སྡེ་འདིའི་དབང་ནི་ཚིག་དབང་དེ་ལ་དབྱེ་ན་སྤྲོས་བཅས་སོགས་བཞི་ཡོད། གྲོལ་བྱེད་གདམས་པ་ལ་སྔོན་འགྲོ་དངོས་གཞི་གཉིས། དངོས་གཞི་ཐུན་མིན་བསྐྱེད་རྫོགས་གཉིས་བཞག་པ་ལས། ཐུན་མོང་མ་ཡིན་པ་འོད་གསལ་རྫོགས་པ་ཆེན་པོའི་ཁྲིད་འཆད་པར་བྱ་སྟེ། ཆོས་དབྱིངས་མཛོད་ལས། རྒྱུ་དང་འབྲས་བུ་ཐེག་པ་ཅན་རྣམས་ཀྱི། །ང་དང་ང་ཡི་རང་བཞིན་མཐོང་འདོད་པ། །མཁའ་ལ་གོམ་བོར་ས་ལ་ལྷུང་བ་བཞིན། བྱིས་པའི་འདག་ཁང་འདྲ་སྟེ་འཇིག་པའི་ཆོས། །རྒྱུ་འབྲས་བྱིས་པ་དྲང་བའི་ལམ་ཉིད་དེ། །མས་འཛེག་སྐལ་དམན་ལམ་དུ་ཐག་བཅད་དེ། །རང་བཞིན་བཅུ་ཡི་རྩོལ་སྒྲུབ་འདས་པའོ། །ཞེས་དང་། ཀུན་བྱེད་ལས། ཆོས་གཅིག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ཏིང་འཛིན་གསུམ་དང་ལྕོག་བཞག་རྣམ་པ་ལྔ། །རང་བྱུང་དག་པ་རྡོ་རྗེ་ཕུང་པོ་ལ། །བསྙེན་སྒྲུབ་ཡན་ལག་བཞི་ཡི་ལྷ་བསྒོམས་ནས། །སྣང་ལ་རང་བཞིན་མེད་པ་བྱེད་པ་ནི། །བཙལ་ཞིང་བསྒྲུབས་ནས་རང་སེམས་ལྷར་བཅོས་པས། །དེས་སོགས་རང་སེམས་བྱར་མེད་མཐོང་བ་མེད། །ཅེས་གསུངས་པ་ལྟར། སྒོམ་པའི་སྐབས་མདོར་བསྡུ་ན་གྲོལ་འཁྲུལ་གྱི་ཀུན་གཞི་རྣམ་དབྱེ་ཕྱེད་ཅིང་། ལྟ་བ་ངོས་བཟུང་སྒོམ་པའི་སྐབས་མདོར་ན་ལུས་ངག་ཡིད་གསུམ་གཙོ་དེད་བྱ། ལུས་རྡོ་རྗེའི་འདུག་སྟངས། ངག་ཧཱུྃ་གི་རྩལ་སྦྱང་། གཉེན་རྩལ། རྗེས་འདེབས། ལམ་སློང་དང་། སེམས་བྱུང་གནས་འགྲོ་གསུམ་གྱིས་བརྡར་ཤ་བཅད་དེ། བར་དུ་སེམས་རིག་གི་དབྱེ་བ་ཕྱེད་ཅིང་སྐུ་གསུམ་ངོ་རང་ཐོག་ཏུ་སྤྲད། བཞག་ཐབས་རྣམ་པ་བཞི་དང་གསུམ་གྱི་ངང་ལ་བསྐྱངས། གྲོལ་ལུགས་གསུམ་མམ་བདུན་གྱི་གདེང་བཟུང་ཞིང་མཐར་རྣམ་ཤེས་ཡེ་ཤེས་ཀྱི་རྣམ་དབྱེ་ཕྱེད་ཅིང་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་འཁོར་འདས་ལ་བཟླ་བར་བྱ་སྟེ། དེའང་བསྡུ་ན། བླ་མ་ཚད་ལྡན་ནི། ངལ་གསོ་ལས། ཡེ་ཤེས་ཉི་མ་ལྟ་བུའི་འོད་ཟེར་རྒྱས་པ་ཡི། །མ་རིག་རིག་པར་བྱེད་པའི་སྐྱེས་བུ་མཆོག་དེ་ནི། །གསེར་འགྱུར་རྩི་ལྟར་ཆོས་རྣམས་བདེ་བར་བསྒྱུར་མཛད་པ། །ཐབས་ལ་མཁས་པ་འཁོར་ལོས་སྒྱུར་རྒྱལ་བསྟེན་པར་བྱ། །ཞེས་དང་། ཇི་སྐད་དུ། གྲངས་མེད་གསུམ་དུ་དཀའ་ཐུབ་ཀྱི། །གདུང་བས་དབང་པོ་ཚར་བཅད་ཀྱང་། །རྟོགས་པར་དཀའ་བའི་རྡོ་རྗེ་སེམས། །མ་ནོར་མངོན་སུམ་སྟོན་ལ་འདུད། །ཅེས་དང་། གདམས་ངག་ཚད་ལྡན་ནི། དཔལ་སྤྲུལ་གྱི་མཛོད་བདུན་བསྟོད་པ་ལས། མོས་གུས་ཐོབ་ནས་ཚིག་དོན་དཔྱོད་ཤེས་ན༑ །གཞུང་བཟང་འདི་དག་ཇི་ཙམ་མཇལ་བའི་ཡུན། །དེ་སྲིད་དེ་བློར་ཆོས་ཉིད་མངོན་སུམ་གྱི། །འོད་གསལ་མཆོག་ལས་གཡོས་པ་ཡོད་རེ་སྐན། །ཞེས་དང་། གཞུང་བཟང་འདི་དག་ཡན་ལག་ཡོངས་རྫོགས་པའི། །ལྷ་ལུས་མཛེས་པ་རྒྱན་གྱིས་སྤྲས་པ་འདྲ། །འདི་དང་བསྒྲུན་ན་མཁས་པའི་བསྟན་བཅོས་གཞན། །ཕྱོགས་རིས་ཡན་ལག་དུམ་བུར་མཐོང་དང་མཚུངས། །ཞེས་དང་། སློབ་མ་སྣོད་ལྡན་ནི། ཀོང་སྤྲུལ་ཞལ་གདམས་ལས། སྦྱང་བ་སྔོན་སོང་དབང་པོ་ཡང་རབ་དང་། །མོས་གུས་ཚད་དུ་ཕྱིན་པའི་སྐྱེས་བུ་མཆོག །དེ་དག་སུ་ལྡན་རིམ་རྩོལ་མ་བྱས་ཀྱང་། །ཆོས་ཉིད་བདེན་པ་གཟིགས་པ་འཐད་རུང་ཡིན། །ཞེས་དང་། སྡོམ་གསུམ་རྣམ་ངེས་ལས། རབ་མཆོག་སྦྱངས་པ་མཐར་སོན་སྐལ་ལྡན་ནི། །དབང་བསྐུར་ཐོབ་པས་སྡོམ་གསུམ་གཅིག་ཆར་སྐྱེས། །རྟོགས་གྲོལ་དུས་མཉམ་ཨིནྡྲ་བྷཱུ་ཏི་བཞིན། །ཞེས་དང་། མོས་གུས་ཚད་ལྡན་ནི། ཡོན་ཏན་མཛོད་ལས། མོས་གུས་ཆེ། སྤྲོ་བ་འགའ་ཞིག་སྐྱེས། སེམས་བཙན་ཐབས་སུ་གྲོལ། འདུས་པ་བརྒྱ་ཕྲག་ཐལ་བ་ལ་ཁྲིད་འཆད་རྒྱུ་བྱུང་གསུངས་ལྟར་དང་། འཇིགས་གླིང་གིས། སྒོམ་སྲན་ཅན་འཇིག་རྟེན་པའི་བསམ་གཏན་ལས་ན་མི་འཕར། མོས་གུས་ཅན་གནས་ལུགས་ཀྱི་གསང་ཐེབ་པ་ཤ་སྟག་འབྱུང་། ཞེས་གསུངས་པ་ལྟར། ཚད་ལྡན་བཞི་ཚོགས་ནས་བཟུང་། ལྟ་བ་ངོ་རང་ཐོག་ཏུ་སྤྲད་པ་ལ་ཀ་དག་རྗེན་པ་ཟང་ཐལ་ལམ། རང་བབ་ཀྱི་ཤེས་པ་ཕྱིར་མི་སྤྲོ་བར་ནང་དུ་ལྷོད་ཀྱི་གློད་དེ་བཞག་པས་མིང་འདོག་དཔྱོད་པ་དང་བྲལ་བར་འཆར་བ་དེ་གཉུག་མའི་ཡེ་ཤེས་རྫོགས་པ་ཆེན་པོ་ཡིན། སྒོམ་པ་ཐག་གཅིག་ཐོག་ཏུ་བཅད་པ་ནི། བཟོ་བཅོས་སྤང་བླང་། དགག་སྒྲུབ་གཉིས་འཛིན་རེ་དོགས། བྱ་སྤྱོད་གང་དང་ཅིར་ཡང་མི་བྱ་བར་དུས་རྣམ་ཀུན་ཏུ་གཅེར་མཐོང་རང་གྲོལ་དུ་ཤེས་པའི་ངང་དེ་ཉིད་མ་ཤོར་བར་སོ་མར་སྐྱོང་བ་ནི་སྒོམ་པ། སྤྱོད་པ་གྲོལ་ཐོག་ཏུ་གདེང་བཟུང་བ་ལ། དེ་ལྟར་འཆར་གཞི་རིག་པ་རྒྱུན་ཆད་མེད་པར་བསྐྱངས་བས་རྩལ་གྱི་རྣམ་རྟོག་དང་ཉོན་མོངས་སོགས་རང་ཤར་རང་གྲོལ་རང་གནས་ལས་འདའ་ས་མེད་པས་སྤྱོད་པའོ། །འབྲས་བུ་དབྱིངས་རིག་དབྱེར་མེད་བཙན་ས་བཟུང་བ་ནི། དེ་ལྟར་དབྱེར་མེད་ཆུ་ལ་ཆུ་བཞག་པའམ་རྫ་སྣོད་ཀྱི་ནམ་མཁར་འདྲེས་པ་ལྟར་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ། སྐུ་གསུམ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་ནས་གང་ཟག་མིའི་ལུས་ལ་དགོངས་པ་སངས་རྒྱས་རྟོགས་པ་ནི་འབྲས་བུའོ། །ཡང་ན་ད་ལྟར་གྱི་རིག་པ་དྲན་བསམ་བཅོས་དང་བྲལ་བ་འདི་ཀ་ཆོས་སྐུ་ཀ་དག་གི་དགོངས་པ་རང་བྱུང་གི་ཡེ་ཤེས་ངོ་རང་ཐོག་ཏུ་སྤྲོད། སྔ་ཕྱི་དྲན་རྟོག་མེད་པ་ད་ལྟར་གྱི་རིག་པ་སོ་མ་བཞི་ཆ་སུམ་བྲལ་གྱི་ངང་བསྐྱངས་ཏེ། ཐག་གཅིག་ཏུ་བཅད། རང་ཤར་རང་གྲོལ་རྦ་རླབས་ཆུར་ཐིམ་པ་ལྟར་དྲན་རྟོག་རྗེས་མེད་བྱུང་ཚོར་གཞིར་ཐིམ་གདེང་གྲོལ་ཐོག་ཏུ་བཅའ་དགོས་པ་ཡིན་ནོ། །ལུང་ལས། བག་ཆགས་སྦུབ་ཀྱི་རིག་པ་དང་། །མཁའ་ལ་གནས་པའི་རིག་པ་གཉིས། །ཡེ་ཤེས་སྒོ་ཡིས་མཚམས་སྦྱར་ནས། །བག་ཆགས་སྦུབ་ཀྱི་མ་བསྒྲིབས་པར། །གཉིས་མེད་ཟང་ཐལ་ཆེན་པོར་གནས། །རྟོགས་པའི་དོན་ཆེན་དེ་ལྡན་ན། །སེངྒེ་མཆོང་བའི་ས་ཆོད་ལྟར། །རང་རིག་ཡེ་ཤེས་ཆེན་པོ་ཡིས། །བར་དོ་མེད་ཅིང་སྐད་ཅིག་ལ། །རིན་ཆེན་སྦུབ་ཀྱི་ནང་དུ་ཆུད། །ཅེས་དང་། མི་ཕམ་རྣམ་རྒྱལ་རྒྱ་མཚོའི་ཞལ་གདམས་ལས། གློག་འདྲ་ཚེ་འདིའི་སོ་ཚིས་ལྟ་ཅི་སྨོས། །སྲིད་བདེའི་རྒྱུར་བྱེད་སྨོན་པ་ཀུན་བཏང་ལ། །འཁྲུལ་སེམས་བདག་ཏུ་འཛིན་པའི་གསོས་འདེབས་པའི། །ཀློག་དང་བཟླས་སྒོམ་མཆོད་སོགས་ཀུན་ཀྱང་ཞོགས། །མ་འཁྲུལ་ཡིན་ལུགས་ལྟོས་དང་བདག་མེད་དོ། །ཞེས་དང་། གང་ཞིག་བུ་རུ་བཟུང་ན་དེར་ཤེས་འགྱོད། །གང་ཞིག་དགྲ་རུ་བཟུང་ན་དེར་ཤེས་དཀའ། །ངོ་བོའི་གཏིང་ན་བདེ་སྡུག་ཡེ་གྲུབ་མེད། །ལུས་ལ་ཆགས་པ་རྣམས་ཀྱིས་ལུས་སྲུང་ཞིང་། །དེ་ལ་མ་ཆགས་པ་རྣམས་ལུས་ཀྱང་གཏོང་། །བདག་གཞན་བཟོད་བསྲན་ཆུང་རྣམས་ཚེར་མས་འཇིགས། །ཞེན་མེད་རྣམས་ནི་མནར་མེད་མེས་མི་འཇིགས། །ཞེས་པ་ལྟར་དང་། ལྷུན་གྲུབ་ཐོད་རྒལ་ནི། དེ་ལས་ཁྱད་པར་བདུན་སོགས་ཀྱིས་འཕགས་ཤིང་། དག་པ་ཡེ་ཤེས་ཀྱི་སྣང་བ་འདི་མིག་གིས་མཐོང་བ་ཙམ་གྱིས། འགྲོ་དྲུག་གི་སྐྱེ་སྒོ་ཆོད་དེ། འོད་ལྔ་རྩིབ་ཤར། གྱེན་འགྲེང་སོགས་འཆར་དུས་སྐྱེ་བ་འཕོས་ཀྱང་བར་དོར་སངས་རྒྱས། རྩོལ་མེད་ཐིག་ལེ་སྟོང་སྒྲོན་མཐོང་བ་ཙམ་གྱིས་སྐྱེ་བ་གཉིས་ནས་ཆོས་འདི་དང་འཕྲད་དེ་སངས་རྒྱས། ཁྱད་པར་དབྱིངས་རིག་སྨིན་མཚམས་བྲལ་དུས་འཁོར་འདས་རྒྱབ་གྱེས་ཏེ་མངལ་གྱི་གྲོང་ཁྱེར་མི་འཇུག་ཅིང་། རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་རྫུས་ཏེ་སངས་རྒྱས་པ་ལ་ཐེ་ཚོམ་མེད་དོ། །དེ་ནས་ཡེ་ཤེས་ཀྱི་གནས་དང་འཆར་བའི་ལམ་དང་། སྒོ་ལ་སོགས་པ་དང་། ལུས་འདུག་སྟངས་གསུམ། མིག་གི་གཟིགས་སྟངས་གསུམ། ཡུལ་གྱི་རྟེན་གསུམ་དང་། རླུང་རིག་དལ་བར་བསླབས་པས་སྒྲོན་མ་བཞི་འཆར་ཚུལ་དང་སྣང་བ་བཞིའི་འོད་སྐུར་ཚེ་འདི་དང་བར་དོར་སོགས་གྲོལ་ཚུལ་གྱི་རིམ་པ་རྣམས་ཏེ། ཡི་གེ་མེད་པ་ལས། དག་པའི་རང་བཞིན་ཀུན་ལ་ཁྱབ། །ཆོས་སྐུ་གདམས་ངག་ཉིད་ལ་ཐུག །ཅེས་དང་། ཐལ་འགྱུར་ལས། མངོན་སུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བའི་མིང་མེད་པའི། །སྲིད་གསུམ་བརྡར་ཤ་ཆོད་པའོ། །ཞེས་སོགས་གསུངས་པ་ལྟར། ཀ་དག་ཁྲེགས་ཆོད་ཀྱིས་སེམས་ཡོངས་སུ་རིག་པར་སྨིན་པ་དང་། ལྷུན་གྲུབ་ཐོད་རྒལ་གྱིས་རིག་པ་དག་པའི་སྐུར་ཡོངས་སུ་སྨིན་ནས་སྐུ་དང་ཞིང་ཁམས་ཚད་དང་མུ་མེད་པའི་དཀྱིལ་འཁོར་འདུས་མ་བྱས་པའི་རང་བཞིན་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་འུབས་སུ་ཆུབ་ནས་མཐར་ཐུག་གི་འབྲས་བུ་གདོད་མའི་ཆོས་སྐུ་འགྱུར་བ་མེད་པ་ཐིག་ལེ་ཉག་གཅིག་གི་བདག་ཉིད་ཐོབ་པར་བྱེད་པའོ། །དེ་ནས་འོད་གསལ་ཕྱག་རྒྱ་ཆེན་པོའི་བླ་བརྒྱུད་དང་། གདམས་པའི་གོ་རིམ་དང་ཉམས་སུ་བླང་ཚུལ་སོགས་ནི། འོག་མིན་གནས་ན་བཞུགས་པའི་རྒྱལ་བ་རྡོ་རྗེ་འཆང་། རྒྱ་གར་གྱི་གྲུབ་ཆེན་ཏཻ་ལོ། ནཱ་རོ། བོད་ཀྱི་ལོ་ཙཱ་བ་མར་པ། མི་ལ། དྭགས་པོ། ཕག་གྲུ། གླིང་རས། རྒྱ་རས། དབོན་རས་སོགས་ནས་བློ་གྲོས་སེངྒེ། མཁྱེན་བརྩེ་རྟོགས་ལྡན། འཇམ་དབྱངས་ཡེ་ཤེས་རིན་ཆེན། བློ་གྲོས་མཆོག་ལྡན། ཤེས་རབ་བཟང་པོ། འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར། རྒྱལ་དབང་ཆོས་རྗེ། ངག་དབང་ཆོས་རྒྱལ། འཇམ་དབྱངས་ཆོས་གྲགས། ཀུན་སྤང་ཤེས་རབ་རྒྱ་མཚོ། ཀུན་མཁྱེན་པདྨ་དཀར་པོ། ངག་དབང་བཟང་པོ། བསྟན་པའི་ཉི་མ། གྲུ་དབང་ཤཱཀྱ་ཤྲཱི་སོགས་ནས་བརྒྱུད་པའི་འོད་གསལ་ཕྱག་རྒྱ་ཆེན་པོ་དེ་ལའང་། རྣལ་འབྱོར་ཆེན་པོའི་རྒྱུད་ལས། རྟོག་པ་མེད་ཅིང་འཁྲུགས་མེད་པ། །ཡིད་འོང་རྡོ་རྗེའི་གསུང་གཅིག་པུ། །གདུལ་བྱའི་བསམ་པའི་དབང་གིས་ནི། །བྱེ་བྲག་མང་པོར་འགྱུར་བ་ཡིན། །ཞེས་པ་ལྟར། ཐེག་པའི་རྣམ་གྲངས་ཀྱང་། ཉན་ཐོས། རང་རྒྱལ། ཐེག་པ་ཆེན་པོ་དང་གསུམ་ལས། ཐེག་ཆེན་དེ་ལ་ཡང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་གཙོ་བོར་སྟོན་པ། ཕར་ཕྱིན་རྒྱུའི་ཐེག་པ་དང་། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་གཙོ་བོར་སྟོན་པ་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་ཡོད་པ་ལས། ཕྱི་མ་སྔགས་ཀྱི་ཐེག་པ་འདི་ལའང་། ནང་གསེས་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུ་སྡེ་བཞིར་དབྱེ་ཡང་། དེ་དག་ཐམས་ཅད་ཀྱི་མཐར་ཐུག་གི་འབབ་ས་ནི། སྙིང་པོ་བླ་ན་མེད་པ་ཕྱག་རྒྱ་ཆེན་པོའི་གདམས་པ་འདི་ཉིད་ཡིན་ནོ། །འདི་ཡི་མཚན་དོན་ཡང་དྭགས་པོ་རིན་པོ་ཆེས། སྣང་སྲིད་འཁོར་འདས་རྣམས་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་མི་འདའ་བར་རྟོགས་པ་ནི་ཕྱག་གོ། །ཅིར་སྣང་ཅི་སྲིད་ཐམས་ཅད་གཉུག་མའི་དོན་ལས་མི་འདའ་བས་རྒྱའོ། །ཆོས་ཉིད་རང་གྲོལ་དུ་རྟོགས་པས་ན་ཆེན་པོའོ། །དེ་ལྟར་ཕྱག་ཆེན་རང་ལ་ཡང་ནང་གསེས། བཤད་པ་ཚིག་གི་སྐོར། གདམས་ངག་ཉམས་ལེན་གྱི་སྐོར། རྟོགས་པ་བྱིན་རླབས་ཀྱི་སྐོར་དང་གསུམ་ཡོད་པའི། དང་པོ་བཤད་པ་ཚིག་གི་སྐོར་ལ། གསང་བ་གྲུབ་པ་དང་། ཐབས་ཤེས་གྲུབ་པ་སོགས་གྲུབ་པ་སྡེ་བདུན། དོ་ཧ་དང་བདག་བྱིན་རླབས་པ་སོགས་སྙིང་པོ་སྐོར་དྲུག །དོ་ཧ་དེ་དང་། བདག་མེད་གསལ་བ་སོགས་ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉེར་གཅིག་རྗེས་འབྲང་དང་བཅས་པའོ། །གདམས་ངག་ཉམས་ལེན་གྱི་སྐོར་ལ། གཅིག་ཅར་བའི་ལམ་གཙོ་བོར་སྟོན་པ་ཐོག་བབས། ཐོད་རྒལ་བའི་ལམ་གཙོ་བོར་སྟོན་པ་བསམ་གཏན་ཐུན་འཇོག །རིམ་གྱིས་པའི་ལམ་གཙོ་བོར་སྟོན་པ་རྟོགས་བརྗོད་གསེར་ཕྲེང་སོགས་ལས་ཕྱི་མ་རྟོགས་པ་བྱིན་རླབས་ཀྱི་སྐོར་ཏེ་འདི་ལ་ལྷན་ཅིག་སྐྱེས་སྦྱོར་དང་། དངོས་གཞི་དེ་ལ་ཐོག་མཐའི་ཉམས་ལེན་བསྣན་པ་ལྔ་ལྡན། ངོ་སྤྲོད་ཐོག་མར་བྱས་ནས་རྒྱུན་སྐྱོང་བ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་སོགས་ཡོད་པ་ལས། ཀུན་གྱི་ཕྱི་མོར་གྱུར་པ་ལྷན་ཅིག་སྐྱེས་སྦྱོར་དུ་གྲགས་པ་འདི་ཉིད་འཆད་པའི་སྐབས་སུ་བབས་པ་ལ། ལྷན་ཅིག་སྐྱེས་སྦྱོར་ཞེས་པའི་མཚན་དོན་ཡང་བརྟན་གཡོ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་དང་། རང་རང་གི་ཆོས་ཉིད་དེ་བཞིན་ཉིད་དག་སྔ་ཕྱི་མེད་པར་གདོད་མ་ནས་དུས་མཚུངས་པར་གནས་པས་ན། ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། ལྷན་སྐྱེས་དེ་ལ་ཡང་། རང་བཞིན་ལྷན་སྐྱེས། ཞུ་བདེ་ལྷན་སྐྱེས། བདེ་སྟོང་ལྷན་སྐྱེས་ཞེས་བཞེད་པ་ལྟར་ན་ཡང་། འདིར་ནི་རེ་ཞིག་དང་པོ་ལྟར་ཡིན་ལ། ཕྱིས་ནས་ནི་སྔ་ཕྱི་དེ་དག་ཀྱང་རྣམ་དབྱེར་མེད་པར་འགྱུར་བ་ཡིན་ནོ། །ཚུལ་འདི་ནི་གོང་དུ་བཤད་པ་ལྟར་མདོ་རྒྱུད་མཐའ་དག་གི་ངོས་ནས་ཡིན་པའི་ཕྱིར། དེ་དག་ཀུན་ཀྱང་འདི་ཉིད་སྟོན་པའི་གཞུང་དུ་འགྱུར། དེ་ཡི་གཙོ་བོ་དེ་ཉིད་ཀྱི་རྩ་གཞུང་ནི། རྗེ་བཙུན་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོའི་གཞུང་གི་སེམས་དངོས་པོའི་གནས་ལུགས་བསྟན་ལ་དབབ་པའི་སྐབས་སུ། སེམས་ཀྱི་གནས་ལུགས་བསྟན་པ་ནི། །ཞེས་སོགས་གཞི་ལམ་འབྲས་བུ་སྟོན་པའི་གཞུང་དེ་དག་ལས་འཕྲོས་ནས། གྲུབ་ཆེན་ཏིལླིས། རྗེ་བཙུན་ནཱ་རོ་པ་ལ་ངོ་སྤྲོད་དུ་གསུངས་པའི་ཚིགས་བཅད་དང་། ནཱ་རོ་པའི་གཉུག་མ་ཆིག་ཆོད་དུ་ཁྲིད་གཅིག་ཅར་བའི་ལམ། རྗེ་སྒམ་པོ་པའི་ཚིགས་རྐང་གསུམ་མ་འདི་སོགས་ཐོད་རྒལ་བའི་ལམ། དཔལ་ལྡན་ཕག་གྲུའི་ཕྱག་ཆེན་ཚིགས་བཅད་མ་དང་། འགྲོ་མགོན་རྒྱ་རས་ཀྱིས་མཛད་པའི་ཚིགས་བཅད་མ་གཉིས་རིམ་གྱིས་པའི་ལམ། དེ་ལྟར་དོན་ཚན་གསུམ་པོ་ལ་ལྷན་ཅིག་སྐྱེས་སྦྱོར་སྔ་ཕྱི་བར་གསུམ་གྱི་ཐ་སྙད་མཛད་མོད། དོན་སྒོམ་རིམ་བསྡུས་འབྲིང་རྒྱས་པར་ཕྱེ་བ་གསུམ་ཡིན་ལ། དེ་ལས་འཕྲོས་པ་ཕག་གྲུའི་ཞུས་ལན་དང་། ཆོ་རྗེ་རས་པ་དཔོན་སློབ་རྗེས་འབྲང་དང་བཅས་པས་མཛད་པའི་རྣལ་འབྱོར་བཞིའི་ཞལ་གདམས་གསུང་སྒྲོས་རྣམས་ལ་ཉམས་མྱོང་གི་སྤུ་རིས་འབྱེད་པའི་སྐོར། སྒམ་པོ་པ་ཁུ་དབོན་ནས་བདག་གི་འདྲེན་པའི་བར་དུ་བྱུང་བ་ངོ་སྤྲོད་ཀྱི་ཡིག་རིས་ཀུན་ཀྱང་ལམ་ཁྱེར་གྱི་སྐོར་ཞེས་གྲགས་པ་ཡིན་ལ། དེ་ལས་འདིར་ལམ་རིམ་རྒྱས་པ་ལྷན་ཅིག་སྐྱེས་སྦྱོར་གྱི་མན་ངག་སྟོན་པར་བྱེད་པ་སོགས་ཆོས་ཀྱི་གོ་རིམ་ཅུང་ཟད་ཤེས་པར་བྱས་ནས། ཞི་གནས་བསྒྲུབ་བྱ་མ་དག་པ་རྡེའུ། དག་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྟེན་དང་། རླུང་ཅན་གྱི་རིམ་པ་བཅས་ཉིན་བདུན་རེ་སྒོམས། དེའང་གང་ཟག་གི་བློས་གྲིམ་ལྷོད་དང་བརྩོན་འགྲུས་ཆེ་ཆུང་ལ་བསྟུན། རྟེན་མེད་ལ་གནས་འགྱུ་ཡེངས་རིགས་བཞི་དང་ལྡན་པའི་ཞི་གནས་བརྟན་ཆ་ཐོབ་ཙམ་ནས་ཐོལ་སྐྱེས་རྦད་ཆོད་ཀྱིས་ཉིན་བདུན་གཉིས་གསུམ་ལ་སྒྲིམ། གང་ཤར་བཟོ་མེད་དུ་ལོ་གཉིས་གསུམ་དུ་གློད། དེ་ནས་བདེ་གསལ་མི་རྟོག་པའི་ཉམས་ཤར་ཚེ་བཞག་ཐབས་བཞིས་རྒྱུན་སྐྱོངས། ཉམས་རྩལ་རྫོགས་ཕྱིར་ལོ་གཅིག་གཉིས་བསྒོམ། དེ་ནས་གནས་འགྱུའི་རྩད་གཅོད་ལྷག་མཐོང་ངོས་བཟུང་སྤྲོས་བྲལ་གཏན་ལ་འབེབས་ཤིང་ལོ་ཁ་ཤས་བཞག །སྣང་བ་སོགས་རོ་གཅིག་རྟོགས་པ་དང་། རོ་གཅིག་དུ་མར་འཆར་ཕྱིར་རོ་སྙོམས་སྐོར་དྲུག་གིས་སྤྱོད་པའི་བོགས་དབྱུང་ཞིང་ལོ་ལྔ་བདུན་གང་རུང་བཞག །འཁོར་འདས་དབྱེར་མེད་རྟོགས་ཕྱིར་སྒོམ་མེད་ཆེན་པོས་མི་ཚེའི་ཉི་མ་ཟད་དུ་འཇུག་པར་བྱ་དགོས་ཤིང་། དེའང་གོ་མྱོང་རྟོགས་གསུམ་གྱི་རྣམ་དབྱེ་ཕྱེད། རིག་ཁམས་སྒྲིབ་བྱེད་བྱིང་རྒོད་རྨུགས་འཐིབས་བཞི་ངོས་བཟུང་། ཞི་གནས་རྐྱང་པར་གོལ་ས་དང་། ཉམས་བདེ་གསལ་མི་རྟོག་པ་གསུམ་གྱི་གོལ་ས་དང་། དགྲ་ལང་གི་གེགས་བཞི། སྟོང་ཉིད་ཀྱི་འཕྲལ་ཤོར་བཞི། རྣལ་འབྱོར་བཞིའི་གོལ་ས་བཞི་སོགས་ཀྱི་དབང་དུ་མ་སོང་བར། རྣལ་འབྱོར་བཞིའི་བར་ལག་འགྱེལ་ལུགས་དང་། སྐྱེ་འགག་གནས་གསུམ་དང་བྲལ་བ། རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ། སྤྲོས་པའི་མཐའ་བརྒྱད་ལས་འདས་པ། སྟོང་ཉིད་བཅོ་བརྒྱད་དང་ལྡན་པའི་རང་བཞིན་ལ་དཔེ་ཆའི་གོ་བ་དང་འོལ་ཚོད་ཙམ་མ་ཡིན་པར་ཉམས་མྱོང་གི་རྡོ་རུས་ཐུག་པར་བྱ་བ་གལ་ཤིན་ཏུ་ཆེ་ཞིང་། དེ་བཞིན་དུ་བླ་མ་ཉམས་མྱོང་ལྡན་ངེས་ཀྱིས་མ་ཟིན་ན་སྤྲོས་བྲལ་རྟོགས་དུས་ནས་བལྟ་རྒྱུ་ཅི་ཡང་མེད་པར་རེད་སོང་སྙམ་ནས་སྒོམ་སྣ་སུན་ཁུར་བ་དང་། མིན་ཀྱང་ཉམས་རྟོགས་རེས་འགའ་སྐྱེས་དུས་ནས་མཐོན་པོར་བརླམས་ནས་དྲན་པས་འཚོ་སྐྱོང་མི་བྱེད་པར་ལྟ་སྒོམ་སྤྱོད་པ་ཐ་མལ་དུ་འཁྱོར་ཉན་སོགས་ཡོད་པ་དང་། བླ་མས་ཀྱང་ཉམས་མྱོང་སྐྱེས་ཙམ་ནས་རྟོགས་པ་ལ་ན་སྤར་སྔ་སོང་ན་སྔ་མའི་ཉམས་བོར་ནས་ཕྱི་མའི་རྟོགས་པ་སྐྱེ་ཆུང་བ་ཡིན། དཔེར་ན་ཚད་རིམས་དྲག་པོ་མ་སྨིན་པའི་ཐོག་ཏུ་སྨན་ཆེན་གཏོང་སྔ་ན་ཚ་བ་འཐོར་ནས་རྒྱུན་ནད་དུ་སོང་སྟེ་གདུང་བ་ལྟ་བུ་དང་། ན་སྤར་ཕྱི་ནའང་སྔ་མའི་ཉམས་ལ་གོམས་འདྲིས་འཇགས་ནས་ན་སྤར་མི་ཐུབ་པའི་སྐྱོན་ཡོད་པ་ནི། དཔེར་ན་ནད་སྐྲན་བཅའ་ཚར་བའི་རྗེས་སུ་སྨན་ཕྱེ་བཏང་བ་ལྟ་བུ་ལས་དོན་མི་ཡོང་བ་སོགས་གནད་འགག་ཤིན་ཏུ་མང་བས་གོང་དུ་བཤད་མ་ཐག་པའི་ཚུལ་ལྟར། ལས་དང་པོ་པའི་སྐབས་སུ་གཉེན་པོ་གྲིམ་ཆ་གཙོ་བོར་བྱས་ནས་སེམས་ཞི་གནས་ཀྱི་བརྟན་ཆ་རབ་ཏུ་གྱུར་པས་ཤིན་སྦྱངས་ཐོབ་པ་ཞིག་དགོས་པ་ཡིན་མ་གཏོགས། སེམས་ཀྱི་རྙོག་མ་མ་དྭངས་ན་ནམ་ཡང་གོམས་སྟོབས་ཀྱི་དཔྱིས་ཟིན་པར་དཀའ་བ་དང་། བར་དུ་གྲིབ་ལྷོད་སྙོམས་དགོས་ཏེ་སེམས་ཀྱི་དྭངས་སྙིགས་མ་འབྱེད་ན་རྣམ་པར་མི་རྟོག་པའི་བསམ་གཏན་ནམ་ལྷག་མཐོང་གི་རང་ངོ་ནམ་ཡང་མི་འཕྲོད་པ་དང་། མཐར་ལྷོད་ཆ་གཙོ་བོར་གཏོང་དགོས་ཏེ་རང་བྱུང་གི་རིག་པའམ་གཞིར་གནས་ཀྱི་ཡེ་ཤེས་འཕོ་མེད་འགྱུར་མེད་ཀྱི་གདེང་ཡོངས་སུ་བརྙེས་ནས་གྲུབ་པ་ཐོབ་དགོས་པའི་ཕྱིར་རོ། །དེའང་ཐུན་དང་པོ་ལ་གོང་བཞིན་བླ་མའི་རྣལ་འབྱོར་བསྒོམས་ནས། གཉིས་པར་བསྙེན་སྒྲུབ་བམ་མཉམ་བཞག་བྱ། གྲོལ་དུས་ཕྱག་བརྒྱ་རེ་འཚལ་བས་ལུས་ཀྱི་ནད་ཞི། རླུང་ཁུག་པ་སངས། ཁམས་ཤིན་ཏུ་དྭངས། ལུས་ཡང་ཞིང་རྒས་པའི་སྡུག་བསྔལ་མི་འབྱུང་ཞིང་མཐར་ཐུག་དགེ་བའི་འབྲས་བུ་སོགས་ཚད་མེད་པ་དང་། གཉེན་པོ་སྟོབས་བཞི་ལྡན་པས་ཡིག་བརྒྱ་ཚར་ཉེར་གཅིག་རེ་བཟླས་པས། སྡིག་སྒྲིབ་ཆེ་བ་རྣམས་མགོ་མནན། འབྲིང་པོ་རྣམས་ཁ་བྲི། ཆུང་ངུ་རྣམས་རྩ་བ་ནས་འབྱིན་པར་བྱེད་པའི་དགོས་ཆེད་ཁྱད་པར་ཅན་ཡོད་པ་དང་། མ་ཟད་ཚིག་རྗེས་དོན་དྲན་སྙིང་རྗེའི་མཚམས་སྦྱོར་ཡོང་ངེས་ཀྱིས་བར་དོའི་སེམས་ཅན་རྣམས་ལ་གཏོར་མ་དང་གསུར་བསྔོ་ཞིང་བསྔོ་སྨོན་གྱི་མཚམས་སྦྱོར་བྱ་བ་དང་། བསྟན་འགྲོ་ཕན་བདེའི་རྒྱུ་འགྱུར་བའི་ཕྱིར། སྤྱོད་འཇུག་ལས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་དང་། ཨོ་རྒྱན་ཆེན་པོས། ལྷའམ་བླ་མ་ལ་སོགས་པ། །དཀོན་མཆོག་གསུམ་གྱི་རྟེན་དྲུང་དུ། །བསམ་འདུན་དག་པའི་ཚོགས་བསག་ཅིང་། །སྨོན་ལམ་རྒྱ་ཆེན་གདབ་པར་བྱ། །དེ་ཡི་བསོད་ནམས་ཚད་མེད་དོ། །ཞེས་དང་། འགྲོ་བའི་དོན་དུ་སྨོན་ལམ་སུས་བཏབ་པ། །དེ་ནི་སངས་རྒྱས་ལམ་ལ་མྱུར་བ་ཡིན། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་དར། བླ་མའི་སྐུ་ཚེ་བརྟན། དགེ་འདུན་ཐུགས་མཐུན་ཁྲིམས་གཙང་། ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་སོགས་ཀྱི་ཡོན་ཏན་གོང་ནས་གོང་འཕེལ་དུ་ཕྱུག་ཅིང་། བསྟན་པའི་སྦྱིན་བདག་རྣམས་ཀྱི་གཙོས་གྱུར་ལ་ནད་ཡམས་འཁྲུགས་རྩོད་སོགས་དུས་ཀྱི་རྒུད་པ་ཞི་བ་དང་། ཚེ་བསོད་ནམས་བདེ་སྐྱིད་བདེ་བའི་དངོས་པོ་ཀུན་དབྱར་མཚོ་བཞིན་དུ་བརྡོལ་བའི་ཕྱིར་དུས་རྒུད་ཞི་བ་དང་། སངས་རྒྱས་བསྟན་པ་རྒྱས་པའི་སྨོན་ལམ་ཁྱད་པར་ཅན་རྣམས་ཆེད་དུ་འདོན་པར་བྱ་ཞིང་། ཇ་བསྐོལ་བའི་ཚེ་རང་ཡི་དམ་བསྒོམ། ཐབ་ཁ་གཞལ་ཡས་ཁང་། མེ་ལྷ་ཡེ་ཤེས་པ་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པར། བུད་ཤིང་སྲེག་རྫས་གང་འཛོམས་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐིམ། དེ་དག་ཕུལ་བས་སྦྱོང་བར་མོས་ལ། ཨོཾ་བཛྲ་སཏྭ་ཧཱུྃ། ཨོཾ་སརྦ་པ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེ་བརྗོད་དོ། །ཆུ་ནི་མཱ་མ་ཀི་ཡི་ངོ་བོ་ཡིན་པ་ལ་ཡིན་པའི་ངེས་ཤེས་བསྐྱེད་ལ། རྣམ་པ་བཾ་ལས་ཆུ་ཡི་ལྷ་མོ་རྡོ་རྗེ་ཌཱཀྐིའི་སྐུར་གསལ། བཛྲ་ཌཱཀྐི་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླ་ཞིང་། ནད་གདོན་སྡིག་སྒྲིབ་ཞི་བའི་གསོལ་བ་བཏབ་མཐར་འོད་དུ་ཞུ་ནས་བདུད་རྩིའི་རང་བཞིན་བསམ་ལ་ཆུ་ལེན་པ་དང་། ཁྲུས་བྱ་བ་སོགས་བྱའོ། །གཞན་བཟའ་བཏུང་བྱིན་རླབས་བྱ་ཚུལ་ནི། ཡི་དམ་སྐུར་གསལ་བའི་མགྲིན་པར་བླ་མ། སྙིང་ཁར་ཡི་དམ། ལྟེ་བར་ཆོས་སྐྱོང་། རྩ་ཁམས་དཔའ་བོ་དཔའ་མོ་གསལ་ལ། འཛམ་བུའི་གླིང་གི་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་པའི་སྟེང་དུ། ཨཱཿལས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ས་བོན་ཕྱག་མཚན་བཅས་པར། རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་བའི་སྟེང་གི་ནམ་མཁར་ཨོཾ་ཨཱཿཧཱུྃ་གི་འོད་ཟེར་གྱིས་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་དང་། ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་ཐིམ་པས། དམ་ཡེ་གཉིས་སུ་མེད་པ་བདུད་རྩིའི་རྒྱ་མཚོ། ཡི་དམ་ཡབ་ཡུམ་གྱི་བྱང་སེམས་བདེ་སྟོང་གི་ངོ་བོར་གྱུར་པར་བསྒོམས་པས་བཟའ་བཏུང་ཟོས་ཚད་བྱིན་གྱིས་བརླབས་པར་འགྱུར་ཞིང་། དཀོར་དང་སྐུ་གླུད་ཀྱི་ཉེས་པ་དག་པར་གསུངས་སོ། །བཏུང་བའི་སྐབས་རང་ཡི་དམ་གྱི་ཐུགས་ཀ་ནས་འོད་འཕྲོས་པས་ཡི་གེ་བཾ་སེར་གཅིག་ཏུ་གྱུར་པ་འོད་དུ་ཞུ། ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། ཕུད་གཏོར་ཏེ། ཉོན་མོངས་ལྔ་པོ་རྣམ་དག་ཅིང་། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །བདུད་རྩི་ལྔ་ཡི་རང་བཞིན་མཆོག །བླ་མ་ཡི་དམ་རྣམས་ལ་འབུལ། །ཞེས་བརྗོད་ནས་ལྷ་རྣམས་མཆོད་པར་མོས་ལ་བཏུང་ངོ་། །ཤ་སྤང་ཐུབ་ན་རབ་དེ་མིན་ན་ཉ་སྟོང་ཚེས་བརྒྱད་གསུམ་དུ་སྤང་ཞིང་ཉིན་ཤ་བསྔོས་ཤ་མི་ཟ། སེམས་ཅན་ཐམས་ཅད་ཕ་མ་ལན་གྲངས་བྱས་པ་ཡིན་ངེས། ཁྱད་པར་འཕགས་པ་ཀཱ་ཏྱཱ་ཡ་ནས་གཟིགས་པ་ལྟར་ན་ཚེ་འདིའི་ཕ་མ་སྤུན་སྲིང་ཤི་བ་དེའི་རྣམ་ཤེས་ཞུགས་པའི་ཤ་ཨེ་ཡིན་ངེས་པ་མེད། དེ་ཡིན་ན་ད་ལྟའི་ཕ་མ་སོགས་ཤན་པས་སྲོག་བཅད་དེ། ཤ་དེ་བདག་ལ་སྦྱིན་པ་བཟའ་འདོད་སྐྱེའམ། ཤ་འདི་ནི་དེ་དངོས་ཡིན་སྙམ་པར་གྱིས་དང་། སྙིང་འཁུམས་ཤིང་། ཞེ་ལོག་ཏིང་ངེ་བ་ཞིག་དང་། སྙིང་རྗེ་མི་སྐྱེ་བའི་ཐབས་ག་ལ་ཡོད། དེ་ཁའི་ཤེས་པ་ངར་མི་ཉམས་པའི་ངང་ནས། ཀཾ་ཀ་ནའི་གཟུངས་དང་བཏགས་གྲོལ་གྱི་སྙིང་པོ། ཡིག་བརྒྱ་སོགས་ཅི་ནུས་བཟླས་ཤ་ལ་ཕུས་འདེབས་ཏེ་བསྔོ་བ་དང་སྨོན་ལམ་གདབ་སྟེ་བཟའོ། །དེ་བཞིན་ཆང་ནི་ཆོས་པའི་བདུད་འདི་ལས་ཆེ་བ་མེད་དེ། དཔེར་ན་ཉེས་པ་གཞན་གཅིག་བྱས་པས་བྱས་པ་དེའི་ཉམས་ཆགས་ལས། སྲུང་སྡོམ་གཞན་རྣམས་དག་པར་ཡོད་པས་དེའི་རྟེན་བྱེད་ནས་ཡོན་ཏན་སྐྱེ་ཐབས་ཡོད། ཆང་གིས་མྱོས་པར་གྱུར་ན་ཁྱིམ་པའི་དགེ་བསྙེན་ཡིན་ན་རྩ་བཞིའི་སྣ་འགའ་དང་། ཕལ་ཆེར་གྱི་བསྲུང་བྱ་ཐམས་ཅད་བག་མེད་པས་ཉམས། དགེ་ཚུལ་ཡིན་ན་རགས་པ་བཅུ། བླང་འདས་སུམ་ཅུ། དགེ་སློང་ཡིན་ན་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ། བྱང་སེམས་ཡིན་ན་ཕར་ཕྱིན་དྲུག །བསྡུ་དངོས་བཞི། དཀར་ནག་གི་ཆོས་བརྒྱད། རྩ་ལྟུང་བཅོ་བརྒྱད། སྨོན་འཇུག་གི་བསླབ་བྱ་གཉིས་དང་ཉི་ཤུ། ཉེས་བྱས་རྣམས། གསང་སྔགས་ཡིན་ན་བླ་མེད་སྤྱིའི་དམ་ཚིག་ཏུ་རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་གི་དམ་ཚིག་སྦོམ་པོ་བརྒྱད། ཁྱད་པར་རྫོགས་པ་ཆེན་པོའི་ལུགས་ལ་སྲུང་མེད་གཅིག་ཆར་བའི་དམ་ཚིག་བཞི། སྲུང་མཚམས་ཅན་གྱི་དམ་ཚིག་ལ་རྩ་བ་བླ་མའི་སྐུ་གསུང་ཐུགས་གསུམ་ལ་དགུ་དགུར་ཕྱེ་བས་ཉེར་བདུན། ཡན་ལག་གི་དམ་ཚིག་འབུམ་སྡེ་རྣམས་ཀྱང་ཆང་གིས་མྱོས་པས་བསྲུང་མཚམས་བག་མེད་གྱུར་ནས་ཉམས་པར་བྱེད་ཅིང་། ཡོན་ཏན་སྐྱེ་བའི་རྟེན་མེད་པར་བྱེད་པའི་ཕྱིར་ཤིན་ཏུ་གཟབ་དགོས་སོ། །འོ་ན་ཕལ་ཆེར་གྱིས་ཆང་བཏུང་ཞིང་སོ་ཐར་བྱང་སེམས་གཉིས་ལ་བཀག་སྟེ། གསང་སྔགས་ལམ་ལ་ཡོན་ཏན་ཆེ་བར་བཞེད་དེ་འདོད་ཡོན་མ་སྤངས་གསུངས་པ་དང་དངོས་སུ་ཉམས་རྟོགས་འཕེལ་བའི་བདུད་རྩི་ཡིན་པ་དང་། ཨོ་རྒྱན་ཆེན་པོ་དང་། བིར་ཝ་པ་སོགས་ཀྱི་རྣམ་ཐར་སྨོས་རྒྱུ་ཡོད་དོ་སྙམ་ན། དེའི་རྗེས་སུ་འཇུག་ནུས་མིན་རང་རྒྱུད་ལ་བརྟག་དཔྱད་གྱིས་དང་རྟོགས་གོམས་གདེང་ཚད་ལྡན་པའི་གུ་རུ་རིན་པོ་ཆེས། ཆང་ཁལ་ལྔ་བརྒྱ་དུས་གཅིག་ལ་བཞེས་ཀྱང་བཟི་བ་ལྟ་ཅི་ངོམ་པ་ཙམ་མ་བྱུང་། དེ་བཞིན་དུ་ཆང་རིན་མ་འཁྱོངས་པས། ཉི་མ་སྟོད་ལ་མནན་པ་སོགས་ཀྱི་ལོ་རྒྱུས་འདུག་པས་རང་རེས་ཀྱང་དུག་རྗེན་ཟ། ཉི་ཟླ་བཙོན་དུ་བཟུང་། རི་བོ་ཕན་ཚུན་བརྗེ། ནམ་མཁའ་ལ་འཕུར་བ་སོགས་བྱ་ནུས་སམ་མི་ནུས་སྐྱོན་ཡོན་ཏན་ཅི་འདུག་ཉམས་དཔྱད་ནས་སྤང་བླང་ངེས་པར་བྱ་དགོས་ཤིང་། རྟོགས་གོམས་གདེང་དང་ལྡན་ན་སོ་ཐར་བྱང་སེམས་གཉིས་ལའང་ཆང་བཀག་མི་དགོས། གལ་སྲིད་བཀག་ན་ཨོ་རྒྱན་ཆེན་པོ་ལ་སོ་ཐར་དང་བྱང་སེམས་གཉིས་པོ་མེད་པར་ཁས་ལེན་དགོས་པ་དང་། དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་ལ་གསང་སྔགས་ཀྱི་སྡོམ་པ་ཡང་མེད་པར་འགྱུར་བས། དེ་ལྟར་ན་ལོག་ལྟ་དེ་བས་ཆེ་བ་མེད། རྟོགས་གོམས་ཀྱི་གདེང་དང་མ་ལྡན་ན་གསང་སྔགས་ཡིན་ཀྱང་བཀག་བྱ་ལས་གནང་བ་མེད་དེ། ཨོ་རྒྱན་ཆེན་པོས། སྙིགས་མ་ལྔ་བདོར་གྱུར་པའི་དུས། །གསང་སྔགས་དམ་རྫས་ཤ་ཆང་ལ། །སྤྱོད་དུ་རུང་བའི་ལུང་སྨོས་ཏེ། །ཏིང་འཛིན་ཉམས་ཀྱི་དྲོད་མེད་པར། །ཤ་ཁྲག་ཆང་ལ་ཐམས་ཅད་སྦྱོར། །འདི་ཡང་དམ་ཚིག་མེད་དོ་ཞེས། །ཆོས་བཞིན་སྤྱོད་རྣམས་ཐབས་ཀྱིས་སྨོད། །དེ་འདྲ་བསྟན་པའི་མཐའ་རུ་འབྱུང་། །ཀྱེ་མ་ཀྱེ་ཧུད་དམྱལ་བ་ལས། །འགྲོ་ས་མེད་དོ་སྙིང་རེ་རྗེ། །ཞེས་གསུངས་པ་ལྟར་མདོར་ན་ལམ་ཞུགས་པས་རྣལ་འབྱོར་གྱི་སྤྱོད་པ་མི་བྱ། རྣལ་འབྱོར་པས་གྲུབ་ཐོབ་ཀྱི་སྤྱོད་པ་མི་བྱ་བར་སྤྱོད་པ་དུས་ཚོད་དང་འབྲེལ་ངེས་པར་བྱ་དགོས་གསུངས་པས་གཟབ་འཚལ། ཐུན་བར་དུ་རྣམ་ཐར་དང་སྔོན་འགྲོ་ལ་ཅུང་ཟད་བལྟ་དགོས་ཞེས་པའང་། ངེད་རང་སྒོམ་ཆེན་པ་རྣམས་ལ་ཐོས་བསམ་རྒྱ་ཆེ་བ་རེ་མེད་ན་གནས་ལུགས་མི་རྟོགས་ཟེར་བ་དང་། ཐོས་བསམ་གཏན་ནས་མི་དགོས་ཟེར་བ་སོགས་མཚུངས་ལྡན་ཞིག་ལབ་པ་མ་ཡིན་ཞིང་། དོན་དུ་རིག་འཛིན་འཇིགས་མེད་གླིང་པས། ཡོན་ཏན་མཛོད་དུ་གསུངས་པ་ལྟར། ཐོས་བསམ་དགོས་ཟེར་བ་དེ་གཞན་དག་ཅི་རིགས་རིགས་ལ་གོ་དགོས་པ་མིན། རང་རང་གི་ཉམས་སུ་བླང་བྱའི་ལྟ་སྒོམ་སྤྱོད་འབྲས། སྦྱོར་དངོས་རྗེས་གསུམ་ཙམ་ལ་ཐོས་པས་གོ་རྒྱ་ཆེ་བ། བསམ་པས་སྒྲོ་འདོགས་ཆོད་པ། སྒོམ་པས་ངང་བསྐྱང་རྒྱུ་ཡོད་པ་ཞིག་བྱ་དགོས། ཞེས་གསུངས་པ་ལྟར་བྱ་བ་ལས། མུན་ནག་མདའ་འཕེན། ནེ་ཙོས་ཆོས་འདོན། དྲེད་མོང་གི་ཕྱི་བ་བརྐོ་བའམ། བྱིས་པའི་མེ་ཏོག་བཏུ་བའམ། མགོ་མ་ཚོས་གོང་ནས་ལྕེ་ལ་བསྙབ། གང་མ་ཞུ་གོང་ནས་དོ་འཐུང་། ཟེར་བའི་དཔེ་ལྟར་དང་། མཁས་པ་དཔེ་ཆའི་ནང་ན་ཡོད། །དཔེ་ཆ་སྔས་མགོའི་སྟེང་ན་ལྷག །དགོས་པའི་དུས་ན་འུ་ཐུག་ཅིང་། །ཞེས་གསུངས་པ་ལྟར་དུ་མ་སོང་བར། ཉིན་གཞུང་རྒྱལ་བ་གོང་མ་རྣམས་ཀྱི་རྣམ་ཐར་ཁྱད་པར་ཅན་རྣམས་དང་། སྔོན་འགྲོ་ཐུན་མོང་ཐུན་མིན་ཙམ་མཇལ་ཞིང་ཚིག་དོན་བློ་ལ་མངོན་པར་བྱང་ཆུབ་པས་ངེས་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ཞིག་དང་། གཞན་ལ་འཆད་པའི་དབང་དུ་བྱས་ནའང་ཐོགས་རྡུགས་མེད་པ་གོམས་ཆ་ཐོན་ངེས་ཞིག་བྱ་དགོས་སོ། །དེ་ནས་ཐུན་དུང་ལན་གསུམ་འབུད་པའི་སྐབས་དུད་འགྲོས་དུང་གི་སྒྲ་ཐོས་པ་ལྟ་བུར་མི་བྱ་བར་དྲན་ཤེས་བག་ཡོད་ལྡན་པས་བསྐྱེད་རྫོགས་ཀྱི་ཉམས་ལེན་གང་རུང་ལ་འཇུག་ནས་ཐུན་གྲོལ་ཚེ། མེ་ལ་ཚ་བའམ། ཆུ་ལ་རླན་ནམ། ནམ་མཁའ་ཀུན་ལ་རིས་མེད་དུ་ཁྱབ་པ་ལྟར་དགེ་བ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་བསྔོ་དགོས་ཏེ། རྗེ་འབྲིང་གུང་སྐྱོབས་པས། ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་སྨིན་པས། །གཞུག་བསྔོ་སྨོན་འདི་ལ་ནན་ཏན་གྱིས། །ཞེས་དང་། སྦྱིན་དང་ཚུལ་ཁྲིམས་སྒོམ་ལ་སོགས། །ཇི་སྙེད་དགེ་བའི་རྩ་བ་རྣམས། །མི་ཟད་འབྲས་བུ་འབྱིན་པའི་ཕྱིར། བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །ཞེས་དང་། ཇི་སྐད་དུ། བསྔོ་བ་མི་ཟད་ལམ་ཡིན་པས། །སྤེལ་དང་སྦྱོང་བའི་ཆོས་ཅན་ནོ། །ཞེས་གསུངས་པ་ལྟར། རྒྱུ་ནི་རང་གི་ལམ་བསྐྱེད་རྫོགས་ཀྱི་རིམ་པ་མཚོན་བྱེད་བྱས་ནས། རྒྱལ་བ་སྲས་བཅས་ཀྱིས་དུས་གསུམ་བསགས་པའི་དགེ་ཚོགས་བཅས། ཡུལ་ལྷ་མི་དང་ཉན་རང་བྱང་སེམས་ཀྱི་གོ་འཕང་ཐོབ་ཕྱིར་ཙམ་མ་ཡིན་པར་དོན་གཉིས་ལྷུན་གྱིས་གྲུབ་པ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ས་ཁོ་ནར་རང་དོན་དང་ཉེ་འབྲེལ། འབྲེལ་ཐོག་ཕྱོགས་རེ་བ་ཙམ་གྱི་ཕྱིར་དུ་མ་ཡིན་པར་ནམ་མཁའི་མཐར་ཁྱབ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཞིང་། བདེ་བའི་རྒྱུ་འབྲས་གཉིས་ཀྱིས་མཐར་ཐུག་དེ་ལྟ་བུ་ཐོབ་པར་བྱ་བའི་ཕྱིར། རྒྱལ་བ་སྲས་བཅས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ཇི་ལྟར་བསྔོ་བ་བཞིན་དུ་བདག་གིས་ཀྱང་རྗེས་སུ་སློབ་ནས་དེ་དེ་བཞིན་དུ་ཡོངས་སུ་བསྔོ་བར་བགྱིའོ་སྙམ་དགོས་སོ། །དགོང་ཐུན་སྐབས་སངས་རྒྱས་བསྟན་པ་དར་བ་སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་རང་རེ་ཆོས་མཛད་ཡོངས་ཀྱི་བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་སློང་བ་དང་ལམ་འཁྲུལ་པ་ཟད་པ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་སོགས་ཀྱི་ཕྱིར་གསོལ་ཁ་ཕྲིན་བཅོལ་དང་། གཅོད་དང་། བསམ་ལྷུན་བར་ཆད་ལམ་སེལ་སྒྲོལ་མ་སོགས་འདོན་པར་བྱ། ཁྱད་པར་གཅོད་འདོན་རྒྱུ་ནི། ཀུ་སཱ་ལི་པའི་ཚོགས་བསགས་པའི་ཐབས་བླ་ན་མེད་པ་ཡིན་པ་དང་། ཆོས་སྒྲུབ་པའི་བར་ཆད་ཞི་བ་དང་། ཕྱི་ནང་གསང་གསུམ་གྱི་བདག་འཛིན་ཚར་གཅོད་པ་སོགས་གལ་གནད་ཤིན་ཏུ་ཆེ་བ་ཡོད་པས་ཡན་དུ་མི་བོར་བ་རྒྱལ་བ་གོང་མ་རྣམས་ཞལ་བཞུགས་པའི་དུས་བཞིན་ཆགས་མེད་དུ་འདོན་སྒོམ་བྱ་བ་གལ་ཆེ། གཉིད་དུ་འཇུག་པའི་སྐབས་ལུས་སེངྒེ་ཉལ་སྟབས་བྱས་འོད་གསལ་ཟིན་པའི་གསོལ་བ་ཡང་ཡང་འདེབས། བླ་མ་རྩ་དབུ་མའི་ལམ་ནས་སྙིང་དབུས་སུ་ཐིམ། རྒྱུད་བྱིན་གྱིས་བརླབས་པར་བསམས་ཤིང་སྙིང་དབུས་ཟླ་གདན་སྟེང་རང་སེམས་སྐྱེ་མེད་ཡི་གེ་ཨཱཿདཀར་པོའི་འོད་ཀྱིས་ལུས་ཕྱི་ནང་སོགས་རིམ་གྱིས་གསལ་བར་སྒོམ་པ་སོགས་གོམས་ཆ་ཐོན་པར་བྱ། ཡང་ན་འཇམ་དཔལ་དབྱངས་ཀྱི་ལྷ་སྙིང་དབུས་སུ་གསལ། གསོལ་བ་འདེབས་བསྙེན་པ་ཡིད་བཟླས་ཆུ་བོའི་རྒྱུན་བཞིན་བྱས་པས་བརྩོན་འགྲུས་དང་ཤེས་རབ་མེ་འབར་བ་ལྟ་བུ་འབྱུང་བར་འགྱུར་རོ། །དེ་དག་གི་དོན་མདོར་བསྡུ་ན་རིགས་དྲུག་གི་རྒྱུ་འབྲས་གང་ལའང་སྡུག་བསྔལ་གྱི་རང་བཞིན་མཐོང་སྟེ་གཡང་ས་ཆེན་པོ་ནས་ལྷུང་རན་པའི་མི་དེ་ཐར་འདོད་ཀྱི་བློ་རྒྱུན་ཆད་མེད་པར་སྐྱེས་པ་ལྟ་བུ་དང་། བྱང་ཆུབ་ཀྱི་སེམས་འབྱོངས་པའི་རྟགས་དགྲ་གཉེན་བར་མ་དོ་ཐམས་ཅད་ལ་མས་བུ་གཅིག་པུ་ལ་བརྩེ་བ་ལྟ་བུའམ། ཕ་གསོད་པའི་དགྲ་བོ་མཐོང་རུང་ཕན་སེམས་ལས་གནོད་སེམས་ནམ་ཡང་མི་སྐྱེ་བ་ཞིག་དགོས། སྒོམ་པ་ཉམས་རྟོགས་ཀྱི་རིམ་པ་ཉིན་མཚན་ཁོར་ཡུག་ཆེན་པོས་འཁོར་འདས་དབྱེར་མེད་དུ་ལ་བཟླ་བ་ཞིག་བྱ་དགོས་ཤིང་། དེ་ལྟར་བྱས་པས་ཀ་དག་ཁྲེགས་ཆོད་རིག་པའི་བཙན་ས་ཟིན་ནས་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཟད་ནས་རིག་པ་འཕོ་འགྱུར་མེད་པའི་སྐྱེས་བུ་དེ་ཉིད་ཟག་བཅས་ཀྱི་ཕུང་པོ་ཟག་མེད་རྡུལ་ཕྲན་དུ་དེངས་པ་དང་། འབྲིང་དབུགས་ཆད་པ་དང་ཀ་དག་གི་དབྱིངས་སུ་རང་ས་ཟིན་ནས་ངོ་བོ་ལ་འཕོ་འགྱུར་མེད་པའོ། །གང་ཟག་དབང་པོ་ཐ་མ་རྣམས་ཆོས་ཉིད་བར་དོའི་སྐབས་གཞི་ལམ་གྱི་འོད་གསལ་མ་བུ་འདྲེས་ནས་ཡར་གྱི་མངོན་པར་རྫོགས་པར་སངས་རྒྱས་སོ། །ཅུང་དམན་པ་ལྷུན་གྲུབ་བར་དོའི་སྒྲ་འོད་ཟེར་གསུམ་རང་སྣང་དུ་ངོ་ཤེས་ནས། ཤེས་ཐོག་ཏུ་མཉམ་པར་འཇོག་ཐོག་དཔག་ཆེན་གྱིས་མདའ་འཕང་བ་བཞིན་དུ་ཕྱིར་མི་ལྡོག་པར་འགྱུར་རོ། །གང་ཟག་ཐ་མའི་ཡང་ཐ་རྣམས་རྫོགས་ཆེན་སྨིན་གྲོལ་གྱི་གདམས་པ་ཐོབ། ཆོས་དང་གང་ཟག་ལ་སེལ་མེད་པ་རྣམས་སྲིད་པ་བར་དོའི་སྣང་བ་ཤར་ནས་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་རང་སར་དག་ནས་ཤར་ཕྱོགས་མངོན་དགའ་སོགས་ཞིང་ཁམས་གང་རུང་། མེ་ཏོག་པདྨའི་སྦུབས་སུ་རྫུས་ཏེ་སྐྱེས་ནས་སངས་རྒྱས་ཀྱི་ཞལ་མཐོང་། གསུང་ཐོས་ཉོན་སྒྲིབ་ཕྲ་རགས་དག་ནས། ས་བརྒྱད་དང་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་བསྐལ་པ་མཉམ། ལོ་ལྔ་བརྒྱ་ནས་ཞིང་ཁམས་ཐམས་ཅད་ཀྱི་སྟེང་ཕྱོགས་དུར་ཁྲོད་མེ་རི་འབར་བའི་ཞིང་དུ་སྐྱེས་ནས་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱི་ཞལ་མངོན་སུམ་མཇལ་ཤེས་བྱའི་སྒྲིབ་པ་ཕྲ་རགས་ཐམས་ཅད་དག་ནས་ཀ་དག་དབྱིངས་སུ་མངོན་པར་བྱང་ཆུབ་པར་འགྱུར་རོ། །དེ་ལྟར་ཁྱད་པར་དུ་མའི་འཕགས་པའི་ཆོས་ཡིན་རུང་དེང་སང་སྙིགས་དུས་འདིར་བཤད་ཀྱང་མི་གོ། བསྟན་ཀྱང་མི་རིག །མྱོང་ཡང་མི་བསམ། སྒོམ་ཡང་གོམས་ཡུན་མི་བསྲིང་བར། རྒྱུ་ནོར་སྙན་གྲགས་ཀྱི་འབྱོར་བ་ཕྲན་བུ་དང་སངས་རྒྱས་ཐོབ་པ་གཉིས་གདམ་ཀ་ནོར་བ་ལྟ་བུ་སོང་སྟེ། བླ་མ་མིག་འདྲིས་ཁྱེར། གདམས་ངག་ལ་རྣ་དྲེད་ཁྱེར། དམ་ཚིག་ལ་ཚོད་ཡོད་ཁྱེར། དད་པ་ལ་སྣུམ་དྲེད་ཁྱེར་ནས་དྲེད་པོ་ཆོས་རྒྱུས་མཁན་ཞིག་ལས་ཀྱང་མི་ཡོང་བར། བདག་སྤྲད་པའི་སྒོམ་ཆེན་བློ་རྒྱ་ཆེ་རུ་སོང་། ཆོས་ལ་རྒྱུས་ཡོད། བླ་མ་ལ་ཚོད་འཛིན། མཆེད་གྲོགས་ལ་སྐྱོན་བརྗོད། ཕྱུགས་བསྲེལ་འདུ་ལོང་བསྒྲུབ། མི་བྱེད་དགུ་བྱེད་གཅིག་གི་སྟེང་དུ་འཁྱོལ་བའི་ཚེ། སྐྱེ་བོ་ཀླད་མེད་ཆོས་སྐུ་བསོད་ནམས་རེ་ཆེ་ཟེར། འགྲོ་དོན་རྒྱས་ཟེར། ཕྱེ་གཏོར་འགམ་པ་ནི་བདུད་ཀྱི་བར་ཆད་མངོན་སུམ་བཞུགས་པའི་རྟགས་མཐར་ཕྱིན་པ་ཡིན་པས་གཟབ་དགོས་ཞེས་གསུངས་པ་ལྟར། དྷརྨ་རཀྵི་ཏས། དུས་དེང་སང་ཅི་བྱས་ཆོས་མིན་སོང་། །བློ་ཆོས་བརྒྱད་བྱ་བ་སྟོབས་ཤུགས་རྒྱས། །དྲན་ཤེས་བཞིན་ཀུན་ཀྱང་བག་ལ་ཞར། །ནམ་ཉིན་མཚན་འཁྲུལ་བ་རྒྱ་འབྱམས་ལ། །སྒོམ་རྣལ་མའི་བབས་སུ་བཅོས་ནས་གདའ། །ལུས་རི་ཁྲོད་དབེན་པར་བཙོན་དུ་བཟུང་། །སེམས་གྲོང་ཡུལ་ཁྱི་སྨྱོན་བཞིན་དུ་འཁྱམས། །མི་གཞན་གྱི་བལྟས་ན་སྒོམ་ཆེན་འདྲ། །རང་རང་བསམ་བཏང་ན་འཁོར་བ་པ༑ །ཞེས་དང་། ཀརྨ་པ་མཁའ་ཁྱབ་རྡོ་རྗེས། ཁོ་བོ་དགེ་སྦྱོར་སྒོམ་ཆེན་ཞེས། །ལོ་ཟླ་མང་པོ་བསྒོམས་བྱས་ཀྱང་། །རྙེད་བཀུར་ཅུང་ཞིག་ངན་པ་འམ། །ཚིག་ངན་ཟུར་ཙམ་ཐོས་ན་ཡང་། །སྒོམ་དང་དགེ་སྦྱོར་མི་དྲན་པར། །དུག་སྦྲུལ་བཞིན་དུ་ཚིག་བྱེད་ན། །དགེ་སྦྱོར་བོགས་ནི་ཅི་ལྟར་དབྱུང་། །དེ་འདྲའི་སྒོམ་ཆེན་མང་དུ་མཆིས། །ཞེས་དང་། ཆོས་པར་རློམ་ཀྱང་ཆོས་བརྒྱད་ཉམས་ལེན་མཁས། །དེ་དག་ཅི་ཙམ་ལེགས་ཀྱང་མི་གཙང་ལུད། །ཟ་འོག་གོས་ཀྱིས་སྐབས་བཞིན་ཡི་མུག་ལྡང་། །ཞེས་དང་། ས་པཎ་གྱིས། ནད་ཀྱིས་མནར་ལ་ལས་རྣམས་མཐུ་ཆུང་ཞིང་། །དེ་བཞིན་རྨོངས་པས་སེམས་དཀྲུག་ན། །ཆོས་རྣམས་ཀུན་ལ་མཐུ་མེད་དོ། །ཞེས་དང་། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །དུས་གསུམ་སངས་རྒྱས་ཞལ་བསྡུས་ཀྱང་། །སྔོན་ལས་མེད་ལ་བཟང་མི་འགྱུར། །ཞེས་དང་། ཟེ་ཆེན་རྒྱལ་ཚབ་རིན་པོ་ཆེས། དེ་ཕྱིར་ཡུལ་ཅན་བསེར་བུས་རབ་བསྐྱོད་པས། །གཡོ་བའི་ཀུན་རྟོག་སྐུ་ཤའི་རྩེ་མོ་བཞིན། །རྣམ་པར་གཡོ་བའི་ངང་ཚུལ་འདི་མཐོང་བས། །སྐྱོ་བས་སེམས་ལ་དྭངས་པའི་སྐབས་མ་རྙེད། །ཅེས་དང་། བྱས་ན་བསམ་པ་གཅིག་ཀྱང་མི་བྱེད་པར། །མ་བྱས་བསམ་པ་བརྒྱ་ཕྲག་ཁུར་དུ་ལེན། །ད་ནི་སྤྲང་པོའི་རང་ཚུགས་བཟུང་བའི་དུས། །ཉམ་ཆུང་བས་མཐར་ཁྱི་བཞིན་ཤི་བར་སྨོན། །ཞེས་གསུངས་པ་ལྟར། ནང་རང་རྒྱུད་ཞི་དུལ་ཡོད་པ་ཅན་ཕལ་ཆེར་དཀོན་ཞིང་། ལོ་ཟླ་མང་པོར་བསྒོམས་ཀྱང་དུག་ལྔ་ངོས་བཟུང་གཉེན་པོ་བརྟེན་ཙམ་བྱེད་རྒྱུ་མ་བྱུང་ཞིང་། སྒོམ་ཆེན་གསར་པ་འགའ་རེ་ནི་མ་བསམས་ན་མ་རིག་པ་གཏི་མུག །བསམ་ཚེ་ཆགས་སྡང་གཉིས། བཤད་ཚད་ནི་རྫུན་དང་ཕྲ་མ། ལས་ཚད་ནི་མི་དགེ་བ། ཐོས་ཚད་ལ་ཕྲག་དོག །མཐོང་ཚད་ལ་ང་རྒྱལ། རྐང་ཆུང་རླུང་གི་འཁོར་ལོ་བསྐོར་བའི་རང་བཞིན་མ་ཟད་ད་ལྟར་རང་ཅག་རྣམས་སྐྲ་བྲེག་མིང་བརྗེ། བསམ་པ་བརྗེ། སྦྱོར་བ་བརྗེ། རྟགས་བརྗེས་ནས་སངས་རྒྱས་བསྟན་པའི་རྗེས་ཞུགས་པའི་ཕྱི་རྟགས་ཀྱང་འདོར་ལ་ཉེ་ཞིང་། སྤྲོ་བའི་དུས་འདིར་གཟན་ཤམ་དམར་སེར་གྱོན་པ་རིང་དུ་དོར་ནས་རྒྱ་དཀར་གྱི་ཞྭ་མོ་དང་སྟོད་ཐུང་། རྒྱ་ནག་གི་ལྷམ་སྒོག་དང་སྨད་འདུང་གྱོན་ནས་འབྲུག་གྲི་གློ་མ་གང་རེ་བཏགས་ཤིང་མེ་མདའ་ཨུ་ཤང་ལ་འདི་ཕྱིའི་སྐྱབས་གནས་བཅོལ་ལ་ཉེ་བའི་རང་བཞིན་ལ་དགོངས་ཏེ་ཀོང་སྤྲུལ་རིན་པོ་ཆེས། སྔོན་བོད་འདིར་སངས་རྒྱས་ཀྱི་བསྟན་པའི་དབུ་འཛུགས་ནས་བཟུང་གོས་དཀར་ལྕང་ལོ་ཅན་གྱི་སྡེ། རབ་བྱུང་ངུར་སྨྲིག་ཅན་གྱི་སྡེ་གཉིས་ལས་རྐུ་མ་ཁྲམ་པའི་སྡེ་ཞེས་སྡེ་གསུམ་པ་ཞིག་མ་གསུངས་ཞིང་དགེ་འདུན་ཅེས་པ་ལས། དགྲ་འདུན་གྱོད་འདུན་ཚོང་འདུན་ཟེར་བ་མ་ཡིན། ཞེས་དང་། འབྲུག་པ་རིན་པོ་ཆེས། ངུར་སྨྲིག་རྒྱལ་མཚན་འཛིན་པའི་དགེ་འདུན་རྣམས། །སྐྱ་ཆས་སྤྲད་ནས་ཕྱོར་ཕྱོར་རྫིག་རྫིག་པོ། །བསོད་ཟད་འདི་ཕྱི་གཉིས་མེད་བན་རྒོད་རྣམས། །མ་ཎི་རྡོག་རེ་ཡིན་ཡང་ཨེ་ཐོན་ལྟོས། །ཞེས་གསུངས་པ་ལྟར། དེང་སང་རང་རེས་ཅུང་ཟད་དྲན་སློང་གི་གཟབ་ཤེས་པར་བྱས་ནས་ཕྱི་ནང་མཚུངས་ལྡན་འདི་ལྟ་བུ་ལ་བསླབ་པར་བྱ་སྟེ། སྤྱོད་འཇུག་ལས། བདག་ལ་ཕུན་སུམ་ཚོགས་ཡོད་ཀྱང་། །གཞན་ལ་བརྙས་པར་མི་བྱ་སྟེ། །ཞུམ་པ་ལྟ་བུའི་སེམས་ཀྱིས་ནི། །ཡོན་ཏན་མཐའ་དག་ཁོང་དུ་སྦས། །ཞེས་དང་། གཞན་གྱི་གྲགས་པ་ལྷག་པར་བརྗོད། །རང་གི་གྲགས་པ་ཟིལ་གྱིས་གནོན། །བདག་ནི་བྲན་གྱི་ཐ་མ་བཞིན། །ལས་རྣམས་ཀུན་ལ་བསྐོལ་བར་གྱིས། །ཞེས་དང་། ཇི་སྐད་དུ། ཐོས་རྟགས་ཞི་ཞིང་དུལ་བ་དང་། །སྒོམ་རྟགས་ཉོན་མོངས་ཆུང་བ་ཡིན། །ཞེས་དང་། ཞེ་སྡང་སྒོམ་པའི་རྣལ་འབྱོར་པས། །སྣང་བ་ཐམས་ཅད་དགྲ་རུ་མཐོང་། །སྙིང་རྗེ་སྒོམ་པའི་རྣལ་འབྱོར་པས། །དགྲ་གཉེན་དབྱེར་མེད་ཕ་མར་མཐོང་། །ཞེས་དང་། ཇི་སྐད་དུ། བཀའ་བཀྱོན་དྲག་པོས་ཚར་བཅད་ཀྱང་ཁྲོ་བ་དང་འཁོན་འཛིན་མེད་པ་རྟ་མཆོག་ལྟ་བུ། མངག་གཞུག་སོགས་ལ་སྐྱོ་ངལ་མེད་པ་གྲུ་ལྟ་བུ། ལས་བཟང་ངན་ཐམས་ཅད་ཁུར་ཐེག་པ་ཟམ་པ་ལྟ་བུ། དྲེགས་པ་སྤངས་ནས་ཐམས་ཅད་ལ་གུས་པ་ཁྱུ་མཆོག་རྭ་ཆད་པ་ལྟ་བུ། དེ་བཞིན་བླ་མ་དང་མཆེད་གྲོགས་འགྲོགས་ཡུན་ཇི་ཙམ་རིང་ཡང་སྐྱོ་སུན་མེད་པ་འགྲོགས་བདེ་བ་སྐེ་རགས་ལྟ་བུ་ཞིག་དགོས་སོ། །ཞེས་དང་། ཡོངས་འཛིན་ངག་དབང་བཟང་པོས། ཞེན་ལོག་མོས་གུས་བློས་བཏང་གསུམ། །དྲན་ཤེས་སྙིང་རུས་འདུན་པ་གསུམ། །འདི་དྲུག་སྒོམ་གྱི་བདག་པོ་ཡིན། །ཆོ་འཕྲུལ་ན་ཚ་རྡུང་གཏག་གསུམ། །ཟས་གོས་ཕོངས་དང་བརྙས་བཅོས་གསུམ། །འདི་དྲུག་སྒོམ་གྱི་བོགས་འདོན་ཡིན། །བཀྲེན་ཟས་བཅུད་ལེན་རླུང་ཟས་གསུམ། །དཀོར་མེད་ཞེན་བྲལ་ལྡོམ་བུ་གསུམ། །འདི་དྲུག་སྒོམ་ཆེན་འཚོ་བ་ཡིན། །གཏུམ་མོ་རས་གོས་ལྭ་བ་གསུམ། །བེམ་ཧྲུལ་རོ་གོས་ཁྱི་ཐུལ་གསུམ། །འདི་དྲུག་སྒོམ་ཆེན་གྲང་སྐྱོབ་ཡིན། །ཐེམ་སྤང་ཤིང་དྲུང་ཕུག་སྟོང་གསུམ། །དུར་ཁྲོད་གནས་ཆེན་ལུང་སྟོང་གསུམ། །འདི་དྲུག་སྒོམ་ཆེན་སྡོད་གནས་ཡིན། །ཞེས་དང་། ཐོས་བསམ་གྱི་ཞལ་གདམས་ལས། མི་རྟག་རྣོ་མྱུར་གློག་གི་གོ་སྐབས་ལ། །རྩོལ་སྒྲུབ་ཞེན་པ་སྙིང་གི་དཀྱིལ་ནས་ལོག །ཁ་ཕོར་ཕྱེ་ཁུག་ཙམ་གྱི་ཡོ་བྱད་ཀྱང་། །མེ་ལ་བསྲེགས་ནས་ཆུ་ལ་འཕོ་སྙིང་འདོད། །འཕོ་འགྱུར་འཕེལ་འགྲིབ་སྒྱུ་མའི་གར་བསྒྱུར་ལ། །ཡིད་བརྟན་མེད་པས་སྐྱོ་བའི་ལུས་སེམས་གདུང་། །སྲོག་འཚོ་ལྷགས་སྐྱོབ་ཙམ་གྱི་ཟས་གོས་ཀྱང་། །ཤུལ་དུ་བཞག་ནས་གཅེར་བུ་འཕྱོང་སྙིང་འདོད། །ཤི་ནས་ལུས་ཀྱང་ཤ་ཡི་ཕུང་པོར་གཏོར། །ང་ཞེས་གཅེས་པར་མཐོང་བའི་རྫུན་ཕུག་རྡིབ། །ཉེར་མཁོ་སྙམ་པའི་ཆོས་མཐུན་ཡོ་བྱད་ཀྱང་། །རྡོ་ཡིས་བརྡུངས་ནས་རླུང་ལ་བསྐུར་སྙིང་འདོད། །ཅེས་དང་། དྷརྨ་རཀྵི་ཏས། རང་རྒྱུད་མ་གྲོལ་ཤེས་པ་མང་པོས། །སླར་ཡང་རང་རྒྱུད་རིང་བའི་རྒྱུ་ལས། །རང་གཞན་གང་ལ་ཕན་ཐོགས་མི་འདུག །སྤྲང་པོས་མང་པོའི་ཡིག་སྣ་མི་གསོག །དབེན་པར་རང་སེམས་དཔང་བཙུག་མ་གཏོགས། །ཚིག་མཐའ་མི་དེད་བླ་མ་དཀོན་མཆོག །ཅེས་དང་། རྒྱ་ཆེ་གྲངས་མང་ཆོས་ཀྱི་སྙིང་པོ། །རྩ་བ་རང་སེམས་གྱོང་པོ་འདི་ཉིད། །འདུལ་ཐབས་གཅིག་པུ་ལས་གཞན་མི་འདུག །སྤྲང་པོའི་ཐུགས་དམ་རྣམ་གྲངས་མི་མང་། །བླ་མའི་གདམས་ངག་ཚིག་གསུམ་མ་གཏོགས། །འཁྲུལ་བ་མི་གསོག་བླ་མ་དཀོན་མཆོག །ཅེས་དང་། རིག་འཛིན་འཇིགས་མེད་གླིང་པས། མི་མེད་ཀྱི་ལུང་པར་བཤེས་མེད་རིག་པའི་གྲོགས་དང་འགྲོགས་ནས་གནས་ལུགས་མ་བཅོས་པ་ལ་རྒྱུན་སྐྱོང་བར་དམ་བཅའ་བཟུང་ནས། སྤང་ལ་བེ་ཕུར་བཏབ་པ་བཞིན་ལྷན་ནེར་སྡོད་ཚུགས་པ་ཞིག་དགོས། བཟང་ངན་རེ་དོགས་ཀྱི་གཏམ་ལ་བདེན་འཛིན་དགག་སྒྲུབ་མི་བྱ་བར་མི་ཤི་བའི་ཤུལ་གྱི་གཏམ་བཞིན་ཅི་ལབ་ལབ་ཏུ་བཅུག་དགོས། ཆོས་རྣམ་དག་སྒྲུབ་པ་ལ་མཚན་ལྡན་གྱི་བླ་མ་མ་གཏོགས་བསླབ་བྱ་དྲང་པོ་བཤད་མཁན་རང་གི་ཕ་མ་ཡིན་ཡང་མི་ཡོང་བས་རང་ཚོད་རང་གིས་བཟུང་། སུས་ཀྱང་ཁ་ལ་མི་ཉན་རི་དྭགས་རྒྱ་ནང་ནས་ཤོར་བ་ལྟ་བུ་ཞིག་དགོས། གཏམ་ངན་དང་རྐྱེན་ངན་བྱུང་བའི་ཚེ་སེམས་ལ་འཁྲིགས་མི་ཚུད་པ་སྨྱོན་པ་འུར་ལང་བ་ལྟ་བུ་ཞིག་དགོས། མི་མང་དང་ལྷན་ཅིག་གནས་པའི་ཚེ་དྲན་པ་ཐ་མལ་དུ་མ་ཡེངས་པར་མ་གསར་གཅེས་ཕྲུག་དང་བྲལ་བ་ལྟ་བུ་ཞིག་དགོས། ལྷ་སྐུ་དང་དག་དྲན་སྒོམ་པའི་ཚེ་སྣང་སྲིད་དག་པ་རབ་འབྱམས་སུ་བསླབ་པ་ཞིག་དགོས། རླུང་དང་རྫོགས་རིམ་སྒོམ་པའི་ཚེ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་གྲིམ་ཆ་བག་ཡངས་སུ་མ་སོང་བ་ཞིག་དགོས། འཆི་བ་ཐོག་བབ་བྱུང་ཡང་སྐྱོ་སུན་དང་བློ་ལྷག་མེད་པ་བྱ་རྒོད་ནམ་འཕང་ཆོད་པ་ལྟ་བུ་ཞིག་དགོས། དགོས་པ་བརྒྱད་དང་ལྡན་པ་ཞིག་བྱུང་ན་རྒྱལ་བ་གོང་མའི་གྲུབ་མཐའ་སྙོགས་ཤིང་། བདག་གི་བསམ་པ་རྫོགས་པ་ལགས་སོ། །ཁྱོད་ཀྱི་མི་ལུས་ཐོབ་པའི་དོན་ལྡན་ནོ། །དམ་པའི་ཆོས་སྒོར་ཞུགས་པའི་འབྲས་བུ་འབྱུང་བ་ཡིན་ནོ། །ཞེས་དང་། ཕ་དམ་པས། ཐོས་པའི་དུས་ཁྲ་ཚང་མས་ཟས་ཚོལ་བ་ལྟ་བུ་ཞིག་དགོས། བསམ་པའི་དུས་བྱང་པའི་ལུག་འབྲེག་པ་ལྟ་བུ་ཞིག་དགོས། སྒོམ་པའི་དུས་ལྐུགས་པའི་རོ་མྱོང་བ་ལྟ་བུ་ཞིག་དགོས། འབྲས་བུའི་དུས་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུ་ཞིག་དགོས། གསུངས་པ་ལྟར་རང་ནུས་ལྡན་དུ་མ་གྱུར་བར་གཞན་གྱི་འགྲོ་དོན་མི་འབྱུང་སྟེ། གདམས་ངག་སྒྲོན་མེ་ལག་བརྒྱུད་དང་འདྲ། རང་གསལ་ཙ་ན་གཞན་མི་གསལ། གདམས་ངག་ཐམས་ཅད་བུམ་པ་གང་བྱོ་དང་འདྲ། གཞན་གང་རྩ་ན་རང་སྟོང་པར་འགྱུར། ཞེས་གསུངས་པ་ལྟར། རང་དོན་མ་འགྲུབ་བར་གཞན་དོན་སྒྲུབ་ལོ་གཟུགས་བརྙན་ཙམ་ལས་མི་འབྱུང་བས། འགྲོ་དོན་སྔ་རྩོམ་བྱེད་མི་ཉན་ཞིང་རང་དོན་འགྲུབ་ནས་བཟུང་ཉིན་མཚན་དུས་དྲུག་རེར་སེམས་ཅན་ལ་སྙིང་རྗེ་བསྐྱེད་ཅིང་གང་ལ་གང་འདུལ་གྱི་འགྲོ་དོན་རྩོམ་པར་བྱ་དགོས་ཏེ། རྡོར་སེམས་ལས། བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་སྒྲུབ་པར་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནའི་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱེད་ནི་དཔང་པོར་འཚལ། །ཞེས་དང་། ན་རག་བསྐང་བཤགས་ལས། སྦྱིན་དང་སྙན་སྨྲ་དོན་མཐུན་དོན་སྤྱོད་སོགས། བསྡུ་བ་རྣམ་པ་བཞི་ཡི་དཔུང་འགྲོགས་ནས། །ཐབས་ལ་མཁས་པའི་རྣམ་གྲངས་དཔག་མེད་ཀྱིས། །རང་སྐལ་གང་ལྡན་ཆོས་ཀྱི་ཆར་འབེབས་ཏེ། །ཕ་མ་འགྲོ་དྲུག་འཁོར་བ་ལས་བསྒྲལ་ཞིང་། །མ་རིག་མུན་པའི་སྒྲོན་མེ་བྱེད་པར་ཤོག །ཅེས་དང་། སྤྱོད་འཇུག་ལས། དངོས་སམ་གཞན་དག་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱོད། །ཅེས་དང་། མདོ་སྡེ་རྒྱན་ལས། མགོ་ལ་སེམས་ཅན་ཁུར་ཆེན་ཁུར་ནས་ནི། །སེམས་དཔའ་ཆེ་རྣམས་དལ་གྱིས་འགྲོ་མི་མཛེས། །བདག་གཞན་མ་ལུས་འཆིང་བ་ཀུན་ལྡན་ལ། །བརྩོན་པ་བརྒྱ་འགྱུར་དུ་ནི་བསྐྱེད་པར་རིགས། །ཞེས་དང་། ཀྱེ་མ་ཀྱེ་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བའི་རྒྱལ་ཚབ་སྲས་དང་བཅས་པ་རྣམས། །སྙིགས་མའི་འགྲོ་ལ་བརྩེ་བས་ལྷག་པར་དགོངས། །བསྟན་པ་རིན་ཆེན་སྒྲོན་མེ་གསལ་དུ་གསོལ། །ཞེས་པ་ལྟར། མ་གྱུར་སེམས་ཅན་རྣམས་སྡུག་བསྔལ་རྒྱུ་འབྲས་གཉིས་དང་ཡོངས་སུ་བྲལ་ཏེ། བདེ་བའི་རྒྱུ་འབྲས་གཉིས་དང་ལྡན་པའི་ཕྱིར་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སོགས་དངོས་བརྒྱུད་བར་གསུམ་ནས་འབད་པས་ཕན་ཅི་ཐོགས་གང་ཐོགས་བྱེད་དགོས་པ་ཡིན་ནོ། །ཞེས་པ་འདིའང་བཀའ་དང་དགོངས་འགྲེལ་ཟབ་རྒྱས་དུ་མར་བཞུགས་ཀྱང་མཐོང་ཐོས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་བློ་དམན་རྣམས་དང་། ཁ་ཅིག་གོ་ལོ་ཤེས་ལོ་སྒྲུབ་ལོ་ཙམ་གྱིས་ཆོག་ཤེས་པར་བཟུང་བ་དང་། ཁ་ཅིག་ཐོས་བསམ་ཤེས་རབ་བརྩོན་འགྲུས་རབ་ཏུ་གཞོལ་བ་རྣམས་ལ་དགོས་གལ་ཆེ་བ་འགའ་ཞིག་མཐོང་སྟེ་རི་ཆོས་རྩ་བའི་ས་བཅད་ལས་ཅུང་ཟད་འགྲེལ་ཏེ་རྒྱས་བསྡུས་འཚམས་པ་གོ་སླ་གཙོ་བོར་བཟུང་སྟེ་རྒྱུད་ལུང་མན་ངག་འགའ་རེའི་སྙིང་པོ་དམར་རྗེན་དུ་བསྟན་པ་འདི་ཡང་གྲུབ་སྲས་མིང་པས་ལྷག་བསམ་བཟང་པོ་དང་བཅས་གྲུབ་རི་ངོ་མཚར་སྨན་ལྗོངས་སུ་སྦྱར་བ་འདིས་ཀྱང་རྗེས་འཇུག་རྣམས་ཀྱིས་ཐོས་བསམ་སྒོམ་པར་བྱ་བའི་གསོས་སུ་ཅུང་ཟད་འགྱུར་བར་ཤོག་ཅིག། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 14:38, 3 July 2024

Wylie title ri chos kyi 'grel pa thar pa'i them skas SPCD-KABUM-02-KHA-004.pdf
Location 'phags mchog bka' 'bum
Volume 2, Text 4, Pages 55-166 (Folios 1a1 to 56b5)
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. Ri chos kyi 'grel pa thar pa'i them skas. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 2: 55-166. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Commentaries - 'grel pa
Colophon

།ཞེས་པ་འདིའང་བཀའ་དང་དགོངས་འགྲེལ་ཟབ་རྒྱས་དུ་མར་བཞུགས་ཀྱང་མཐོང་ཐོས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་བློ་དམན་རྣམས་དང་། ཁ་ཅིག་གོ་ལོ་ཤེས་ལོ་སྒྲུབ་ལོ་ཙམ་གྱིས་ཆོག་ཤེས་པར་བཟུང་བ་དང་། ཁ་ཅིག་ཐོས་བསམ་ཤེས་རབ་བརྩོན་འགྲུས་རབ་ཏུ་གཞོལ་བ་རྣམས་ལ་དགོས་གལ་ཆེ་བ་འགའ་ཞིག་མཐོང་སྟེ་རི་ཆོས་རྩ་བའི་ས་བཅད་ལས་ཅུང་ཟད་འགྲེལ་ཏེ་རྒྱས་བསྡུས་འཚམས་པ་གོ་སླ་གཙོ་བོར་བཟུང་སྟེ་རྒྱུད་ལུང་མན་ངག་འགའ་རེའི་སྙིང་པོ་དམར་རྗེན་དུ་བསྟན་པ་འདི་ཡང་གྲུབ་སྲས་མིང་པས་ལྷག་བསམ་བཟང་པོ་དང་བཅས་གྲུབ་རི་ངོ་མཚར་སྨན་ལྗོངས་སུ་སྦྱར་བ་འདིས་ཀྱང་རྗེས་འཇུག་རྣམས་ཀྱིས་ཐོས་བསམ་སྒོམ་པར་བྱ་བའི་གསོས་སུ་ཅུང་ཟད་འགྱུར་བར་ཤོག་ཅིག

/zhes pa 'di'ang bka' dang dgongs 'grel zab rgyas du mar bzhugs kyang mthong thos kyi spyod yul du ma gyur pa blo dman rnams dang /_kha cig go lo shes lo sgrub lo tsam gyis chog shes par bzung ba dang /_kha cig thos bsam shes rab brtson 'grus rab tu gzhol ba rnams la dgos gal che ba 'ga' zhig mthong ste ri chos rtsa ba'i sa bcad las cung zad 'grel te rgyas bsdus 'tshams pa go sla gtso bor bzung ste rgyud lung man ngag 'ga' re'i snying po dmar rjen du bstan pa 'di yang grub sras ming pas lhag bsam bzang po dang bcas grub ri ngo mtshar sman ljongs su sbyar ba 'dis kyang rjes 'jug rnams kyis thos bsam sgom par bya ba'i gsos su cung zad 'gyur bar shog cig

[edit]

༄༅། །རི་ཆོས་ཀྱི་འགྲེལ་པ་ཐར་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།

༄༅། །མཆོག་ཐུན་གྱི་མངའ་བདག་བླ་མ་ལ་ཕྱག་འཚལ་ནས་རྩོམ་པ་མཐར་ཕྱིན་པ་དང་དོན་དང་ལྡན་པར་ཤོག །ཅེས་དམ་བཅས་ནས་རི་ཆོས་རྩ་བའི་ས་བཅད་ལས་ཅུང་ཟད་འགྲེལ་ན། ཐོག་མ་མེད་པ་ནས་འཁྲུལ་པའི་གོམས་སྟོབས་ཀྱི་དབང་དུ་སོང་སྟེ་དམ་ཆོས་སྒྲུབ་པ་ལ་བར་ཆད་ཁོ་ནའི་དབང་དུ་དུས་འདའ་སྟེ་ཆོས་ཀྱི་ཕྱོགས་ལ་བག་ཆགས་མེད་པ་ཆོས་མིན་གྱི་ཕྱོགས་ལ་རྣམ་པར་གཡེང་བའི་རང་བཞིན་ཏེ། ཚེ་སྟོད་སྨད་དང་ཉིན་ཞག་རེར་དགེ་བ་སྒྲུབ་དབང་མེད་པ་བར་ཆད་སོང་བའི་རང་བཞིན་ལ་སོམས་དང་། རུ་ཏྲའི་སྨྲེ་བཤགས་ལས། ཁམས་གསུམ་གྲངས་མེད་སྐྱེ་ཤི་ཁ་བརྒྱུད་དེ། །བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཞེས་དང་། ཨོ་རྒྱན་ཆེན་པོས། ཡུན་ཐུང་ཚེ་ཡི་ཕྱེད་ཆ་གཏི་མུག་གཉིད། །ཕྱེད་ཆ་སུམ་གཉིས་རྣམ་གཡེང་འདུ་འཛིའི་ལས། །ཕྱེད་ཆ་གཅིག་ལ་བར་ཆད་རྐྱེན་དབང་མང་། །དེ་ཕྱིར་འདུ་བྱེད་མི་རྟག་སྤྲིན་ལྟར་གཡོ། །ཞེས་གསུངས་པ་ལྟར་མདོར་ན་ལྟོ་འབོལ་བ། སྦྱིན་བདག་ལེགས་པ། གོས་དྲོ་བ། སྡོད་གནས་སྐྱིད་པ། གཏམ་སྙན་པ། མི་ཆོས་དང་མཐུན་པ་ཞིག་གི་སྟ་གོན་བྱས་ཕན་ཆད་ཆོས་མ་འགྲུབ་གོང་ནས་བདུད་གྲུབ་ཚར་བ་ཡིན་གསུངས་པ་མ་ཟད། གྲོགས་གསུམ་འདུས་ན་ཆགས་སྡང་རྩོད་པ་འཕེལ། གཉིས་འདུས་ན་གཏམ་འཕེལ། གཅིག་པུར་དགེ་སྦྱོར་འཕེལ་ཤས་ཆེ་བ་དང་། དེ་བཞིན་དུ་འདུག་པའི་གནས་ཡུལ་མ་དབེན་ན། ཚོགས་དྲུག་གི་སྣང་བ་མི་དབེན། སྣང་བ་མ་དབེན་ན་སྒོ་གསུམ་ངན་གོམས་ཀྱི་རྗེས་སུ་འབྲང་འགྲོ་བས། ལུས་ངག་བག་མི་ཕེབས། ལུས་ངག་བག་མ་ཕེབས་ན་སེམས་ངོ་མི་འཕྲོད་པའམ་ཞི་བར་ནམ་ཡང་མི་གནས། སེམས་ཞི་བར་མ་གནས་ན་རྟོགས་པ་ལྷད་མེད་ངོ་མི་འཕྲོད་ཅིང་དྭངས་ཆ་འབྱིན་ནས་གཏན་སྲིད་ཟིན་མིན་སོགས་ཀྱི་སྐྱོན་ཡོན་གྱི་གནད་འགག་གལ་པོ་ཆེ་ཡོད་པ་དང་། མ་ཟད་སེམས་གཡེང་བའི་དགེ་སྦྱོར་ཐམས་ཅད་ནི་རྩ་བ་རུལ་བའི་སྡོང་པོ་དང་འདྲ། ནང་ན་མེད་པ་ཕྱིའི་གཟུགས་བརྙན་ཙམ་ཡིན་པར་གསུངས་པས་སོ། །དེས་ན་གནས་དབེན་ཞེས་པ་ནི། ཡུལ་པས་རྨོས་རྨོ་ས་བོན་འདེབས་སྟོན་ཐོག་བརྔ་རྡུང་གི་ལས་ཀྱིས་དབྱར་དགུན་ཅུང་ཟད་དལ་སྲིད་ན་ལས་མེད། འབྲོག་པས་ཟོག་ལུག་འཚོ་སྐྱོང་འོ་མ་བཞོ་དཀྲུག་སོགས་ཀྱི་ལས་ཀྱིས་དགུན་དཔྱིད་གཉིས་ཅུང་ཟད་དལ་སྲིད་ན་ལས་མེད་པས་སྙིགས་དུས་འདིར་དེ་དག་ལ་སོགས་སྤང་བ་གལ་ཆེ་སྟེ། གླང་ཆེན་སྐར་ཁུང་ནས་ཐར་ཡང་གླང་མཇུག་སྐར་ཁུང་ནས་མི་ཐར་ཟེར་བའི་དཔེ་ལྟར་དང་། རིག་འཛིན་འཇིགས་མེད་གླིང་པས། ཁྱིམ་ཆུང་སྤངས་ནས་ཁྱིམ་ཆེན་འགྲིམས། །དགེ་སྦྱོར་ཀླ་ཀློའི་ཆོས་ལུགས་ཅན། །དེ་ཡི་རྣམ་བཞག་རང་ས་རུ། །བརྗོད་ན་ངོ་ཚ་ཆེ་བའི་ཕྱིར། །ཞེས་གསུངས་པ་ལྟར་མདོར་ན་མི་ཁྱིའི་སྒྲ་སྐད་མེད་པ་སྔར་གྱི་ས་རྒྱུས་མེད་པའི་གནས་ལུང་སྟོང་དབེན་པར་སོང་ལ། ལུས་ཀྱིས་གནས་ཁང་གཟབ་པ། ཤིང་བཏུ་བ། མེ་དུས་གྲངས་འབུད་པ། ཕན་ཚུན་འགྲོ་བ་སོགས་མི་བྱ་བར་ལུས་རི་བོ་ལྟ་བུར་ལྷོད་ཆགས་པར་འདུག །ངག་ཀྱང་རིང་བཅད་བྱེད་པའམ། མིན་ཀྱང་ཐུན་སྒང་པོར་བཅད་ཅིང་། ཅུང་ཟད་བཤད་དགོས་གལ་སྲིད་བྱུང་རུང་ཚིག་རེ་གཉིས་ནང་འདུས་པ་ལས་མི་བཤད་པར་ངག་ལྐུགས་པ་བཞིན་བསྡམས་ནས། ཡིད་ཀྱིས་དགྲ་འདུལ་གཉེན་སྐྱོང་སྔོན་བསུ་རྗེས་དཔྱོད་ག་ལ་བྱེད་དེ། ཆོས་ཀྱི་ཕྱོགས་ནས་རྟོག་དཔྱོད་བསམ་གཞིག་མང་པོ་མི་བྱེད་པར་ཡིད་ནམ་མཁའ་སྤྲིན་ཐག་ཆད་པ་བཞིན་དུ་བཞག་དགོས། གསང་རྒྱུད་ལས། ལུས་ངག་ཡིད་ཀྱི་བྱ་བ་དགུ་ཕྲུགས་སྤང་། །དལ་བ་བརྟེན་ཅིང་དབེན་པ་བསྒྲུབས་པར་བགྱི། །ཞེས་གསུངས་པ་ལྟར། ལུས་ཀྱི་བྱ་བ་གསུམ་ནི། དང་པོ་ལུས་ཕྱི་ཡི་བྱ་བ་སོ་ནམ་དང་འཁྲུགས་རྩོད་འཇིག་རྟེན་བྱ་བ་ཐ་དག་སྤང་། ནང་གི་བྱ་བ་ཕྱག་བསྐོར་ཆོས་སྤྱོད་སྤང་། གསང་བའི་བྱ་བ་གླུ་གར་ལ་སོགས་པ་སྤང་། མདོར་ན་གྲོགས་མེད་གཅིག་པུར་གནས་པར་བྱའོ། །ངག་གི་བྱ་བ་གསུམ་ནི། ངག་ཕྱི་ཡི་བྱ་བ་ཐ་མལ་གྱི་འཁྲུལ་གཏམ་སྤང་། ནང་གི་བྱ་བ་རོལ་མོ་དང་མཆོད་བསྟོད་ཐམས་ཅད་སྤང་། གསང་བའི་བྱ་བ་བསྙེན་སྒྲུབ་བཟླས་བརྗོད་སྤང་། དཔེར་ན་ལྐུགས་པ་ལྟ་བུར་གནས་པར་བྱའོ། ཡིད་ཀྱི་བྱ་བ་གསུམ་ནི། ཡིད་ཕྱི་ཡི་བྱ་བ་འཁྲུལ་རྟོག་ཐམས་ཅད་སྤང་། ནང་གི་བྱ་བ་བསྐྱེད་རིམ་ལྷ་བསྒོམ་པ་སྤང་། གསང་བའི་བྱ་བ་རྫོགས་རིམ་སེམས་འཛིན་སྤང་། དཔེར་ན་སེམས་སྤྲིན་བྲལ་ནམ་མཁའ་ལྟ་བུའི་ངང་ལ་བཞག་པས་བྱ་བ་དགུ་ཕྲུགས་སུ་སྤང་བར་བྱའོ། །ཟས་ཀྱི་རིགས་སྡིག་པ་ཆེ་ཞིང་འཁོར་བ་པ་རྣམས་ཟས་གོས་བཀྲེན་དོགས་ཀྱིས་འབད་རྩོལ་འདུ་འཛི་རྣམ་གཡེང་ཁོ་ནས་འབྱམས། ཆོས་པ་རྣམས་དེ་བཞིན་བར་ཆད་དང་ཉོན་མོངས་འཕེལ་ཞིང་བྱིང་རྒོད་རྨུགས་འཐིབས་ཀྱི་རྒྱུར་འགྱུར་བས་དགེ་སྦྱོར་བྱེད་པའི་གྲོགས་ཁྱད་པར་ཅན་ནི་ཟས་གོས་བཀྲེན་པོ་བྱེད་པ་གལ་ཤིན་ཏུ་ཆེ་བས། དེས་ན་ལྟོ་ཡི་ཕྱེད་ཆ་ཟས། ཕྱེད་ཆ་སྐོམ། ཕྱེད་ཆ་སྟོང་པར་བཞག་ནས་ཟས་སྐོམ་ལ་ཉིན་གཅིག་བྲེ་ཕུལ་ནས་གཞལ་བ་ལྟ་བུར་བྱེད། ལུས་གྲང་ནད་ཀྱིས་མི་བཟུང་བ་དང་མི་འཁྱག་པའི་ཕྱིར་ཙམ་ཡིན་པས་གོས་སླག་གཅིག་གཉིས་ཀྱིས་ཆོག་པར་བྱ། བྱེ་བྲག་ལུས་ཀྱི་སྨད་དུ་དྲོ་བར་གྱོན་སྟོད་བསིལ་བར་བྱས་པས་དགེ་སྦྱོར་འཕེལ་ཆེ། མི་ཚེ་ལ་གོས་ལྷམ་གཅིག་གཉིས་ཆོག་ཤེས་བཟུང་། གཉིད་ཀྱང་དུད་འགྲོའི་རྒྱུ་ཡིན་པ་དང་། ཚེ་རབས་ནས་གཉིད་ཀྱང་ཟིན་པ་མེད་པ་ཚེ་ཕྱེད་ཤི་མིན་རོ་མིན་དུ་འགྱུར་བ་དང་། ཆོས་ལ་བར་དུ་གཅོད་པའི་གེགས་ཆེན་ཡིན་པས། མཚན་མོ་མ་ཟད་ཉིན་སྒང་པོར་གཉིད་ཀྱང་གཉིད་འདོད་ཇེ་ཆེ་ལས་ཡོང་རྒྱུ་མེད་ངེས་པས། དེས་ན་ཐུན་སྒང་དུ་གཉིད་དུ་ཅུང་ཟད་མི་ཡོལ་བཟང་ངན་གང་སློབ་ལ་རག་ལས་པས་ན། མཚན་གཞུང་གཉིད་ཐུན་རིང་བ་ཞིག་ལོག་པ་ལས་དེ་མིན་ཐུན་དུ་བཅད། ཁྱད་པར་གཉིད་འོད་གསལ་ལ་རྩལ་སྦྱང་བར་བསླབས་ནས་གཉིད་སྲང་དུ་གཅུར། ཐུན་ཚོད་ཀྱང་ཐོ་རང་བྱ་དང་པོ་གྲགས་ཚོད་ལ་ལངས་ནས། ཉི་མ་ཤར་དྲོས་བར་དང་། དེ་ནས་ཉིན་གུང་བར་དང་། ཕྱི་དྲོ་ནས་ཉི་མ་རི་རྩེ་ལས་མ་བཞུད་བར་དང་། དེ་ནས་མུན་རུབ་ནས་ཉལ་ཕྱི་ཙམ་དུ་ཐུན་བཟུང་། ནམ་ཟླ་དུས་བཞི་ཉི་མ་ཆུ་ཚོད་ཀྱི་ཚོད་ཉིན་གཅིག་བཞིན་བཟུང་སྟེ། ཉིན་གུང་གི་ཐུན་མཚམས་རྣམས་སུ། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་བཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་གསུངས་པ་ལྟར་ཆོས་སྤྱོད་བཅུ་པོ་གང་རུང་ལ་སྐབས་སྐབས་སུ་ཇི་ལྟར་འོས་པ་ནན་ཏན་དུ་སྤྱད་པ་བྱ་དགོས་ཤིང་། དེ་ལྟ་བུ་དམ་བཅའ་མི་ཉམས་པ་བཟུང་བའི་ཕྱིར་རྒྱལ་ཆེན་བཞི་ལ་ཕྲིན་ལས་བཅོལ། ཐོ་འཛུགས་ནས་བཟུང་བསྐྱེད་པའི་ཕ་བྱུང་ཡང་དམ་བཅའ་མི་ཧྲལ་འཁྲུལ་བའི་ལས་མི་བྱེད། དེ་ལྟ་བུའི་དམ་བཅའ་དེ་ཤ་སེན་མོས་བཏོག་སྟེ་བསད་ཀྱང་དེ་ལས་མི་འགལ་བ་བྱ་སྙམ་སྟེ་རྒལ་ཚིགས་བྲག་ལ་སྦྱར། ངོ་ནག་སྐྲ་ནག་གིས་རྩེ་གཅིག་གནས་དགོས་ཏེ། ཇི་སྐད་དུ། ཚོགས་ལས་བསྲིང་ཞིང་ཞི་ལ་རབ་ཏུ་མོས། །ནམ་མཁའི་རླུང་བཞིན་རྙེད་ལ་མི་ཆགས་ཤིང་། །གྲོགས་མེད་རི་དྭགས་བཞིན་དུ་གཅིག་པུར་རྒྱུ། །དེ་དག་གིས་ནི་བྱང་ཆུབ་རིང་བར་མིན། །ཞེས་དང་། འཇིགས་གླིང་པས། སྔོན་བྱོན་འཕགས་པའི་རྣམ་འཕྲུལ་གྲུབ་རྣམས་ཀྱིས། །མཛད་ཕྲིན་ནམ་མཁའི་ཕ་མཐའ་བརྡལ་བ་ལ། །སྐྱིད་འདོད་ཆོས་བརྒྱད་བྱ་བའི་སྒྲ་མི་གྲགས། །འཁོར་འདས་བྲག་ཕུག་ནང་དུ་རུ་ཤན་ཕྱེད། །ཅེས་དང་། ད་ནི་འདུ་འཛིའི་སྒོ་བརྒྱ་འབྱེད་པའི་སྐབས། །སྐུ་གསུང་ཐུགས་རྟེན་བཞེངས་དང་འཁོར་སློབ་སྐྱོང་། །ཆོ་ག་སྒྲུབ་མཆོད་འཛུག་སྤེལ་རྒྱུན་རྣམས་ཀྱང་། །སྔོན་ཆད་གྲུབ་རྣམས་བསྟན་པའི་ཞབས་ཏོག་རློམ། །ཞེས་དང་། དྷརྨ་རཀྵྀ་ཏས། ལོག་འཚོའི་སྒྲུབ་པའི་རྟེན་གསུམ་དེ། །བདག་འཛིན་རེ་དོགས་འཆིང་བའི་རྒྱུ། །གཉུག་མ་དོན་གྱི་ཆོས་སྐུ་ལས། །བྱ་བྱེད་མ་མང་སྙིང་གཏམ་ཡིན། །ཞེས་གསུངས་པ་ལྟར། མདོར་ན་བདག་ཅག་གི་བླ་མ་རིན་པོ་ཆེ་གྲུབ་དབང་ཤྲཱིའི་མཚན་ཅན་དེ་ཉིད་ནི་དང་པོ་སྐུ་བལྟམས་པ་དང་། བར་དུ་ཆོས་འཁོར་བསྐོར་བ་དང་། མཐར་སྐུ་གཤེགས་པའི་ཉམས་ཙམ་བསྟན་པ་ལས། སྒྲུབ་པ་ལ་དཀའ་སྤྱད་དང་བརྩོན་འགྲུས་ཚད་བཟུང་དུ་མི་བཏུབ་པ་མ་ཟད་ཉམས་དང་རྟོགས་པ་ལ་འཕོ་འགྱུར་དང་འཕེལ་འགྲིབ་ཅུང་ཟད་ཙམ་མེད་པ་ཐོག་མཐའ་བར་མེད་སངས་རྒྱས་ཉག་གཅིག་གི་ངོ་བོར་བཞུགས་པ་དང་། རིག་འཛིན་འཇིགས་མེད་གླིང་པ་དཔལ་གྱི་རི་ལ་བཞུགས་སྐབས་ཀྱང་ལོ་གསུམ་གྱི་རིང་ལ་ཟས་ལ་མང་ཉུང་མེད། གོས་རས་གཟན་གཅིག་ཁོ་ནས་འཁྱོལ་བར་བྱས། བུག་སྒོར་ངག་ཚིག་གཅིག་བཏང་བ་མེད། ནང་ན་མཚམས་གཡོག་ཡོང་བའི་སྐབས་བུག་སྒོ་ནང་མ་ལས་འདའ་ས་མེད། འཁོར་བ་ལ་ངེས་འབྱུང་དང་སྐྱོ་ཤས། ནམ་འཆི་ཆ་མེད་ཀྱི་བློ་དུང་ངེ་སྐྱེས་པ་ལས་ངག་འཆལ་དང་རང་བཞིན་གྱི་འཕྲོས་གཏམ་ཕྲན་བུ་ཙམ་ཡང་ལབ་ས་མེད་ཅེས་གསུངས་པ་ལྟར། ཁོ་བོས་ཀྱང་ལོ་བཅུ་གཉིས་ཀྱི་རིང་ལ་དཀའ་སྤྱད་དང་སྙིང་རུས་བརྩོན་འགྲུས་དང་ཉམས་ལེན་དེ་ལྷག་ལས། མི་ཞན་པ་བྱས་ཁུལ་ཡིན་པས་ན། ངོས་ཀྱི་རྗེས་སུ་ཞུགས་པའམ། སྒྲུབ་ལ་གཞོལ་ཞིང་དབེན་ཁྲོད་བརྟེན་མི་རྣམས་མཚམས་ཀྱི་མིང་བཏགས། སྒོ་དྲུང་ཐོ་བརྩེགས། རྣམ་རྟོག་རྒྱ་འབྱམས་སུ་ཤོར། ཕྱི་རོལ་དུ་ཐག་ཟེར་ན་བྱ་ར། ཅ་ཅོ་སྒྲོགས་ན་རྣ་ཉན། བུག་སྒོར་མི་དང་འཕྲད་ན་རྒྱ་བོད་ཧོར་གསུམ་གྱི་གཏམ་བརྗོད་གླེང་བ་སོགས་ཚོགས་དྲུག་ཡུལ་ཕྱིར་སོང་བ། མཚམས་ཀྱི་གཡང་ཤོར། སྣང་བ་ཡུལ་ཕྱིར་འབྲངས་པ། དངོས་གྲུབ་ཕྱི་རུ་ཡལ་བ། བར་ཆད་ནང་དུ་འགུགས་པ། བློ་ལང་ཤོར་དུ་ཐལ་བའི་ངང་ལོ་མཚམས་ཟླ་མཚམས་ཀྱི་ཞག་གྲངས་རྫོགས། ཤེས་རྒྱུད་སྔར་ལས་སྤུ་གང་གི་བཟང་དུ་མ་སོང་བར། མཚམས་ཐ་མལ་དུ་གྲོལ་བ་དེ་ནམ་ཡང་མ་བྱེད་པར་སྙིང་ལ་རུས་པ་བསྐྱེད། དགའ་རུང་། སྡུག་རུང་། ན་རུང་། ཚ་རུང་། ཤི་རུང་དམ་བཅའ་དེ་ལས་མི་འདའ་བར་ཚེ་དང་སྒྲུབ་པ་མཉམ། སྒྲུབ་པའི་རྒྱལ་མཚན་ཚུགས་པ་ཞིག་བྱ་དགོས་ཞེས་གསུངས་པ་ལྟར་རང་རེ་སྒྲུབ་པ་དབེན་ཁྲོད་བརྟེན་མི་རྣམས་ནས་དེ་བཞིན་བྱ་དགོས་ཤིང་། དེ་ནས་ཐོ་རངས་གཉིད་སད་པ་དང་ཉལ་བའི་བདེ་བ་ལ་མི་ཆགས་པར་ཧར་གྱིས་ལངས་ལ། མཁའ་དབྱིངས་ནས་རྩ་བའི་བླ་མ་དཔའ་བོ་མཁའ་འགྲོས་ཨཱ་ལི་ཀཱ་ལི་དང་ཌཱ་མ་རུའི་སྒྲ་བསྒྲགས་པས་གཉིད་སད་པར་བསམ། གནས་ཁང་ཟངས་མདོག་དཔལ་རི། རང་ལུས་རྡོ་རྗེ་རྣལ་འབྱོར་མ་གསལ་བཞིན། རཏ་གླིང་ཐུགས་སྒྲུབ་ལས་བྱུང་བའི་གཏི་མུག་གཉིད་དཀྲོགས་འདོན་བསྒོམ་བྱ། དང་པོ་ཐུན་གྱི་སྔོན་འགྲོ་ལུས་གནད་ནི་རྡོ་རྗེ་སྐྱིལ་ཀྲུང་བཅས་པས་ཐུར་སེལ་གྱི་རླུང་ཟིན། ལག་མཉམ་བཞག་བྱས་པས་མཉམ་པ་ཉིད་ཀྱི་རྟོགས་པ་སྐྱེ། རྒལ་ཚིགས་མདའ་ལྟར་བསྲང་བའམ་རྐང་པ་ཉག །ལྟོ་བ་ཐེར་བྱས་པས་རྩ་དབུ་རྐྱང་རོ་གསུམ་དྲང་ཞིང་མེ་མཉམ་རླུང་ཟིན་དྲོད་སྐྱེ། ལུས་སེམས་བདེ། དཔུང་པ་རྒོད་གཤོག་ལྟར་བརྒྱངས་པས་ལས་རླུང་དབུ་མར་ཚུད་ཅིང་མི་རྟོག་ཡེ་ཤེས་འཆར། མགྲིན་པ་ཡིད་ཙམ་དགུགས་པས་གྱེན་རྒྱུའི་རླུང་ཟིན་ཅིང་རྩ་མདུད་གྲོལ། ལྕེ་ཡ་རྐན་ལ་སྦྱར་བས་ཐིག་ལེ་སྤྱི་བོར་འཆིང་། མིག་སྣ་རྩེ་ལ་ཕབ་པས་ཡེ་ཤེས་འཆར་བ་སྟེ་བདུན་ནོ། །རླུང་རོ་བསལ་བ་ནི། གཡོན་རྡོ་རྗེ་ཁུ་ཚུར་གྱིས་བརླའི་རྩ་བོ་ཆེ་མནན། གཡས་རྡོ་རྗེ་རྩེ་གསུམ་པའི་རྒྱས་སྣ་བུག་གཡས་བཀག །གཡོན་པ་ནས་རླུང་དལ་བུས་རྔུབ་སྟེ། འོག་ཏུ་ཆིལ་གྱིས་མནན། བདག་གི་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དང་། བྱིང་རྒོད་རྨུགས་འཐིབ་བཞི་རླུང་ནག་པོའི་རྣམ་པར་ཕྱིར་འགྲོ་བར་བསམ་ལ་རླུང་འཕེན་དུས་དང་པོ་ཆུང་། བར་དུ་ཆེ། ཐ་མར་ནར་གྱིས་ལྷག་ལུས་མེད་པར་འཕངས། དེ་བཞིན་ལག་གཡས་གཡོན་བརྗེ་བ་དང་། དགུ་སྤྲུག་སྐབས། ལག་གཉིས་བརླ་རྩ་མནན་ནས་དབུས་གཡས་གཡོན་བཅས་ལན་གསུམ་རེ་དེ་ལྟར་སྤྲུག་ནས་རང་བབ་བཞག །དེ་ནས་ངག་འདོན་བཞིན། ཨོཾ་ཨཱཿཧཱུྃ། ལྕེ་དབང་རཾ་ཡིག་སོགས་འདོན་བསྒོམ་བྱ། དེ་ནས་སེམས་གནད་ནི། དགེ་མི་དགེའི་རྟོག་པ་གང་སྐྱེས་ཉམས་དཔྱད་པ་དང་། དད་དང་དག་སྣང་ངེས་འབྱུང་བྱང་སེམས་སྐྱེས་འདུག་ན། དགའ་བ་བསྒོམ། ཆགས་སྡང་གཡོ་སྒྱུ་ལོག་ལྟ་སོགས་དྲན་འདུག་ན་འགྱོད་པ་བསྐྱེད། མཚན་གཉིད་གཏིང་རིང་གི་སྐབས་དང་སད་མ་ཐག་འདི་ལྟར་དྲན་འདུག་ན་ང་ཆོས་པ་མི་འོང་ངོ་མ་རེད་བསམས་ནས་ལུང་མ་བསྟན་གྱི་ཀུན་སློང་བཅས་བཟང་པོར་བཅོས། བཟང་པོའི་ཀུན་སློང་དེའང་ཚེ་འདིའི་ནད་གདོན་སོགས་ལས་སྐྱོབ་ཕྱིར་དང་རྙེད་བསྟོད་སོགས་འགྲུབ་འདོད་ཀྱི་ཀུན་སློང་སྤང་། ཚེ་ཕྱི་མ་ངན་སོང་གསུམ་གྱི་འཇིགས་པ་སྐྱོབ་ཙམ་དང་། མཐོ་རིས་ལྷ་མིའི་བདེ་བ་སྒྲུབ་འདོད་སྐྱེས་བུ་ཆུང་ངུའི་ཀུན་སློང་། རང་ཉིད་ཁོ་ན་ཙམ་རིགས་དྲུག་གི་སྡུག་བསྔལ་ལས་ཐར་ཏེ་ཞི་བ་ཉན་རང་གི་གོ་འཕང་དོན་གཉེར་གྱི་ཀུན་སློང་བཅས་ཡོངས་སུ་སྤང་དགོས། འདི་ལྟར་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཞིང་། བདེ་བའི་རྒྱུ་འབྲས་གཉིས་དང་ལྡན་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཁོ་ན་ལ་འགོད་པར་བྱ། དེའི་ཆེད་དུ་དགེ་བ་འདི་དག་བསྒྲུབ་པར་བྱའོ་སྙམ་དགོས་ཏེ། འདི་ནས་མ་འཕྱུགས་ན་ཅི་བྱས་ཐེག་ཆེན་བྱང་ཆུབ་ཆེན་པོའི་རྒྱུར་འགྱུར་བ་ཞིག་གོ། །འདི་ནས་འཕྱུགས་ན་སྒོམ་ཉིན་མཚན་འདྲེས། མངོན་ཤེས་དང་རྫུ་འཕྲུལ་ལྡན། ཡི་དམ་ལྷའི་ཞལ་གཟིགས། མཁའ་འགྲོས་ལུང་བསྟན། བསྙེན་པ་དུང་ཕྱུར་མང་པོ་བགྲངས་ཀྱང་ཕན་ཡོན་ཆེར་མེད་པར་གསུངས་པས། ཀུན་སློང་བྱང་ཆུབ་སེམས་དང་མ་བྲལ་བ་གལ་ཆེ། དེ་ནས་བླ་མའི་རྣལ་འབྱོར་ནི་ནུབ་མོ་ཉལ་བའི་ཚེ་སྙིང་དབུས་སུ་བཞུགས་པ་གསལ་བཏབ་ནས་གཉིད་ལས་ལངས་དུས་མོས་གུས་གདུང་བ་དྲག་པོས། བླ་མ་མཁྱེན་ལན་གསུམ་བརྗོད་པས་བླ་མས་ཐུགས་དམ་རྗེས་སུ་དགོངས་པར་བསམས་ནས། སྙིང་དབུས་དད་པའི་སོགས་ནས་བཞེངས་སུ་གསོལ་བར་བརྗོད་ནས། བླ་མ་ཉིད་སྙིང་པདྨ་འདབ་བརྒྱད་ཁ་གྱེས་པའི་དབུས་ནས་ཆུ་ལས་ཉ་རྡོལ་བའི་ཚུལ་བཞིན། རྩ་དབུ་མའི་ལམ་ནས་མེ་རེ་རེ་ཐོན་ནས་སྤྱི་བོར་པདྨ་འབུམ་བརྡལ་ཟེའུ་འབྲུ་དམར་སེར་གྱེས་པའི་སྟེང་དུ་སེང་ཁྲི་དར་ཟབ་འབོལ་གདན་བརྩེགས་པའི་གདན་ལ། རབ་བྱུང་ངམ་སྔགས་པའི་ཆ་ལུགས་ཅན་ཇི་ལྟ་བ་བཞིན་གསལ་ལ། གསོལ་འདེབས་རྒྱས་འབྲིང་བསྡུས་སོགས་ཅི་རིགས་འདོན། གསོལ་བ་དྲག་ཏུ་བཏབ་པས་བླ་མ་ཉིད་ཐུགས་དགྱེས་པའི་ཚུལ་གྱིས་འོད་དུ་ཞུ་ནས། རང་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་རྒྱུད་བྱིན་གྱིས་བརླབ་བྱུང་སྙམ་ནས་ཅུང་ཟད་མཉམ་པར་འཇོག །དེ་ནས་བློ་ལྡོག་རྣམ་པ་བཞི་སྒོམ་པ་ལ། སྐྱེ་བ་ཚེ་རབས་ནས་དེང་ཕན་ཆོད་ཚེ་འདིའི་དབང་ཁོ་ནར་སོང་སྟེ། ཁེ་གྲགས་དང་ཆགས་སྡང་། གསོག་འཇོག་དང་ལེ་ལོ། རྣམ་གཡེང་ཁོ་ནའི་དབང་དུ་འབྱམས་ཀླས་པར་གྱུར་ནས། རྒྱུ་ནོར་སྙན་གྲགས་ཀྱི་འབྱོར་བ་ཕྲན་བུ་དང་སངས་རྒྱས་ཐོབ་པ་གཉིས་འདམ་ཀ་ནོར་བ་ལྟ་བུ་སོང་སྟེ། དམ་པའི་ཆོས་གཏན་ནས་མི་བསྒྲུབ་པར་དམ་བཅའ་དྲག་པོ་བྱས་པ་ལས་མེད་པ། བཙུན་ཆེ་བ་ཕལ་ཆེར་ལ་ཡོང་འདུག་པ་དེ་ཚོ། དལ་འབྱོར་རྙེད་དཀའ་བ་དང་། འཆི་བ་མི་རྟག་པ་སོགས་གོ་མྱོང་རྒྱུད་ལ་མ་འབྱོར་བས་ལན་པ་རང་ལ་ཐུག་འདུག་པས། དེས་ན་ལམ་བསྐྱེད་རྫོགས་ཀྱི་རིམ་པ་ལ་གང་མྱུར་གྱིས་མཐོ་སྙབ་འགའ་མི་བྱ་བར་མདའ་འཕེན་པ་ལ་འབེན་ངོས་ཟིན་དགོས་པ་ལྟར། དང་པོ་ནས་ཆོས་དང་འཇིག་རྟེན་གྱི་རྣམ་དབྱེ་དགེ་སྡིག་སྐྱོན་ཡོན་དང་། རྒྱུ་མཚན་རྣམས་མ་འདྲེས་པ་ཡང་དག་པ་སོ་སོར་ཕྱེས་ནས། ཉམས་སུ་ལེགས་པར་བླང་ཤེས་དགོས་པ་ཡིན། དེ་ལྟར་ཕྱེ་བའི་ཐབས་ཟབ་མོ་ཡིན་ལུགས་ནི། མདོ་སྔགས་གཉིས་ཀྱི་ཆོས་ཇི་སྙེད་ཅིག་ཞལ་བསྡུར་བའི་སྙིང་པོ་བླ་མ་དམ་པའི་ཞལ་རྒྱུན་ཟབ་མོ་ལྟར་བློ་ལྡོག་རྣམ་པ་བཞིའི་བློ་སྦྱང་ཡང་ཡང་སྔོན་དུ་འགྲོ་བས་ཁ་ཙམ་དང་ཕྱོགས་ལམ་མ་ཡིན་པར་ངེས་འབྱུང་གི་བློ་ཁྱད་པར་ཅན་རང་རྒྱུད་ལ་སྐྱེས་པ་ཞིག་ཅི་ནས་གལ་ཆེ་བའི་རང་བཞིན་འདི་ལྟར་ལགས་ཏེ། དེའང་མི་ལུས་ཙམ་པོ་པ། འཕྱོར་པོ་པ། འཇའ་ཚོན་པ། སྙིང་མེད་པོ། སྟོང་ལོག་མཁན་ལྟ་བུ་མ་ཡིན་པ། དམ་པའི་ཆོས་ཟབ་མོ་སྒྲུབ་པ་ལ་མི་ཁོམ་པའི་གནས་བརྒྱད་དང་བྲལ་ཞིང་ཁྱད་པར་གྱི་འབྱོར་བ་བཅུ་ངེས་པར་ཅན་གྱིས་ཚང་དགོས་ཏེ། ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་དང་། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེར་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་གསུངས་པ་ལྟར་དལ་འབྱོར་དེ་ལྟ་བུ་ནི། རྒྱུ་དང་ངོ་བོ། དཔེ་དང་གྲངས་གང་གི་སྒོ་ནས་གཞལ་ཀྱང་རྙེད་དཀའ་བའི་རང་བཞིན་དེ་དག་རང་རྒྱུད་དུ་ཚང་ངམ་མ་ཚང་ཞིབ་པར་དཔྱད་དེ། ཚང་འདུག་ན་དབུལ་པོས་ནོར་རྙེད་པ་ལྟ་བུར་དགའ་སྤྲོ་ཚད་མེད་པ་བསྒོམ་དགོས་པ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་ལུས་རྟེན་རྙེད་མི་འགྱུར། །ཞེས་དང་། ཇི་སྐད་དུ། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིན་ཆད་རྙེད་དཀའ་བས། །རྨོངས་པ་རྣམས་ནི་གཉིད་མ་ལོག །ཅེས་གསུངས་པ་ལྟར། མ་ཟད་བསྟན་འགྲོ་ཀུན་གྱི་འཕྲལ་ཡུན་བདེ་སྐྱིད་འབྱུང་གནས་ཆེན་པོ་ངེས་པ་དོན་གྱི་བསྟན་པ་འཛིན་པའི་སྐྱེས་བུ་ཞིག་རང་རེས་མཐོང་ཐོས་རེག་བྱའི་ཡུལ་དུ་འདུག་ཕྱིན་ཆོད་ལྷག་པར་དུའང་གནས་དང་། དུས་དང་། ཆོས་དང་། སྒྲུབ་པའི་ཐབས་རྟེན་སོགས་ཀུན་གྱི་སྙིང་པོའི་སྙིང་པོ་ཡང་ཟབ་རྩེ་མོ་གཅིག་ཏུ་ཡིན་པར་ཤེས་པའི་ངང་ནས། ཆོས་སྒོར་མ་ཞུགས་པ་རྣམས་དུས་མྱུར་བ་ཉིད་དུ་ཞུགས་པར་བྱོས། འཇུག་བཞིན་པ་རྣམས་ཆོས་དྲེད་དུ་མ་ལྷག་པར་སྡིག་སྤོང་དགེ་སྒྲུབ་ལ་གོང་འཕེལ་དུ་བརྩོན་འགྲུས་བསྐྱེད། བརྩོན་འགྲུས་ཁྱད་པར་ཅན་དང་ལྡན་པ་རྣམས་ཀྱིས་ཉམས་རྟོགས་ཡོན་ཏན་ཐམས་ཅད་མཐར་ཕྱིན་ནས་དོན་གཉིས་ལྷུན་གྱིས་གྲུབ་པ་ཞིག་བྱ་བ་ཅི་ནས་གལ་ཆེ་བའི་རང་བཞིན་ནོ། །དེ་བཞིན་འདུན་སྤྱོད་ཐམས་ཅད་ཆོས་ལ་མྱུར་བར་རྩེ་གཅིག་ཏུ་བརྩོན་འགྲུས་བསྐྱེད་རྒྱུ་མ་བྱུང་ན་ཕལ་ཆེར་སྐྱེས་དང་། ཚར་ལོང་མེད་པ། རྒས་དང་ན་ལོང་མེད་པར། དགྲ་འདུལ་འཕྲོ། གཉེན་སྐྱོང་འཕྲོ། ལས་ལས་འཕྲོ། གཏམ་བཤད་འཕྲོ། ཟས་ཟ་འཕྲོ་ལུས་ནས་འཆི་འགྲོ་དགོས་པ་ཨི་མི་འདུག་ན། རང་རེས་དམ་པའི་ཆོས་སྒྲུབ་པའི་ལོང་ཁོམ་ག་ལ་ཡོང་སྟེ། བཤེས་སྤྲིངས་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པས་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་རྟག་སྨོས་ཅི་འཚལ། །ཞེས་དང་། འདུལ་བ་ལུང་ལས། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པ། །ས་ཕྱོགས་དེ་ནི་གང་ན་ཡོད་མ་ཡིན། །ནམ་མཁའ་ལ་མེད་རྒྱ་མཚོའི་གཏིང་ནའང་མེད། །རི་བོ་ཀུན་གྱི་ཕུག་ན་ཡོད་མ་ཡིན། །ཞེས་གསུངས་པ་ལྟར། དེའི་ཕྱིར་མི་རྟག་པའི་རང་བཞིན་ལས་ནམ་ཡང་མ་འདས་པའི་ཚུལ། ཡིན་ལུགས་ཅུང་ཟད་བཤད་པ་ལ། ཕྱི་སྣོད་ཆགས་འཇིག །ནང་བཅུད་སྐྱེ་འཆི། དཔེ་དོན་སྣ་ཚོགས་གང་ལ་བསམ་ནའང་། མི་རྟག་པའི་རང་བཞིན་ལས་མ་འདས་ཏེ། དཔེར་ན་སེམས་ཅན་ལུག་བརྒྱ་སྟོང་གི་ནང་ནས་གློ་བུར་དུ་ཤན་པའི་ཞགས་ནག་དེ་སུའི་སྐེ་ལ་ཐེབ་ཡོང་ཆ་མི་གཏོགས་པ་ལྟར་རམ། མཆོད་མེ་བརྒྱ་མཆོད་ནང་ནས་གཡས་གཡོན་མདུན་རྒྱབ་མཐའ་དབུས་གང་ནས་མར་ཁུ་ཟད་དེ་དས་ཡོང་ཆ་མི་གཏོགས་པ་ལྟར་རམ། རླུང་གསེབ་ཀྱི་མར་མེ་ལྟར་རམ། ཉི་རྒས་ཀྱི་གྲིབ་མ་ལྟར་རམ། ཤིང་འབྲས་སྨིན་ནས་ལྷུང་ལ་ཉེ་བ་ལྟ་བུའི་ཚེ་མཇུག་རྣམས་ནི་ནམ་འཆི་ངེས་པ་ལྷག་པར་མ་མཆིས་ཤིང་། ཚེ་ཟད་ནས་འཆི་ལ་ཉེ་བའི་དུས་དེར། སངས་རྒྱས་སྨན་ལྷས་སྨན། ཚེ་དཔག་མེད་ཀྱིས་དབང་། འཇམ་དཔལ་དབྱངས་ཀྱིས་དཔྱད། ཐུགས་རྗེ་ཆེན་པོས་འདུལ། ཕྱག་ན་རྡོ་རྗེས་སྲུང་བར་མཛད་ཀྱང་བཟློག་ཏུ་མི་བཏུབ་སྟེ། ལོ་ན་ཆུང་ཡང་མི་འཆིའི་གདེང་མེད། ཟས་གོས་རྒྱུ་ནོར་ཕྱུག་ཀྱང་མི་འཆི་བའི་གདེང་མེད། ནད་མེད་ཀྱང་མི་འཆི་བའི་གདེང་མེད། མི་འཆི་སྙམ་ན་སྟོན་པས་ཚེ་ཚད་བསྟན་པའམ། ཡང་ན་རང་ལ་ཟག་མེད་མངོན་ཤེས་ཡོད་དགོས། ཡང་ན་གཤིན་རྗེ་ཆོས་རྒྱལ་དང་འཕྲད་ནས་རེ་ཞིག་མི་འཁྲིད་པའི་དམ་བཅའ་བླང་བ་འདྲ་ཡོད་ན་མ་གཏོགས་ངེས་ངེས་ཅི་ཡང་མེད་རུང་ཤེས་མི་མི་འདུག །བསམ་པའི་སེམས་དང་། ལྟ་བའི་མིག །ཉན་པའི་རྣ་བ་ཡོད་ན་ནི་ཀུན་གྱིས་མཐོང་ཆོས་མྱོང་གྱུར་དུ་ཡོད་པ་འདི་དག་ལ་ཐུགས་བསམ་རེ་ངེས་པར་བསྐོར་ཏེ། ད་ལྟ་རྒྱུ་ནོར་གྱི་འབྱོར་ཚོགས་རྒྱས་པ། ཐོབ་ཐང་དང་རྣམ་དཔྱོད་ལྡན་པ། དཔའ་རྩལ་དང་སྤྱང་གྲུང་འཛོམས་པ། རིགས་རུས་དང་ལང་ཚོ་དར་བ། ཐོས་བསམ་གྱི་མཁྱེན་རྒྱ་ཆེ་བ། འཆད་རྩོད་རྩོམ་ལ་མཁས་པ། མཛད་ཕྲིན་རྒྱས་པ་དང་། བྱ་བ་ལམ་དུ་སློང་བ་སོགས་ཁ་ཕྱིར་བལྟས་ང་རྒྱལ་གྱི་དབང་དུ་འདྲ་ཆགས་མདོག་བྱེད་ནས་ནམ་ཡང་མ་ལྡིང་ཞིག །འཆི་ནད་དྲག་པོ་བཟློག་ཏུ་མི་བཏུབ་པ་ནང་ཁྲོལ་ལས་ཚུར་ངེས་པར་སྨིན་ནས་མི་རྟག་པའི་རང་བཞིན་གཅིག་ཏུ་ངོམ་ཡོང་བས་ན། དེང་ཕན་ཆོད་ཚེ་ཅི་ཡོད་འཆི་བསྒུག་བྱས་པ་ལྟ་བུའི་ངང་དུ་སྡོད་ཐབས་ག་ལ་ཡོད། དེ་སྔོན་ཚེ་དོན་ཡོད་ལ་མེད་ཟད་སོང་བ་ལའང་། གནོང་འགྱོད་དྲག་པོ་སྐྱེས་པའི་སྒོ་ནས་དགེ་སྦྱོར་ལ་འཕེལ་སྐྱེད་ལྷག་ཏུ་ཐོན་པར་བྱ་དགོས་པ་ཡིན་ཞིང་། མདོར་ན་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་རུང་། ཁྱིས་རྩྭ་བཞིན་དོར་ནས། རྟ་ཕོ་ལྕག་གིས་བྲབ་པ་ལས་ཆེར་མྱུར་བར་སྔོན་ནས་ཁྲིད། རྒྱབ་ནས་དེད་མཁན་བརྒྱ་སྟོང་ཁྲི་འབུམ་དུ་མར་ཡོད་པ་ལས་ལྷག་ཙམ་ཆོས་ལ་བརྩོན་འགྲུས་ཤུགས་དྲག་ལ་རྒྱུན་རིང་བ་ཉིན་མཚན་བར་མེད་དུ་དུས་འདའ་བར་སྤྱོད་འགྲོ་མི་རྣམས་ནི་མི་རྟག་པ་སོགས་རྒྱུད་ལ་འབྱོར་བའི་བཀའ་དྲིན་ཁོ་ན་ལས་འབྱུང་བ་ཡིན་འདུག་པས། དེ་ལྟ་བུ་རང་རེའི་རྒྱུད་ལ་ངེས་པར་མ་སྐྱེས་བར་དུ་མ་བསྒོམས་ན། ཆོས་ཞུ་ལོ་དང་ཐོས་ལོ་སྒྲུབ་ལོ་འདྲ་ཆགས་པོ་སོགས་ཇི་ཙམ་བྱས་བསྡད་ཀྱང་། ཚེ་འདི་ཡི་ལད་མོ་ལྟ་བུའི་མཐར་ཆོས་དྲེད་ངན་པའི་རྒྱུ་ལས་མ་འདས་པས། ད་ནི་ལེ་ལོ་ཕྱི་བཤོལ་གྱི་དབང་དུ་སྐད་ཅིག་ཙམ་ཡང་མི་བཏང་བར། སྙིང་པོ་དམ་པའི་ཆོས་མཐར་ཕྱིན་པ་ཞིག་ཅི་ནས་གལ་ཆེ་བར་མཛོད་ལགས། དེ་ལྟར་ཤི་ནས་མེ་དས་པའམ། ཆུ་སྐམ་པའམ། འཇའ་ཡལ་བ་ལྟར་རམ། མུ་སྟེགས་རྒྱང་འཕེན་པའི་ལྟ་བ་ལྟ་བུ་ཅང་མེད་དུ་མི་འགྲོ་བར། ད་ལྟའི་ཕུང་པོ་བྱ་ཁྱིས་ཟོས་ནས་རྡུལ་ཕྲན་མེད་པར་བརླག་ཀྱང་། སྔར་བཞིན་རྣམ་ཤེས་འཁོར་བ་ལས་འདའ་ས་མེད་པས་ན། སླར་ལུས་བླངས་ནས། ལས་དང་རྣམ་སྨིན་ཐམས་ཅད་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་ཇི་བཞིན་མྱོང་དགོས་པའི་ཚུལ། ལས་རྒྱུ་འབྲས་ཀྱི་རིམ་པ་ནི། ད་ལྟ་ལ་ལ་བདེ་བ་ཤ་སྟག །ལ་ལ་སྡུག་བསྔལ་ཤ་སྟག །ལ་ལ་བདེ་སྡུག་འདྲེས་མ་སྣ་ཚོགས་ཡོང་བ་རྣམས་ད་ལྟའི་སྐབས་འདིར་ལས་ཡག་ཉེས་ལམ་འགྲོ་ཆེ་ཆུང་། ཕོ་རྒོད་ཞན་ཡིན་སྙམ་པ་ནི་མི་ཕལ་ཆེས་བྱེད་ཀྱིན་འདུག་སྟེ། དེ་ནི་ལས་རྒྱུ་འབྲས་ལ་ཕྱོགས་ཙམ་ཉེ་བ་མ་ཡིན་ནོ། །ཚེ་སྔོན་དགེ་སྡིག་གི་ལས་གང་བསགས་ཀྱི་འབྲས་བུ་ཁོ་ན་ལ་རག་ལས་པ་ཡིན་ཏེ། རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བ་དང་། ལས་འབྲས་ལ་རྨོངས་པ་གསུམ་གྱིས་ཀུན་ནས་བསླང་བའི་ལས་དང་འབྲས་བུ་རྣམས་ནི་རྩ་བ་དུག་ལས་བྱུང་བའི་ལོ་མ་མེ་ཏོག་འབྲས་བུ་བྱེད་ལས་དང་བཅས་པ་དུག་གི་རང་བཞིན་ཏེ། ཕལ་པོ་ཆེ་ལས། ཇི་ལྟར་ས་བོན་ཁྱད་པར་གྱིས། །འབྲས་བུ་སྣ་ཚོགས་སྣང་བ་ལྟར། །དེ་བཞིན་ལས་ཀྱི་ཁྱད་པར་གྱིས། །སེམས་ཅན་རྣམས་དང་ཞིང་འབྱུང་ངོ་། །ཞེས་དང་། རིན་ཆེན་ཕྲེང་བ་ལས། དགེ་བ་ཡིས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་ཀྱང་། །མི་དགེ་བས་ནི་ངན་སོང་དང་། དེ་བཞིན་སྡུག་བསྔལ་ཐམས་ཅད་དོ། །ཞེས་གསུངས་པ་ལྟར། སྤང་བྱ་རྒྱུ་དུག་གསུམ་གྱིས་ཀུན་ནས་སློང་བའི། ལས་མི་དགེ་བ་བཅུ་རྣམ་སྨིན་འབྲས་བུ་ངན་སོང་གསུམ་དང་། བྱེད་པ་རྒྱུ་མཐུན་དང་། མྱོང་བ་རྒྱུ་མཐུན་དང་། དབང་འབྲས་ཡུལ་ལ་སྨིན་པ་སྐྱེས་བུ་བྱེད་འབྲས་སོགས་རྒྱུ་འབྲས་དེ་དག་སྤང་དགོས་པ་དང་། ད་ནི་བསྒྲུབ་བྱ་དགེ་བའི་ལས་ནི། རང་ཕྱོགས་ལ་མི་ཆགས་པ་དང་། གཞན་ཕྱོགས་ལ་ཞེ་སྡང་མེད་པ་དང་། ལས་འབྲས་ལ་རྨོངས་པ་མེད་པའི་ཤེས་རབ་གསུམ་གྱིས་ཀུན་ནས་སློང་བའི་ལས་འབྲས་དེ། དཔེར་ན་རྩ་བ་སྨན་ལས་བྱུང་ན། ལོ་མ་མེ་ཏོག་འབྲས་བུ་བྱེད་ལས་དང་བཅས་པ་སྨན་གྱི་རང་བཞིན་ཡིན་པ་ལྟར་དགེ་བའི་ལས་བཅུ་དང་། རྣམ་སྨིན་མཐོ་རིས་གསུམ་གང་རུང་དང་། བྱེད་པ་རྒྱུ་མཐུན། མྱོང་བ་རྒྱུ་མཐུན། དབང་འབྲས་ཡུལ་ལ་སྨིན་པ་སྐྱེས་བུ་བྱེད་འབྲས་སོགས་བདེ་བའི་རྒྱུ་འབྲས་དེ་དག་བསྒྲུབ་བྱ་ཡིན་པ་དང་། དེ་ལྟར་ལས་གང་བྱས་དེ་ཡང་ན་འབྲས་བུ་མྱངས་ནས་འཛད། ཡང་ན་བཤགས་པས་སོར་ཆུད་དེ་འཛད་ན་མ་གཏོགས་ས་ལ་མི་སྨིན། རྡོ་ལ་མི་སྨིན། མི་སུམ་མི་རུལ་མི་སྐམ་མི་ཟད་ཅིང་དུས་ནམ་ཡང་རང་ཐོག་ཏུ་སྨིན་ངེས་ལས་མི་ལྡོག །ཤུལ་དུ་མི་སྡོད། གཞན་གྱི་རྗེས་སུ་མི་འབྲངས། མེད་པར་ཡང་མི་འགྱུར་ལ། འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཕྲ་ཞིང་ཕྲ་བ་མྱོང་དགོས་པའི་ལོ་རྒྱུས་འདུག་ན། རང་རེ་རྣམས་ནི་དགེ་སྒྲུབ་ལ་ཕྲ་ཞིང་ཕྲ་བ་ནས་ཞིབ་པ་ཅི་ནས་ཀྱང་གལ་ཆེ། དེ་ལྟར་དགེ་བ་བསྒྲུབས་ནས་སྡིག་པ་ཡོངས་སུ་མ་སྤངས་ན། རྒྱུ་དེ་དག་གིས་འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་། མེ་ཡི་འོབས་ལྟ་བུ། སྲིན་མོའི་གླིང་། དུག་སྦྲུལ་གྱི་ཚང་། མཚོན་གྱི་རྩེ། མི་གཙང་བའི་འདམ་ལྟ་བུ་སྡུག་བསྔལ་གྱི་རང་བཞིན་ལས་ནམ་ཡང་མ་འདས་པའི་ཚུལ་འཁོར་བའི་ཉེས་དམིགས་ནི། བཤེས་སྤྲིངས་ལས། དམྱལ་བ་བྲིས་དང་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བྱས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས། །ཞེས་དང་། དེ་ལྟར་ཤིན་ཏུ་སྡུག་བསྔལ་མི་བཟོད་པ། །བྱེ་བ་ཕྲག་བརྒྱ་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་བར། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། ཚ་དམྱལ་བརྒྱད་དང་། ཉི་ཚེ་ཉེ་འཁོར་གཉིས། གྲང་དམྱལ་བརྒྱད། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བསྐོལ་སྤྱོད། ལྷ་འཕོ་ལྟུང་། ལྷ་མ་ཡིན་འཐབ་རྩོད། མི་སྐྱེ་རྒ་ན་འཆི་སོགས་ཡོད་པས་མདོ་དོན་བསྡུ་ན། དེ་ལྟར་འགྲོ་བའི་གནས་རིས་གང་དུ་སྐྱེས་ཀྱང་། ཚ་གྲང་ལྟོགས་སྐོམ། ངལ་དུབ། ན་ཚ། འཐབ་རྩོད། འཕོ་འགྱུར། བསགས་སྲུང་། དགྲ་གཉེན་ཆགས་སྡང་ཁོ་ན་ལས་མ་འདས་ཏེ། འདོད་པ་སེམས་ཀྱི་སྡུག་བསྔལ། མྱོང་བ་ལུས་ཀྱི་སྡུག་བསྔལ། སྣང་བ་ཡུལ་གྱི་སྡུག་བསྔལ། སྒོ་གསུམ་རྩོལ་སྒྲུབ་ཀྱི་སྡུག་བསྔལ། སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཡོ་ལང་། སྡུག་བསྔལ་གྱི་འཁྲུལ་འཁོར་ཁོ་ན་ལས་མ་འདས་པས་ན། སྡུག་བསྔལ་དེ་དག་མཐོང་ཐོས་ཙམ་དུ་མི་བཞག་པར་དཔེ་ཞིབ་ཀྱིས་བླངས་ཏེ་སེམས་ཀྱིས་ཡང་ཡང་ནན་ཏན་དུ་སྒོམ་ཞིང་། ངེས་ཤེས་དྲག་པོ་བཅོས་མ་མ་ཡིན་པར་རྒྱུད་ལ་ངམ་ངམ་ཤུགས་ཀྱིས་སྐྱེས་ཏེ། དེ་རྒྱུ་འཁོར་བའི་བྱ་བཞག་ཐམས་ཅད་ལ་ཞེན་པ་གཏིང་ནས་ལོག་པ་ཉེས་ཆེན་བཙོན་དོང་ནས་བྲོས་པ་ལྟར་རམ། རི་དྭགས་རྒྱ་ནས་ཐོན་པ་ལྟར་རམ། མཁྲིས་ནད་ཅན་གྱིས་བཙོ་ཟན་མཐོང་བ་ལྟ་བུ་ཞིག་ནི་ངེས་པར་ཅན་གྱི་རང་རྒྱུད་དུ་འབྱོངས་དགོས་པ་ཡིན་ནོ། །དལ་འབྱོར་རྙེད་དཀའ་བ་དང་། འཆི་བ་མི་རྟག་པས་ཚེ་འདིའི་བློ་སྣ་བསྟུང་། ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་ཀྱིས་ཕྱི་མ་ངན་འགྲོའི་གནས་ལས་བློ་ལྡོག་སྟེ་ཚེ་འདིར་སྣང་ཆོས་བརྒྱད་སོགས་ཀྱི་སྤྱོད་པ་ལྟ་ཅི་སེམས་ཐོག་ཏུ་ཅུང་ཟད་སྐྱེས་ཀྱང་། སྤང་གཉེན་སྐད་ཅིག་གིས་ར་འཕྲོད་ནས་འགྲོ་འདུག་ཟ་ཉལ་ལ་ལོངས་སྤྱོད་ནས་འདུ་ཤེས་བཞི་ཙམ་ལའང་། དགོས་མེད་ཆོག་ཤེས་གཅིག་ཏུ་བརྟེན་པ་དང་། དེ་བཞིན་སྔོན་བྱོན་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱང་མི་རྟག་པ་སོགས་ཀྱི་ཐུགས་རྒྱུད་ཤིན་ཏུ་མྱུར་བར་བསྐུལ་ཏེ་ཚེ་འདི་བློས་ཡོངས་སུ་བཏང་སྟེ་སྒྲུབ་པ་སྙིང་པོ་ཁོ་ནར་མཛད་པ་དང་། དོན་གཉིས་རླབས་པོ་ཆེ་མཐའ་རུ་ཕྱིན་པ་ཡིན་ཏེ། མདོར་ན་རང་གཞན་གྱི་དོན་གཉིས་རླབས་ཆེ་བ། རྣམ་གྲངས་མང་བ། ཤུགས་དྲག་པ། རྒྱུན་རིང་བ། མཐའ་ཡས་པ་དེ་ལྟ་བུ་འགྲུབ་པའི་རྩ་བ་ནི་རང་རེའི་ཞག་ཟླ་ལོ་གྲངས་དང་ཚེ་ཡི་ཡུན། འདི་ལས་ལྷག་ཙམ་ཆེར་བཞུགས་པ་མིན་ཀྱང་། དོན་མེད་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་། ཟས་གོས་དོན་གཉེར། འགྲོ་འདུག་བྱ་བཞག་འདུ་འཛི་གཡེང་བ་སོགས་ལས་མི་དགེ་བའི་རིགས་རྒྱང་རིང་དུ་བསྲིང་སྟེ། སྒོ་གསུམ་དམ་པའི་ཆོས་ལ་ཉག་གཅིག་དྲིལ་བས་གོམས་སྟོབས་ཀྱིས་མཐའ་གཉིས་ལ་མི་གནས་པ། དོན་གཉིས་ལྷུན་གྱིས་གྲུབ་པ། གང་ཟག་མི་ཡི་ལུས་ལ་དགོངས་པ་སངས་རྒྱས་སུ་མངའ་བ། འཇིག་རྟེན་ལྷ་མི་ཀུན་གྱིས་མཆོད་འོས་ཀྱི་གནས་ཆེན་པོ་དུས་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས་པས་དེ་ལྟར་འགྲུབ་པ་རང་ཡིན་འདུག་པས། དེས་ན་རང་རེ་རྣམས་ཀྱི་རྒྱུད་ལ་ངེས་འབྱུང་དྲག་པོའི་བློ་དེ་དེ་བཞིན་དུ་འབྱོར་ངེས་རེ་བྱས་ནས། རང་གཞན་གྱི་གཏན་དོན་ཆོས་རྣམ་དག་ཁོ་ན་སྒྲུབ་དགོས་པ་ཡིན་ནོ། །དེ་ནས་ཐུན་མིན་སྔོན་འགྲོའི་བསགས་སྦྱང་གི་རིམ་པ་ལ་ཚིག་ཙམ་རྗེས་ཟློས་ཀྱིས་གྲངས་བསགས་པ་དང་། ལ་འུར་ཡ་ཡོལ་གྱི་ངང་ནས་ཚེ་འདིའི་དཔོན་པོ་ལ་ཁྲལ་མཇལ་བྱེད་པ་ལྟ་བུའམ། གཡོག་ངན་ལ་ལས་ཀ་ལྟ་བུར་བྱས་པས་དོན་ཆེར་མི་འབྱུང་བས་ན། བརྒྱུད་ལྡན་གྱི་བླ་མའི་ཞལ་རྒྱུན་དང་ཕྱག་བཞེས་ཟབ་མོ་མཐུན་ངེས་པར་སྒོ་གསུམ་ཐུགས་ཉམས་ཤིན་ཏུ་བག་ཕེབས་པའི་ངང་ནས་དང་པོ་ངག་འདོན་གང་ཡིན་པ་དེ་དག་བློ་རུ་བྱང་ཆུབ་པར་འཛིན་ཅིང་། དེ་ནས་ཟླ་བ་ཁ་ཤས་ལ་སྐྱབས་ཡུལ་རྣམས་མ་འདྲེས་པར་གསལ་བཏབ་ལ་བརྟན་ཆ་གཅིག་ཏུ་ཆེ་བ་མ་བྱུང་གི་བར་དུ་སྒོམས། ཡིད་ཁྱེད་ཤེས་ཀྱི་དད་པ་རྩེ་གཅིག་འགྲོ་ངེས་པར་གྱུར་པའི་སྤྱན་སྔར། མཆོད་པ་སོགས་དངོས་བཤམས་ཡིད་སྤྲུལ་ཏིང་ངེ་འཛིན་གྱི་མཁའ་ཁྱབ་ཏུ་སྤེལ་བའི་དམིགས་འདུན་རྩེ་གཅིག་དྲིལ་ནས་སྒོམ་པར་མཛད་པ་ལས་གཞན་སའམ་རྡོའམ། བར་སྣང་སྟོང་པར་འབུལ་བྱ་འབུལ་བྱེད་གྱུར་པ་ལྟ་བུ་སླ་ཆོས་སུ་ནམ་ཡང་མི་བྱེད་པར་དཀའ་བ་དང་དུ་ལོངས། སླ་བ་རྒྱབ་ཏུ་དོར་ནས་སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་པ་མེད་པ། རྗེས་རྨི་ལམ་དང་སྒྱུ་མ་ལྟ་བུའི་བསྔོ་བ་སྟེ། དམ་པ་གསུམ་ཀ་ཚང་བའི་སྒོ་ནས་ལག་ལེན་ཚད་ལྡན་རེ་རིམ་གྱིས་ངེས་པར་གདབ་དགོས་པ་ཡིན་ནོ། །དེ་བཞིན་དུ་རྒྱུད་ལས་སུ་རུང་བར་བྱེད་པ་སྐྱབས་འགྲོའི་ཁྲིད་ལ། ཇི་སྐད་དུ། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད། །ཅེས་དང་། མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་འདི་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང་། །དེ་ནི་དེ་ལས་ལྷག་པར་འགྱུར། །ཞེས་དང་། མདོ་སྡེ་རྒྱན་ལས། རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་། །ཉེས་པར་སྤྱོད་པ་ཐམས་ཅད་དང་། །རྒ་དང་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ཀྱིས་ཡོངས་སུ་སྐྱོབས། །འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དག་གི་གནས་མིན་དང་། །འཇིགས་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་གསུངས་པ་ལྟར། དཔེར་ན་བྱིས་པ་ཁྱིས་དེད་པ་མི་ཆེན་པོ་ལ་སྐྱབས་སུ་འགྲོ་བ་ལྟར་རམ། ཉེས་ཆེན་གྱི་མི་རྒྱལ་པོ་ཆེན་པོ་ལ་མགོ་བཏགས་པ་དང་འདྲ་ཞིང་། དེ་ལྟར་ཆོས་ལ་འཇུག་པའི་སྒོ་སྐྱབས་སུ་འགྲོ་བ་ནི་གལ་གནད་ཤིན་ཏུ་ཆེ་བའི་རང་བཞིན་ཏེ། སྐྱབས་སུ་མ་སོང་བས་སྡོམ་པ་ཙམ་ཡང་མི་ཐོབ་ལ། སྡོམ་པས་མ་བསྡམས་ན་ལམ་གཏན་ནས་མེད་པའི་ཕྱིར་ལམ་ཐམས་ཅད་ཀྱི་རྟེན་གཞི་མཆོག་རབ་རྩེ་མོ་ཡིན་པར་བཤད་པས། དེ་ལྟར་ཉམས་སུ་ལེན་པའི་དུས་རང་གིས་དད་པ་རྣམ་པ་གསུམ་གྱིས་གཞི་བཟུང་ན། རྒྱལ་བ་རྣམས་དགོངས་པར་གཤེགས་བཞུགས་ཁྱད་མེད། མཁྱེན་པར་གསལ་འགྲིབ་མེད་པ། བརྩེ་བར་ཉེ་རིང་མེད་པ། ནུས་པར་ཐོགས་རྡུགས་མེད་པ་རྒྱལ་བའི་ཡོན་ཏན་ཡིན་པའི་ངེས་ཤེས་བསྐྱེད་ནས། ཐེག་པ་ཆེ་འབྲིང་ཆུང་གསུམ་གྱི་སྐྱབས་འགྲོའི་དོན་དང་། ཡུལ་དང་། དུས་སོགས་ཅུང་ཟད་དབྱེ་ཞིང་ས་གཞི་རྒྱ་མཚོ་པད་སྡོང་བཞུགས་ཁྲི་དང་། སྐྱབས་ཡུལ་ལྷ་ཚོགས་ཐོ་བརྩེགས་དང་དཀྱིལ་འཁོར་དུ་གསལ། སྐྱབས་བྱ་རང་གཞན་སེམས་ཅན་ཐམས་ཅད་དམིགས་འོག་ཏུ་ཆུད་པ་དང་། ལུས་ཀྱིས་ཕྱག །ངག་གིས་སྐྱབས་འགྲོ། ཡིད་ཀྱིས་འདོད་གསོལ་བྱ་ཚུལ་སོགས་སྒོ་གསུམ་འདུན་པ་ཆིག་དྲིལ་དཀའ་སྤྱད་སྙིང་རུས་ལྡན་ངེས་བྱས་ཏེ། བསྡུ་རིམ་དང་བསྔོ་སྨོན་བྱ། ཕྱིན་ཆད་སྐྱབས་འགྲོའི་བསླབ་བྱ་ནི། སྤང་བྱ་དང་། བླང་བྱ། ཆ་མཐུན་གྱི་རིམ་པ་རྣམས་ཚུལ་བཞིན་སྲུང་སྡོམ་བྱ་བ་གལ་ཆེའོ། །དེ་ནས་སེམས་བསྐྱེད་ནི། དེ་ལྟར་སྐྱབས་ཡུལ་རྣམས་དཔང་པོའི་ཚུལ་དུ་བྱས་ཏེ་ཆོས་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ནས་བཟུང་སྟེ། སྐྱེས་བུ་ཆེན་པོའི་སེམས་བསྐྱེད་ཡང་རབ་ཀྱི་ཐབས་ཟབ་མོ་དང་ངེས་པར་མ་ལྡན་ན། བྱ་ཡིན་ཀྱང་གཤོག་པ་མེད་པ་ལྟར་རམ། རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟ་བུ་དགེ་སྡིག་གི་རྣམ་དབྱེ་གཞི་ནས་ཕྱེ་མཁས་དང་། ཆོས་དང་གང་ཟག་མཚམས་སྦྱོར་མཁན་དང་། དགེ་རྩའམ་འགྱུར་སྐྱེད་ཀྱི་རྩལ་བཏོན་མཁན་དང་། གཞན་དོན་རླབས་ཆེ་ཆུང་། ས་ལམ་མྱུར་ཞན། འབྲས་བུ་རབ་འབྲིང་ཐ་མ་ཐོབ་ལུགས་སོགས་ཀུན་སློང་བཟང་པོ་ཁོ་ན་ལ་རག་ལས་པ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་ཐོབ་མི་འགྱུར། །འཁོར་བར་བདག་གཞན་དོན་འགྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར། གལ་ཆེ་ཞིང་མདོར་བསྡུ་ན་རང་རེ་རྣམས་ནི་དེ་སྔོན་རང་འདོད་ཁོ་ནའི་བསམ་སྦྱོར་གྱི་དབང་དུ་སོང་བའི་ལེ་ལན་གྱིས་འཁོར་བ་ངན་སོང་གི་གནས་སུ་མུ་མཐའ་མེད་པར་ལས་ངན། ལུས་ངན། འབྲས་བུ་ངན་པ་མྱོང་ནས་འཁྱམས་བསྡད་པ་ཡིན་འདུག་པས། ད་ནི་དེའི་གཉེན་པོ་ཆོས་ཤིག་སྒྲུབ་ན་རང་འདོད་ཡིད་བྱེད་ཀྱི་བློ་ངན་འདི་དག་དྲུངས་ནས་འབྱིན་ཏེ་གཞན་ཕན་གྱི་བསམ་སྦྱོར་ལྷད་མེད་རང་ལ་གཙོར་སྟོན་པ་ནི་གལ་གནད་ཤིན་ཏུ་ཆེ་ཤོས་ཡིན་པས། དེས་ན་དགྲ་གཉེན་བར་མ་དོའི་སེམས་ཅན་ཐམས་ཅད་མར་ཤེས་པ་དང་། དྲིན་དྲན་པ་དང་། དྲིན་ལན་འཇལ་དགོས་པའི་ཕྱིར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་སྐྱེ་བར་བྱ་བའི་ཐབས་ཚད་མེད་པ་བཞི་ལ་བློ་སྦྱོང་། སྨོན་འཇུག་གཉིས་ཀྱི་སེམས་དངོས་སུ་བསྐྱེད་ནས་གྲངས་གསོག །སྐྱེས་པ་མི་ཉམས་པ་བསྲུང་བར་བྱ་བའི་ཕྱིར་བཟོད་པའི་གོ་ཆ་གྱོན། མི་ཉམས་པ་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར་སྨོན་འཇུག་གཉིས་ཀྱི་བསླབ་བྱ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བརྩོན་པར་བྱ་དགོས་སོ། །དེ་ལྟར་སེམས་བསྐྱེད་པའི་ཕན་ཡོན་ཀྱང་ཚད་མེད་དེ། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་དུ་འགྲོ་བ་དང་། དགེ་བ་སྣ་གཅིག་ཡོད་རུང་སངས་རྒྱས་ཀྱི་ཡོན་ཏན་དང་སེམས་ཅན་གྱི་གྲངས་དང་མཉམ་པར་འཕེལ། དགེ་རྩ་ནམ་ཡང་ཆུད་མི་ཟ་བར་གོང་ནས་གོང་དུ་འཕེལ་བ་དང་། བསོད་ནམས་རྒྱ་ཆེ་བ་རྒྱུན་མི་ཆད་པར་ཐོབ་ཅིང་སངས་རྒྱས་ཀྱི་གདུང་འཛིན་པ་དང་། གཞན་དོན་རླབས་པོ་ཆེ་དངོས་བརྒྱུད་བར་གསུམ་ནས་འགྲུབ་པ་སོགས་དང་མཚམས་མེད་ཀྱི་ལས་བསགས་ཏེ། དམྱལ་བར་སྐྱེས་རུང་དར་གྱི་ཕོ་ལོང་བརྡབ་པ་ཙམ་ལས་གནས་མི་དགོས་པ་དང་། གཞན་སྡིག་བྱས་ཐམས་ཅད་དུས་མཐའི་མེ་ལྕེས་རྩ་སྦུར་ཐམས་ཅད་སྲེག་པ་ལྟར་འཇོམས་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བའམ་ལམ་ཐམས་ཅད་ཀྱི་སྙིང་པོར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་མཆོག་སྟེ་མྱུར་དུ་བླ་ན་མེད་པའི་ཁང་བཟང་དུ་བགྲོད་པའི་བཞོན་པ་བཟང་པོ་ལྟ་བུ་ཡིན་པ་སོགས་ཕན་ཡོན་ཚད་མེད་པས་ལྷག་པར་ཤེས་དགོས་སོ། །དེ་ནས་རྡོར་སེམས་སྒོམ་བཟླས་ནི། རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཀུན་གྱི་གཙོ་བོ། རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཡིན་པར་བཤད་དེ། ལྷ་ཐམས་ཅད་ཞི་ཁྲོ་དམ་པ་རིགས་བརྒྱ་རུ་འདུས་པ་དང་། དེ་ལའང་རིགས་ལྔའི་ཁོངས་སུ་གཏོགས་པ་དང་། དེའང་གསང་ཆེན་གྱི་ལྷ་རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་ཡོངས་སུ་འདུས་པ་དང་། མ་ཟད་སྔོན་གྱི་ཐུགས་བསྐྱེད་པའི་དུས་བདག་གི་མཚན་ཙམ་འཛིན་པ་ཐམས་ཅད་ཀྱི་སྡིག་ལྟུང་བྱང་བར་ཤོག་ཅེས་སྨོན་ལམ་བཏབ་པས་ཡོངས་སུ་འགྲུབ་ནས་སངས་རྒྱས་པ་ཡིན་པས་ན། ཕྱོགས་བཅུའི་སངས་རྒྱས་རེ་རེའི་མདུན་དུ་ཕྱིན་ནས་བཤགས་པའི་ཐབས་སྣ་ཚོགས་ལ་འབད་པ་ལས། གོང་དུ་བཤད་པ་བཞིན་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་དང་སྡུད་པའི་བྱེད་པོ་དཔལ་རྡོ་རྗེ་སེམས་དཔའ་བསྒོམས་ནས་བཤགས་པ་བྱེད་པ་འདི་ཉིད་འགྱུར་སྟོབས་ཆེ་སྟེ། དགོངས་པ་ཚིག་གསུམ་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡིས་སྡིག་སྒྲིབ་ཀུན་བྱང་ནས། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཅེས་དང་། སྙིང་པོ་རྒྱན་ལས། པད་དཀར་ཟླ་བའི་གདན་སྟེང་དུ། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ནས། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་གཅིག་བཟླས་གྱུར་ན། །ལྟུང་སོགས་བྱིན་གྱིས་བརླབ་པར་འགྱུར། །འབུམ་ཕྲག་གཅིག་ཏུ་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཅེས་གསུངས་པ་ལྟར། གལ་ཆེ་བར་ཤེས་ནས་དེའང་སྦྱང་བྱ་སྡིག་པའི་སྒོ་དྲུག་ཤེས་པའི་ངང་ནས། ཡོངས་སུ་སོར་ཆུད་པ་ཞིག་ད་ལན་བཤགས་རྒྱུ་མ་བྱུང་ན༑ མེ་ལོང་ཞིག་ས་ཞབས་སོང་ནས་བཙའ་གཡའ་སྐྱོན་ཆེར་གྱིས་བཟུང་བ་ལྟ་བུའམ། ཕྱི་མཛེས་ནང་རུལ། ཤིང་ཐོག་ཀུ་མུནྟ་དང་མཚུངས་པའམ། མཛེ་ཅན་འབུས་གཡེངས་ལ་ཕྱི་ནས་གོས་རྒྱན་གྱིས་སྤྲས་པ་ལྟར་རམ། སྡིག་བྱས་ཀྱི་ལས་རྣམས་ནི་བཙན་དུག་ཧ་ལ་ནག་པོ་ཁོང་དུ་ཤོར་བ་ལས་ཀྱང་བརྒྱ་འགྱུར་གྱི་ཐུ་ཆེ་སྟེ། དེས་ནི་ད་ལྟའི་སྐབས་འདིར་ལུས་ན་བ་དང་། འཆི་རྐྱེན་བྱེད་པ་ཙམ་ལས། ཚེ་རབས་ཀུན་ཏུ་སྡུག་བསྔལ་ལ་སྦྱོར་བར་ག་ལ་ནུས་ཏེ། ལས་ངན་མི་དགེ་བས་ནི་ཚེ་འདིར་མི་བདེ་བར་རྐྱེན་ངན་རྣམ་པ་སྣ་ཚོགས་འབྱུང་བ་དང་། ཕྱི་མ་བར་དོའི་འཁྲུལ་སྣང་གི་ཉིང་མཚམས་སྦྱོར་ནས། ངན་སོང་གི་གནས་སུ་སྐྱེས་ཤིང་སྡུག་བསྔལ་བཟོད་དཀའ་བ་ཤུགས་དྲག་པ། རྒྱ་ཆེ་བ། ཡུན་རིང་བ༑ མཐའ་མི་མངོན་པ་འབའ་ཞིག་གིས་མནར་ནས། ཚེ་རབས་ཐམས་ཅད་དུ་འཁོར་བའི་གནས་ལས་ནམ་ཡང་མི་ཐར་བ་བྱེད་པས་ན་ཤིན་ཏུ་ཕུང་ཚབས་ཆེ་བའི་རང་བཞིན་ཏེ། དེས་ན་སྐྱོན་མེད་ལྟ་བུར་འཇོག་ག་ལ་རུང་སྟེ། སྨན་དུ་རེ་ནས་དུག་ཟས་ནོར་བ་དང་འདྲ་བར་དེ་ཚུག་ནས་བཤལ་སྐྱུག་བཏང་བ་བཞིན་གནོང་འགྱོད་དྲག་པོ་སྐྱེས་པའི་ངང་ནས་སྡིག་སྒྲིབ་ལྷག་མེད་དུ་སྦྱང་བ་ལ་འབད་པ་ཅི་ནས་གལ་ཆེ་ཞིང་། སྦྱོང་བྱེད་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་རྩེ་གཅིག་འབད་པར་བྱས་ནས་རང་ཉིད་རྡོ་རྗེ་སེམས་དཔར་གནས་གྱུར་དོན་གཉིས་བྱས་ནས་བསྡུ་རིམ་ལ་ཡོངས་སུ་འཇུག་སྟེ། དོན་དམ་པའི་བཤགས་སྦྱོང་ལ་མཉམ་པར་འཇོག་ཅིང་སྡིག་སྒྲིབ་རྣམས་བྱང་རྟགས་ཀྱི་རིམ་པ་དངོས་ཉམས་རྨི་ལམ་དུ་མ་གྱུར་བར་དུ་འབད་པ་གལ་ཆེའོ། །ཕྱིན་ཆད་ཀྱང་སྡིག་པས་མི་གོས་པའི་ཐབས་ལ་འབད་དེ། དཔེར་ན་རྫི་བོའི་ཕྱུགས་ལུག་འཚོ་སྐྱོང་དང་བསྔོ་བགྲང་བྱེད་པ་ལྟར། དྲན་ཤེས་བག་ཡོད་ལྡན་པའི་སྒོ་ནས་སྡིག་སྤང་དགེ་སྒྲུབ་རྣམས་འཆོལ་ཉོག་རེད་མིན་བརྟག་དཔྱད་བྱ། གལ་སྲིད་མི་དགེ་བའི་ལས་བསགས་ཚེ་ལྟུང་བ་དང་ཡུན་དུ་འགྲོགས་ནས་ལེ་ལོ་བྱས་ན་དུག་མདའ་ངན་པས་ཟིན་པ་ལྟར་ཉེས་ལྟུང་དེས་དམྱལ་བར་སྐྱུར་ནུས་པར་གསུངས་པས་ལྟུང་བ་དང་ཞག་དང་སྐད་ཅིག་ཙམ་མི་འགྲོགས་པར། དཔེ་ཟས་དུག་ཟོས་པས་བཤལ་སྐྱུག་བཏང་བ་བཞིན་བཤགས་སྦྱོང་ལ་འབད། ཕྱིན་ཆད་སྡིག་པ་མི་དགེ་བའི་རིགས་གཏན་ནས་མི་བྱ་བའི་སྡོམ་སེམས་བཟུང་ནས་འཕྲོ་ཆོད་པར་བྱ་དགོས་ཏེ། དཔེར་ན་སྔར་དུག་ནད་ཀྱིས་མནར་བའི་མི་དེས་ཕྱིས་དུག་གི་སྒྲ་ཙམ་ཐོས་པས་ཤིན་ཏུ་འཇིགས་དངངས་སྐྱེས་ཏེ་ཟས་སྤྱོད་ལ་རིམ་གྱིས་འཛེམ་པ་ལྟར་བྱེད་པ་ལས་སྐུད་པ་ཡར་སྒྲིམ་ཕྱིར་སྒྲིམ་བྱས་པ་ལྟ་བུས་དགེ་སྒྲུབ་སྡིག་སྤང་མི་ཡོང་བས་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་བརྟེན། ཤེས་བཞིན་པའི་བྱ་ར་བྱེད། བག་ཡོད་ཀྱི་ཚུལ་བཞིན་གནས་དགོས་པ་ཡིན་ནོ། །དག་པ་ཡེ་ཤེས་ཀྱི་ཆོས་སྐུ་མངོན་དུ་གྱུར་པའི་ཕྱིར། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་མཎྜལ་གྱི་རིམ་པ་ནི། ད་ལྟ་འབྱོར་བ་ཡོད་མེད་རྣམས་ལ་དཔྱད་པ་རེ་གཏོང་དང་ཤེས་ཤིང་། ཕྱི་ས་ཡུལ་ཁང་ཁྱིམ་རྒྱ་ཆེ་བ། ནང་སྐྱེ་འགྲོ་འཁོར་སློབ་མངའ་འབངས་སྒོ་ཟོག་གི་རིགས་དང་། རིན་པོ་ཆེའི་རིགས་དང་ཟས་གོས་འབྲུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། གསང་བ་ལུས་སེམས་རྣམ་པར་བཀྲ་བ་ནད་མེད་ཚེ་རིང་བ་སོགས་ནི་སྔོན་རྣམ་དཀར་གྱི་ཚོགས་བསགས་པའི་འབྲས་བུ་ཁོ་ནས་འབྱུང་བ་དང་། དབུལ་པོ་རྣམས་ནི་ས་དང་ཁང་ཁྱིམ་ཟས་གོས་སོགས་ཀྱི་དབུལ་ཞིང་། དབང་པོ་མ་ཚང་བར་ནད་གདོན་རྐྱེན་ངན་རྣམ་པ་སྣ་ཚོགས་ཀྱིས་དུས་རྟག་ཏུ་མནར་བ༑ དེ་དག་ཀྱང་སྔོན་བསོད་ནམས་ཀྱི་ཚོགས་མ་བསགས་པས། ད་ལྟ་འབྲས་བུ་བདེ་སྐྱིད་ཀྱི་འབྱོར་བས་དབུལ་བ་ཡིན་བཞིན་པ། མ་ཟད་བླ་མ་གྲྭ་པ་རྣམས་ནི་རྣམ་དཀར་གྱི་ཚོགས་བསགས་མཁན་པོར་ཡིན་འོས་ཀྱང་། དངོས་སུ་རྒྱུ་ནོར་གྱི་འབྱོར་བ་རྒྱ་ཆུང་བ་དང་། སེམས་བསྐྱེད་བསྐྱེད་རྫོགས་མི་ལྡན་པར་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་ནས། བསོད་ནམས་ཀྱི་ཚོགས་ཡང་དག་གསོག་མཁན་མཆོད་ཡོན་གཉིས་ཆར་དཀོན་པའི་ཕྱིར། དེའི་མཐུས་ཕལ་ཆེར་བསོད་ནམས་དམན་པར་གྱུར་ནས་མཆོད་སྦྱིན་དང་རང་གི་ལོངས་སྤྱོད་ཙམ་དབུལ་གྲབ་ཀྱིས་དབྱར་ལྡོམ་སྟོན་ལྡོམ་དང་ཚོང་ཁེ་སྤོགས་སོགས་སྡིག་བྱས་ཀྱི་ལས་འབའ་ཞིག་ལ་གཡེང་ནས་ཚེ་ཟད་དགོས་པ་དེ་དག་ཀྱང་། བསོད་ནམས་ཀྱི་ཚོགས་མ་བསགས་པས་ལན་པ་དང་། བྱེ་བྲག་རང་རྒྱུད་དགེ་བའི་བག་ཆགས་སད་པ་དང་། དངོས་གཞི་ཉམས་རྟོགས་སྐྱེ་སླ་བ་དང་། བགེགས་དང་གོལ་ས་ཆུང་བ་དང་། བསྒྲུབ་བྱ་མཐར་ཐུག་རྟོགས་པ་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་དང་། གཞན་དོན་ཕུན་སུམ་ཚོགས་པ་གཟུགས་སྐུ་ཐོབ་པར་བྱེད་པ་སོགས་དགོས་ཆེད་དུ་མ་ཡོད་པས། དེས་ན་འབད་རྩོལ་རི་བོ་ཙམ་བཟོ་བ་ལས་བསོད་ནམས་མེ་སྟག་ཙམ་གསོག་ན་དགའ་བའི་རང་བཞིན་ཏེ། རྒྱལ་བའི་བཀའ། བླ་མའི་ལུང་། རང་གི་རིགས་པ་ཚད་མ་སོགས་ཀྱིས་མཐོང་ཆོས་མྱོང་འགྱུར་དུ་མངོན་སུམ་གྲུབ་འདུག་པས་ན་ཚོགས་བསགས་ཀྱི་རིམ་པ་ཆེད་དུ་འབད་པ་གལ་ཆེ་ཞིང་། དེའང་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་ལུས་ངག་ཡིད་གསུམ། ཕྱི་ནང་གསང་གསུམ་འབྱོར་ཚོགས་ཅི་རིགས་ཀྱི་སྒོ་ནས་ཚོགས་བསགས་པའི་ཐབས་མཐའ་ཡས་པར་གསུངས་པའི་ནང་ཚན་མཆོག་ཏུ་གྱུར་པ་ནི་མཎྜལ་གྱི་རིམ་པ་ཉིད་ཡིན་ཏེ། ཅི་ཕྱིར་སྙམ་ན་དངོས་པོའི་རྒྱུ་ནོར་རྫས་ལོངས་སྤྱོད་ཀྱི་འབྱོར་བ་རྒྱ་ཆུང་ཞིང་སྡིག་ཚོགས་དང་སེར་སྣའི་དྲི་མས་ཐོག་མཐའ་བར་དང་དངོས་བརྒྱུད་བར་གསུམ་ནས་མ་གོས་པ་ནི་ཅི་ལྟར་བྱས་ཀྱང་འབྱུང་དཀའ་ཞིང་། དེས་ན་གླིང་བཞི་གླིང་ཕྲན་སྟོང་གསུམ་འཇིག་རྟེན་གྱི་ཞིང་ཁམས་རབ་འབྱམས་མཐའ་དང་མུ་མེད་པ་རྣམས་དང་། ཐ་ན་བདག་ལུས་ལོངས་སྤྱོད་དང་བཅས་པ་སྒོ་གསུམ་འདུན་པ་ཆིག་དྲིལ་གྱི་བློས་ཡོངས་སུ་འཁྱུད་དེ། འབུལ་བ་ནི་བྱ་སླ་ལ་ཆོད་ཆེ་བའི་རང་བཞིན་གསང་སྔགས་ཐབས་ཀྱི་ཁྱད་ཆོས་དུ་མས་འཕགས་པའི་ཕྱིར། མཎྜལ་གྱི་མདོ་ལས། འདི་ལ་ལུས་ཀྱི་ལས་བྱས་ན། །ཁ་དོག་གསེར་ལྟར་འགྱུར་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུར་གཟི་བྱིན་ལྡན། །ནོར་དང་གསེར་སོགས་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་ས། །མཆོག་གི་རིགས་སུ་སྐྱེ་བར་འགྱུར། །ཅེས་དང་། མདོ་སྡེ་རྒྱན་ལས། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་ན། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་འགྱུར། །ཞེས་གསུངས་པ་ལྟར། སྒྲུབ་པའི་མཎྜལ་མཆོད་པའི་རིགས་ཅི་འབྱོར་བཤམས་ཤིང་མཆོད་ཡུལ་གསལ་བཏབ་སྟེ་མཎྜལ་རྒྱས་པ་སོ་བདུན་མ་དང་། ཚོམ་བུ་བདུན་མའམ་སྐུ་གསུམ་མཎྜལ་སོགས་ལག་ལེན་ཚད་ལྡན་ཆད་ལྷག་མ་སོང་བར་བཏབ་ནས། ཁྱད་པར་དམིགས་པ་གཙོར་འདོན་པས་ཚོགས་རླབས་པོ་ཆེ་རྫོགས་དགོས་པ་ཡིན་པས་ཚོགས་རྫོགས་པའི་རྟགས་མཚན་རྣམས་མངོན་དུ་མ་གྱུར་བར་འབད་དགོས་སོ། །དེ་ནས་བླ་མའི་རྣལ་འབྱོར་ནི། འགྲོ་བ་ལྷ་དང་བཅས་པ། སྐྱེ་དགུའི་བདག་པོ་ཚངས་པ་སོགས་ཀྱིས་སྟོན་མི་ནུས་པ་དང་། རང་ཉིད་ལ་བརྩེ་བའི་ཕ་མ་དང་། གཉེན་གྲོགས་དགའ་མཛའ་སོགས་ཀྱིས་སྟོན་མི་ནུས་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་མཁན་གྱི་བླ་མ་ནི་བཀའ་དྲིན་ཤིན་ཏུ་ཆེ་བས་དད་པ་དང་དག་སྣང་གི་སྒོ་ནས་ཤེས་པར་བྱ་བ་ལྔ་ལྔ་སོགས་ཀྱིས་འགྲོ་བ་རྣམས་གང་ལ་གང་འདུལ་གྱི་ཕྲིན་ལས་གཅིག་ཏུ་མ་ངེས་པར་བཟང་ངན་བར་མ་དོར་རྣམ་པ་སྣ་ཚོགས་སྟོན་པར་མཛད་པས་ན་དད་པ་དག་སྣང་ཡང་དག་པར་བྱས་ནས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མ་གུས་པ་རྣམས་ཡོངས་སུ་སྤངས་ཏེ། ལུས་ངག་ཡིད་གསུམ་གྱིས་གུས་འདུད་ཚུལ་ལྡན་དང་། རྒྱུ་ནོར་ལོངས་སྤྱོད་ཀྱིས་མཆོད་པ་དང་། རབ་སྒྲུབ་པའི་ཞབས་ཏོག་སོགས་ཀྱིས་ཐུགས་མཉེས་པར་བྱས་ཏེ། བླ་མའི་རྣལ་འབྱོར་སྒོམ་པར་བྱ་བ་གལ་ཆེ་སྟེ། ས་ར་ཧས། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བརྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་དང་། ཨཱ་ལི་ཀཱ་ལིའི་རྒྱུད་ལས། དུས་རྣམས་ཀུན་ཏུ་བླ་མའི་རྣལ་འབྱོར་ལ། །ཡུན་དུ་བསྲིང་སྟེ་འབུངས་བར་མ་གཏོགས་པར། །བསྐྱེད་རྫོགས་ལ་སོགས་བྱ་བ་མང་པོས་ཀྱང་། །དག་པའི་སྣང་བ་ལམ་དུ་སློང་བར་དཀའ། །ཞེས་གསུངས་པ་ལྟར། རྟོགས་པའི་ཡེ་ཤེས་རང་རྒྱུད་དུ་བཙན་ཐབས་སུ་འཕོ་བའི་མན་ངག་ཀུན་གྱི་མཐར་ཐུག་བླ་ན་མེད་པ་ཉིད་ཡིན་ཏེ། ཅི་ཕྱིར་ཞེ་ན། བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོ་ནི། སྤྲོས་བྲལ་བདེ་བར་གཤེགས་པའི་སྙིང་པོ་ཉིད་ཡིན་པས། དེ་ལྟ་བུ་དབྱེར་མེད་རྟོགས་ཤིང་མཆོག་ཐུན་མོང་གི་དངོས་གྲུབ་ཡོངས་སུ་བརྙེས་པའི་བྱིན་རླབས་ཀྱི་ཚན་ཁ་འབར་བ་ནི་བླ་མ་རང་ལས་གཞན་འོས་སུ་ནམ་ཡང་མ་མཆིས་ཤིང་། དེ་ལྟ་བུའི་བྱིན་རླབས་གང་ཟག་སོ་སོ་སྐྱེ་བོའི་རྒྱུད་ལ་འཇུག་པར་བྱ་བའི་ཐབས་ཟབ་མོ་ནི། དད་པ་དང་མོས་གུས་ཁོ་ནའི་ལམ་ནས་དྲང་དགོས་པ་ཡིན་ཞིང་། དགོས་ཆེད་ནི་རང་གནས་ཀྱི་ཡེ་ཤེས་ངོ་མ་འཕྲོད་པའམ། མ་སྨིན་པ་སྨིན་པར་བྱེད་པའི་བྱིན་རླབས་ཀྱི་སྙིང་པོ་ཡོངས་སུ་ཐོབ་ཡོང་བའི་ཕྱིར། དཔེར་ན་མཆན་ལ་ཕབ་བཏབ་པའི་རྐྱེན་གྱིས་རོ་བཅུད་ནུས་པ་ཐམས་ཅད་མྱུར་བ་ཉིད་དུ་མངོན་སུམ་སྟོན་ཡོང་བ་ལྟར་རམ། ཉི་མའི་ཟེར་མེ་ཤེལ་གྱི་མཚམས་སྦྱོར་བས་སྤྲ་བ་ལ་མེ་ཐོགས་མེད་འབྱུང་བ་ལྟར་ཡིན་མ་གཏོགས་གཞན་ཚེ་འདིར་སྣང་ལ་མཁས་པ་དང་། ཆོས་ཚིག་ལ་མཁས་པ་དང་། དབང་ཆེ་ཞིང་བཙན་པ་དང་། ནོར་ཕྱུག་ཅིང་ཕོ་རྒོད་པ་དང་། ཁ་མཁས་ཤིང་དབང་ཆེ་བ་དང་། ཚུལ་ཁྲིམས་ལྡན་པ་དང་། ཐོས་བསམ་མཁས་པ་དང་། ཤེས་རབ་དང་བརྩོན་འགྲུས་ཆེ་བས་ཀྱང་རྟོགས་བྱ་མིན་པས་ན་བགེགས་གོལ་ས་ཡོད་མེད། ཉམས་རྟོགས་ཡོན་ཏན་སྐྱེས་ཆེ་ཆུང་། ས་ལམ་གྱི་བགྲོད་པ་མྱུར་ཞན། རང་གཞན་གྱི་གཏན་དོན་འགྲུབ་ཆེ་ཆུང་སོགས། ལམ་ཟབ་བླ་མའི་རྣལ་འབྱོར་ཁོ་ན་ལ་གཙོ་ཆེ་བས། རང་རྒྱུད་ལ་ནན་ཏན་བསྒོམ་དགོས་པ་ཡིན་ཏེ། ཉམས་ལེན་གྱི་སྐབས་སུ་བདག་བསྐྱེད་རྡོ་རྗེ་རྣལ་འབྱོར་མ་དང་། མདུན་བསྐྱེད་རྒྱལ་ཀུན་འདུས་ཞལ་ཨོ་རྒྱན་རིན་པོ་ཆེ་གསལ་ལ་ཡན་ལག་བདུན་པ་འབུལ་བ་དང་། གསོལ་འདེབས་ཅི་རིགས་དབྱངས་སྙན་པོས་འདོན་ཏེ་ལུས་བ་སྤུ་ལྡང་། མིག་མཆིལ་མ་འབབ། སེམས་དྲན་མེད་དུ་བརྒྱལ། ལུས་ཚུགས་མི་ཟིན་པ་མ་བྱུང་བར་དུ་མོས་གུས་ཀྱི་རྩལ་ཡང་ཡང་དུ་བསྐྱེད་པ་དང་། བཛྲ་གུ་རུ་བཟླས་མཐར་དབང་བཞི་ཞུ་ཐུགས་ཡིད་དབྱེར་མེད་དུ་བསྲེ་ཞིང་མཉམ་པར་འཇོག་ལ། བྱིན་རླབས་འཇུག་རྟགས་རྣམས་དངོས་ཉམས་རྨི་ལམ་དུ་མ་བྱུང་བར་དུ་འབད་པར་བྱའོ། །དེ་ནས་མ་ཧཱ་ཡོ་གའི་བསྐྱེད་རིམ་བསྒོམ་ཚུལ་ནི། རྒྱལ་བ་རྡོ་རྗེ་འཆང་ཉིད་ཀྱིས་གདུལ་བྱའི་སེམས་ཅན་གྱི་སྐལ་པ་དང་འཚམས་པའི་ཆོས་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཀུན་གྱི་སྐྱེལ་སོ་ནི་འབྲས་བུ་གསང་ཆེན་རྡོ་རྗེ་ཐེག་པ་ཉིད་ཡིན་ལ། དེའི་ལམ་ནི་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས་སུ་འདུས་ཏེ། སྣང་བ་རྡོ་རྗེ་འཆང་བའི་རྒྱུད་ལས། གང་ཕྱིར་རྡོ་རྗེ་འཆང་ཆེན་གྱིས། །གསུངས་པའི་དོན་ནི་རྣམ་མང་པོ། །མདོར་བསྡུས་རྣམ་པ་གཉིས་ཡིན་ཏེ། །སྨིན་པ་དང་ནི་གྲོལ་བའོ། །ཞེས་དང་། གསང་འདུས་ལས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་འདུས། །བསྐྱེད་པའི་རིམ་པ་དང་པོ་སྟེ། །རྫོགས་པའི་རིམ་པ་གཉིས་པའོ། །ཞེས་གསུངས་པ་ལྟར། འདིར་བསྐྱེད་རིམ་གྱི་སྒོམ་དོན་མདོ་ཙམ་བསྟན་ན། རང་བཞིན་གནས་པའི་གཞི་ཡེ་ནས་འཆིང་བ་ལས་འདས་པ་ནི་སྦྱང་གཞི། འཁྲུལ་བ་བཏགས་པའི་གཞི་མེད་སྣང་གློ་བུར་བ་རྣམས་ནི་སྦྱང་བྱ། ཡེ་ཤེས་ལམ་བདེན་གྱི་ཆ་གྱུར་འཁོར་དང་བཅས་པ་ནི་སྦྱོང་བྱེད་ལམ། འཁྲུལ་པ་དག་པའི་ཆ་ནི་བྲལ་བའི་འབྲས་བུ་མངོན་དུ་གྱུར་པ་ཡིན་ནོ། །སྒྲུབ་བྱའི་ལྷ་ནི་ཆོས་ཉིད་དོན་གྱི་ལྷ་རང་བྱུང་གི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་འཁོར་ལོ་སྟེ། དེའི་ངང་ན་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཡེ་ནས་འདུ་འབྲལ་མེད་ཀྱང་། དེ་ལྟར་མ་རྟོགས་པའི་དབང་གིས་རང་དང་ལྷ་མཆོག་དམན། ཉེ་རིང་། ཐ་དད་དུ་སྣང་ནས། བདག་འཆིང་བ་ཀུན་ལྡན་པས་ཉོན་མོངས་ཀྱི་སྦུབས་སུ་འཐུམ། ལྷ་ནི་རང་དོན་མཐར་ཕྱིན་ལ། གཞན་དོན་མཁྱེན་བརྩེ་ནུས་པ་ཚད་མེད་པའི་སྒོ་ནས་སྐུ་མཚན་མ་དང་། གསུང་རིག་སྔགས་དང་། ཐུགས་ཏིང་ངེ་འཛིན་གྱི་འཇུག་པའི་སྒོ་ནས་མཆོག་ཐུན་གྱི་དངོས་གྲུབ་ཡིད་བཞིན་དུ་སྩོལ་བར་མཛད་དོ། །དེ་ལྟར་སྒྲུབ་ཚུལ་ལ་ཕྱི་ནང་གསང་གསུམ་ལས། འདིར་ཕྱི་ལྟར་སྒྲུབ་པའི་ཚུལ་ལ། དང་པོ་སྐྱབས་སེམས། བགེགས་ཕྲལ་སྲུང་འཁོར། དེ་ནས་བྱིན་དབབ། མཆོད་རྫས་བྱིན་རླབས་འདི་ཡན་སྔོན་འགྲོའོ། །དངོས་གཞི་ནི། སེམས་ཀྱི་ཆོས་ཉིད་སྟོང་གསལ་སྤྲོས་པ་བྲལ་བ་ནམ་མཁའི་དཀྱིལ་ལྟར་མཐོང་བ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། གནས་ལུགས་དེ་ལྟ་བུ་ལ་འཁོར་འདས་གཉིས་སུ་མ་གྲུབ་པས་རང་རྩལ་ལ་སྒྱུ་མའི་མཚང་མ་རིག་སྟེ་འཁོར་བར་དབང་མེད་འཁྱམས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་སྒྱུ་མ་ལྟ་བུར་སྐྱེས་པ། ཀུན་སྣང་གི་ཏིང་ངེ་འཛིན། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་སྤྲུལ་པ་སོ་སོའི་ས་བོན་གང་རུང་རྒྱུའི་ཏིང་ངེ་འཛིན་རྣམ་པ་གསུམ་ཏེ། འདིས་འཆི་བར་སྐྱེ་གསུམ་གྱི་བག་ཆགས་སྦྱང་བ་དང་། སྐུ་གསུམ་གྱི་རྟེན་འབྲེལ་འགྲིགས་པ་དང་། སྦྱོང་བྱེད་ཁམས་རང་གི་ངོ་བོའི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཏེ། འདི་ལ་གོ་མྱོང་ཅི་རིགས་སྐྱེས་ན་བསྐྱེད་རིམ་ཕྱི་མ་རྣམས་ཀྱི་དག་སྦྱོར་རེ་རེ་བཞིན་ཞིབ་པར་མ་གྲུབ་ཀྱང་འགལ་བ་ཆུང་སྟེ། དོན་གྱི་གནད་རྣམས་འདིར་ཚང་བ་ཡིན་པས། ཐོག་མར་འདི་ཁོ་ན་ལ་གོམས་འདྲིས་བྱ་རྒྱུ་གལ་ཆེ། དེ་ནས་ས་བོན་རྣམས་ལས་འབྱུང་རིམ་དང་གཞལ་ཡས་ཁང་གདན་སོགས་བསྐྱེད་ཅིང་། ཐུན་མོང་དུ་མངལ་སྐྱེས་སྦྱོང་བྱེད་མངོན་བྱང་ལྔ་བསྐྱེད་དང་། མངོན་བྱང་བཞི་བསྐྱེད། ཆོ་ག་གསུམ་བསྐྱེད་གསུངས་པ་ལས་སྔ་འགྱུར་རྙིང་མའི་ཕྱོགས་འདིར་བསྡུས་པ་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ཕལ་ཆེར་བཤད་དེ། བསྐྱེད་ཚུལ་འདིས་ནི་སྐྱེ་གནས་གཞན་གྱི་བག་ཆགས་རྣམས་ཀྱང་ཞོར་ལ་སྦྱང་བར་གསུངས་པས། སྦྱོང་བྱེད་ནི་རྒྱུའི་ས་བོན་ནམ་མཁའ་ནས་གདན་ལ་བབ་པ་ནི་གསུང་ཡིག་འབྲུའི་ཆོ་ག །ཕྱག་མཚན་གང་ཡིན་ས་བོན་གྱི་མཚན་པ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ནས་འོད་ཟེར་གྱི་ཚུལ་དུ་ཐིམ་པ་ནི། ཐུགས་ཕྱག་མཚན་གྱི་ཆོ་ག །ས་བོན་ཕྱག་མཚན་ཡོངས་སུ་གྱུར་བ་ལས། བསྐྱེད་བྱའི་ལྷ་གང་ཡིན་པ་མཚན་དཔེ་གསལ་རྫོགས་སུ་གྱུར་པ་ནི་སྐུ་ཡོངས་རྫོགས་ཀྱི་ཆོ་གའོ། །བསྐྱེད་བྱའི་ལྷ་དེའང་ཡི་དམ་གང་ལ་བརྟེན་པའི་མངོན་རྟོགས་ལྟར་སྒོམ་པར་བྱ་བ་ལས་མཐའ་གཅིག་ཏུ་ངོས་བཟུང་དཀའ་ཡང་སྤྱི་ཙམ་དུ་བསྒོམ་བྱའི་ལྷ་ཞི་བ་དང་ཁྲོ་བོ་གཉིས་སུ་འདུས་པས་ཞི་བ་དེའང་ཞི་ཚུལ་དགུ་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ་ཅན། ཁྲོ་བོར་ཉམས་དགུ་དང་། དཔལ་གྱི་ཆས་བརྒྱད་དང་། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པའོ། །དེ་ལྟར་བྱིན་གྱིས་རླབས། ཡེ་ཤེས་པ་སྤྱན་དྲངས། བཞུགས་སུ་གསོལ། ཕྱག་འཚལ། ཕྱི་མཆོད་འདོད་ཡོན་རྣམ་ལྔ། ནང་མཆོད་སྨན་རཀ་གཏོར་གསུམ། གསང་མཆོད་སྦྱོར་སྒྲོལ་གཉིས། ཡང་གསང་དེ་ཁོ་ན་ཉིད་ཀྱིས་མཆོད་དོ། །དེ་ནས་བསྟོད་པར་བྱས་ཤིང་ལྷའི་སྣང་ཞེན་བསླབ་པ་ལ་གསུམ་སྟེ། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། དག་པ་དྲན་པ་སྟེ། མདོར་ན་སྤྱན་དཀར་ནག་ཚུན་ཆད་མ་འདྲེས་པ་སོ་སོར་ཁྲ་ལམ་མེར་གསལ་བ། ལྷ་བསྐྱེད་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྐུ་མདོག་ཞལ་ཕྱག་རྒྱན་ཆས་སོགས་བརྡའ་རྟགས་ཀྱི་རྩིས་ཟིན་པ། གཉུག་མའི་རྡོ་རྗེ་གསུམ་གྱི་ངོ་བོར་ཡེ་ནས་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱི་གཟུགས་བསྒོམ་བྱའི་ལྷ་གང་ཡིན་པ་ངའོ་སྙམ་པའི་ང་རྒྱལ་བཟུང་། ལྷ་དང་ཡེ་ཤེས་སེམས་དཔའ་ཐུགས་སྲོག་སྔགས་ཕྲེང་བཅས་བཀོད་པ་ཟླ་བ་སྐར་ཕྲེང་ལྟ་བུའི་བཟླས་པའོ། །ཐུགས་ས་བོན་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། ལྗང་ནག་དྲག་པོ། སྣ་ལྔ་ལས་དོན་གཉིས་བྱེད་པ་སོགས། ཐམས་ཅད་དམིགས་པའི་དལ་ཁ་བསྒྱུར་བ་རྒྱལ་པོའི་ཕོ་ཉ་ལྟ་བུའི་བཟླས་པ། ཡབ་ཡུམ་ཞལ་གསང་བརྒྱུད་ནས་སྔགས་ཕྲེང་བསྐོར་བ་དོ་ལིའི་བཟླས་པའམ། སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུ་སྒྲོགས་པར་མོས་པ་སྒྲུབ་པ་ཆེན་པོའི་བཟླས་པ་སྟེ། དེ་ལྟར་སྒོམ་བཟླས་བྱས་པས། སྐུ་དངོས་སུ་མཐོང་བ་དང་། ངག་ལ་བདེན་པ་གྲུབ་པ་དང་། སེམས་ཀྱི་ཆོས་ཉིད་ཀྱི་བདེན་པ་མཐོང་བ་སོགས་འབྱུང་བ་དགོས་ཆེད་དུ་མར་གསུངས། དེ་ནས་ཆོ་གའི་ཡན་ལག་ཚོགས་མཆོད་སྦྱང་སྤེལ། སྤྱན་འདྲེན། མཆོད་བཤགས། བསྒྲལ་བསྐང་། ཚོགས་རོལ། ལྷག་གཏོར་བཏང་། རྟ་བྲོ་བརྡུང་། དངོས་གྲུབ་བླང་། གནོང་བཤགས་བསྡུ་རིམ། བསྔོ་སྨོན། བཀྲ་ཤིས་སོགས་བརྗོད་ཅིང་ཚིག་རྗེས་དོན་འདྲེས་ངེས་བྱ་དགོས་པ་ཡིན་ཏེ། དཔེར་ན་འཕགས་ཡུལ་གྱི་གྲུབ་ཆེན་རྣམས་ཀྱིས་བསྐྱེད་རྫོགས་མན་ངག་སྣ་རེ་ལའང་སེམས་འཛིན་ལོ་གྲངས་སུ་མཛད་པས་རྒྱུད་ནས་བཤད་ཚོད་ཀྱི་ཡོན་ཏན་སྐྱེ་ཞིང་གྲུབ་པ་ཐོབ་པ་ལགས། རང་རེ་བོད་ཀྱི་ཡུལ་དུ་རྒྱུད་སྡེ་བཞིའི་བསྙེན་སྒྲུབ་ཐེངས་མ་ཁ་གྲངས་དུང་ཕྱུར་མང་པོར་བཟླས་ཀྱང་། ངག་གི་བདེན་པ་ཚད་ལྡན་ཞིག་འགྲུབ་པའི་ངེས་ཏིག་མེད་པ་འདི་དག་སྔགས་ཉམས་སུ་ལེན་པར་རློམ་ཡང་གནད་དང་མི་ལྡན་པའི་རྟགས་ཡིན་པར་གསུངས་པས། དེས་ན་ཆོ་ག་ལ་བསྐྱེད་རྫོགས་སོགས་ཀྱི་སྤྲོས་པ་དམིགས་བཅས་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་དུ་མར་ཡོད་ཀྱང་ཅུང་ཟད་ཙམ་མི་གསལ་མི་དྲན་པར་སེམས་ནག་ཐོམ་ལུང་མ་བསྟན་ཡུག་གཅིག་ཏུ་སོང་བ་འདི་དག་ལ་རྩོལ་བཅས་ཀྱི་གོམས་ཆ་བརྩོན་འགྲུས་རིམ་གྱིས་ན་སྤར་ནུས་པ་གལ་ཆེ་ཞིང་། ནང་ལྟར་ན་ལྷ་དེ་དག་ཐམས་ཅད་ཀྱི་སྙིང་པོ་ནི་རང་གི་དབུ་མའི་གྲོང་ཁྱེར་དུ་ཡེ་ཤེས་ཀྱི་རླུང་དང་ཐིག་ལེའི་དྭངས་མ་རང་ཡིན་པས། རྩ་གནས་རྣམས་སུ་རང་བཞིན་བཞུགས་པའི་ལྷ་ཡི་འཁོར་ལོ་གསལ་ལ། དེ་ཡང་རྩ་བ་ཙིཏྟ་འོད་ཀྱི་གུར་ཁང་བྱང་ཆུབ་སེམས་ཀྱི་ཐིག་ལེ་བདེ་ཆེན་འགྱུར་བ་མེད་པ་འདུས་མ་བྱས་པའི་རང་སྣང་ལ་དམིགས་ཏེ་རླུང་སྔགས་ཤེས་པ་གསུམ་དབྱེར་མེད་གཅིག་ཏུ་བཟླས་པས་མྱུར་དུ་འགྲུབ་སླ་སྟེ། རང་གི་མ་དག་པའི་སྒོ་གསུམ་སྤྱོད་ཡུལ་དང་བཅས་པ་ནི་གཡོ་བྱེད་ལས་རླུང་གི་ཆོ་འཕྲུལ་རང་ཡིན་པའི་ཕྱིར་རོ། །ད་ནི་ཨ་ཏི་ཡོ་གའི་དགོངས་དོན་ཤིན་ཏུ་སྤྲོས་མེད་གསང་བ་ལྟར་བསྒྲུབ་ཚུལ་ནི། འཁོར་འདས་ཐམས་ཅད་ཡེ་ནས་མཉམ་པའི་དབྱིངས་རང་སེམས་གདོད་ནས་མ་སྐྱེས་པ་རང་བྱུང་ཡེ་ཤེས་ཀྱི་དོན་རྟོགས་ན་བསྒྲུབ་བྱའི་ལྷ་ལོགས་ན་ཅུང་ཟད་ཙམ་ཡང་མེད་དེ། བརྟག་གཉིས་ལས། ལྷ་ཉིད་རང་ལ་རང་ཉིད་ལྷ། །ལྷ་དང་ལྷན་ཅིག་སྐྱེས་པ་ལ། །སྤྱན་དྲངས་གཤེགས་གསོལ་འདིར་མི་དགོས། །ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ༑ །ཡིན་པར་ཤེས་པས་བསྒོམས་པ་ལས། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་འདྲེན་གཤེགས་གསོལ་འདིར་མི་དགོས། །ཞེས་དང་། སྤྲོས་པ་མེད་པའི་གང་ཟག་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་གསུངས་པ་ལྟར། སྣང་གྲགས་རྟོག་ཚོགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་ཡེ་སངས་རྒྱས་བཞིན་མ་བསྐྱེད་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་རྩོལ་བྲལ་འབྲས་བུའི་ས་ལ་ད་ལྟ་ནས་གནས་བཞིན་བཟང་ངན་རྣམ་པར་དབྱེ་བའི་འཁྲུལ་རྟོག་གིས་མི་བཅིང་བར། རིག་པ་ཡེ་ནས་རྩོལ་སྒྲུབ་མེད་པའི་དོན་ལ་མཉམ་པར་རྩེ་གཅིག་བཞག་པས་སྒྲུབ་པ་ནི་ཟབ་མོ་ཀུན་གྱི་མཐར་ཐུག་སྟེ། ལྷ་དང་རང་སེམས་གདོད་ནས་དབྱེར་མེད་ཆེན་པོའི་གྲུབ་མཐའ་སྙེགས་ནས་སྒྲུབ་པ་ཀུན་གྱི་སྙིང་པོ་ཡོངས་སུ་གྲུབ་པར་འགྱུར་བ་ཡིན་ནོ། །འཁོར་འདས་ཀུན་དབྱིངས་དེ་ལས་སྣང་བའི་ཆོ་འཕྲུལ་ཙམ་ཡིན་པའི་ཕྱིར་ད་ལྟ་རང་མ་རིག་པ་སེམས་ཀྱི་ལྷ་དང་བདག་མཆོག་དམན་ཉེ་རིང་ཐ་དད་དུ་མར་འཛིན་སོང་བ་ལས། གནས་ལུགས་ཡེ་ཤེས་ཀྱི་ངང་དུ་ལྷ་དང་ཉེ་རིང་བཟང་ངན་ལ་སོགས་པ་ཐམས་ཅད་གཉིས་མེད་ལྷུན་གྲུབ་ཏུ་ཡེ་ནས་རང་བཞིན་གྱིས་གནས་པ་ནི། ད་ལྟར་གྱི་རིག་པ་སྐད་ཅིག་མའི་ཐོག་ཏུ་ཉམས་མྱོང་འཁྲུལ་བྲལ་གྱིས་ཐག་ཡོངས་སུ་ཆོད་རྒྱུ་ཡོད་པ་ཡིན་པས་ན། ཚུལ་འདི་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བའི་ཚུལ་བཞིན་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བས་བསྐལ་པ་མང་པོའི་ཚོགས་འདུམ་པར་གསུངས་པས་རྩེ་གཅིག་ཏུ་བརྩོན་པ་གལ་ཆེའོ། འོད་གསལ་རྫོགས་པ་ཆེན་པོའི་བླ་བརྒྱུད་དང་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་བརྒལ་ཉམས་སུ་བླང་ཚུལ་སོགས་ནི། ཀུན་ཏུ་བཟང་པོ་དང་། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། ཐུབ་པ་དྲུག །སྟོན་པ་བཅུ་གཉིས། བསྐལ་བཟང་གི་སངས་རྒྱས་སྟོང་སོགས་དགོངས་བརྒྱུད་དང་། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ཛྙཱ་ན་སུ་ཏྲ། བི་མ་མི་ཏྲ། ཨོ་རྒྱན་པདྨ་འབྱུང་གནས་བཅས་བརྡའ་བརྒྱུད། མྱང་བན་ཏིང་འཛིན་བཟང་པོ། ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེངྒེ་དབང་ཕྱུག །རྒྱལ་བ་ཞང་སྟོན་པ༑ མཁས་པ་ཉི་འབུམ། གུ་རུ་ཇོ་བེར། འཁྲུལ་ཞིག་ཆེན་པོ། མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། རྒྱལ་བ་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གྲུབ་དབང་ཤཱཀྱ་ཤྲཱི་སོགས་སྙན་བརྒྱུད་དེ་རྣམས་ཀྱི་རྣམ་ཐར་དང་ད་སྐབས་བླ་སློབ་བརྟགས་ཏེ་བསྟེན་ཚུལ་ཅུང་ཟད་བཤད་ཅིང་། བརྒྱུད་པ་དེ་དག་ལས་བྱུང་བའི་འོད་གསལ་རྫོགས་པ་ཆེན་པོ་ནི། གོ་རིམ་ཅུང་ཟད་སྤྲོས་ཞིང་བསྡུ་ན། སྟོན་པ་ཤཱཀྱ་ཐུབ་པས་སྡེ་སྣོད་གསུམ། སྔགས་ཕྱི་རྒྱུད་གསུམ་གསུངས། ལོངས་སྐུ་སྟོན་པ་རྡོ་རྗེ་འཆང་ངམ་རྡོ་རྗེ་སེམས་དཔས་བསྐྱེད་རྫོགས་གཉིས་གསུངས། ཆོས་སྐུ་སྟོན་པ་ཀུན་ཏུ་བཟང་པོས་ཨ་ཏི་ཡོ་ག་གསུངས། སྟོན་པ་གསུམ་པོ་ཡང་སོ་སོར་མ་ཡིན་པ་ཆོས་སྐུའི་དུས་ན་ཀུན་བཟང་། ལོངས་སྐུའི་དུས་ན་རྡོ་རྗེ་འཆང་། སྤྲུལ་སྐུའི་དུས་ན་ཤཱཀྱ་ཐུབ་པ་རྒྱལ་བ་སྐུ་གསུམ་གྱི་བདག་ཉིད་ཅན་དེ་དག་གིས་བསྟན་པའི་ཆོས་ནི། ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡོད། ཐེག་པའི་འཇུག་སྒོ་ལ་བསྡུ་ན། འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས་སུ་འདུས། འཇིག་རྟེན་ལས་འདས་པའི་ཐེག་པ་དེའང་། རྣམ་གྲོལ་གྱི་ཐེག་པ་དགུར་འདུས། དེའང་ཉམས་སུ་ལེན་བྱ་མན་ངག་གི་ཚུལ་དུ་བསྡུ་ན་སྐྱེས་བུ་གསུམ་ལ་འདུས། སྐྱེས་བུ་ཆེན་པོ་དེ་ལའང་རིང་ལམ། མྱུར་ལམ་གཉིས་ཡོད། རིང་ལམ་བསྐལ་པ་གྲངས་མེད་མང་པོར་རྫོགས་སྨིན་སྦྱང་བ་རྒྱ་མཚོའི་ཕ་མཐར་ཕྱིན་ནས་སངས་རྒྱས་ཐོབ་པ་དང་། ཉེ་ལམ་སྔགས་ཕྱི་རྒྱུད་ལྟ་བུར་ཡིན་ན་མི་ཚེ་བཅུ་དྲུག་གམ་བདུན་ནམ། བསྐྱེད་རྫོགས་གཉིས་ཀྱིས་མི་ཚེ་གཅིག་མྱུར་ལམ་གྱི་ལོ་དང་ཟླ་བས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བཞེད་དེ། ཨ་ནུ་མན་ཆད་ཐེག་པ་བརྒྱད་པོ་རྩོལ་བཅས་ཀྱི་ལམ་ཡིན་པ་དང་། སེམས་ལས་འདས་པའི་ཡེ་ཤེས་ལམ་དུ་བྱེད་པ་རྩོལ་མེད་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གར་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡོད། ཚུར་བསྡུ་ན་སེམས་ཀློང་མན་ངག་གི་སྡེ་གསུམ་ལ་འདུས། མན་ངག་སྡེ་ལ་ཕྱི་སྐོར་ནང་སྐོར་གསང་སྐོར་ཡང་གསང་བླ་ན་མེད་པའི་སྐོར་དང་བཞི་ཡོད། ཡང་གསང་དེ་ལ་རྒྱུད་བཅུ་བདུན་སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད་ཡོད། དེ་ཡི་དབང་དང་མན་ངག་གི་གནད་ཐམས་ཅད་བསྡུས་པ་བི་མའི་གསང་བ་སྙིང་ཐིག་དང་། པདྨ་མཁའ་འགྲོའི་སྙིང་ཐིག་ནི་མ་ལྟ་བུར་ཡིན་ཞིང་། ཀློང་ཆེན་པའི་བླ་མ་ཡང་ཏིག་དང་ཟབ་མོ་ཡང་ཏིག་བཅས་བུ་ཡིག་ཡིན། སྤྱིར་ཕྱག་རྫོགས་དབུ་གསུམ་ལ་གཞི་ལམ་འབྲས་གསུམ་རེ་ཡོད་ཀྱང་། འདིར་སྐབས་སུ་བབ་པ་བསྡུ་ན། ཀྱེ་རྡོ་རྗེ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར། དང་པོ་གཞི་རྫོགས་པ་ཆེན་པོ་ནི། སེམས་ཅན་ཤེས་རྒྱུད་ཀྱིས་བསྡུས་པའི་འགྲོ་བ་རྐང་གཉིས་རྐང་བཞི་རྐང་མང་རྣམས་ཀྱི་ཤེས་རྒྱུད་འདི་ལ་གཞི་ཟེར། གཞི་དེའི་གནས་ལུགས་ནི། སེམས་ཅན་གྱི་རྒྱུད་ན་ཡེ་སངས་རྒྱས་པའི་རིགས་སམ། བདེ་གཤེགས་སྙིང་པོ་ཅན་དེ་ཡིན། མིང་གི་རྣམ་གྲངས་ནི། ངོ་བོ་ཡེ་དག་གི་སངས་རྒྱས། རང་བཞིན་རྣམ་དག་གི་སངས་རྒྱས། གཞི་ལྷུན་གྲུབ་ཀྱི་སངས་རྒྱས་སོགས་ཟེར་ལ་འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་རྫོགས་ཡོད་རུང་གོ་མི་ཆོད་ཟེར་བ། འོན་ཀྱང་གློ་བུར་དྲི་མས་སྒྲིབ། །ཅེས་གསུངས་པ་ལྟར། གློ་བུར་གྱི་དྲི་མ་རྒྱས་པ་ཞིག་ཕྱེ་ན་ཕུང་པོ་ལྔ། དེ་ཚུར་བསྡུ་ན་སྒོ་གསུམ། དེ་བསྡུ་ན་གཟུང་འཛིན་གཉིས། དེ་བསྡུ་ན་བློ་རྣམ་པར་རྟོག་པ་བྲེང་ངེ་འདིའི་བསྒྲིབས་པས། དཔེར་ན་ཉི་མ་སྤྲིན། ནོར་བུ་འདམ་ལྟ་བུའི་དྲི་མ་བཅས་པའི་སྐབས་སུ་གཞི་རྫོགས་པ་ཆེན་པོ་ཟེར། ལམ་རྫོགས་པ་ཆེན་པོ་ནི། ལམ་གྱི་འཇུག་སྒོ་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་གདམས་པ་གཉིས་ལས། དང་པོ་ཆོས་སྡེ་འདིའི་དབང་ནི་ཚིག་དབང་དེ་ལ་དབྱེ་ན་སྤྲོས་བཅས་སོགས་བཞི་ཡོད། གྲོལ་བྱེད་གདམས་པ་ལ་སྔོན་འགྲོ་དངོས་གཞི་གཉིས། དངོས་གཞི་ཐུན་མིན་བསྐྱེད་རྫོགས་གཉིས་བཞག་པ་ལས། ཐུན་མོང་མ་ཡིན་པ་འོད་གསལ་རྫོགས་པ་ཆེན་པོའི་ཁྲིད་འཆད་པར་བྱ་སྟེ། ཆོས་དབྱིངས་མཛོད་ལས། རྒྱུ་དང་འབྲས་བུ་ཐེག་པ་ཅན་རྣམས་ཀྱི། །ང་དང་ང་ཡི་རང་བཞིན་མཐོང་འདོད་པ། །མཁའ་ལ་གོམ་བོར་ས་ལ་ལྷུང་བ་བཞིན། བྱིས་པའི་འདག་ཁང་འདྲ་སྟེ་འཇིག་པའི་ཆོས། །རྒྱུ་འབྲས་བྱིས་པ་དྲང་བའི་ལམ་ཉིད་དེ། །མས་འཛེག་སྐལ་དམན་ལམ་དུ་ཐག་བཅད་དེ། །རང་བཞིན་བཅུ་ཡི་རྩོལ་སྒྲུབ་འདས་པའོ། །ཞེས་དང་། ཀུན་བྱེད་ལས། ཆོས་གཅིག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ཏིང་འཛིན་གསུམ་དང་ལྕོག་བཞག་རྣམ་པ་ལྔ། །རང་བྱུང་དག་པ་རྡོ་རྗེ་ཕུང་པོ་ལ། །བསྙེན་སྒྲུབ་ཡན་ལག་བཞི་ཡི་ལྷ་བསྒོམས་ནས། །སྣང་ལ་རང་བཞིན་མེད་པ་བྱེད་པ་ནི། །བཙལ་ཞིང་བསྒྲུབས་ནས་རང་སེམས་ལྷར་བཅོས་པས། །དེས་སོགས་རང་སེམས་བྱར་མེད་མཐོང་བ་མེད། །ཅེས་གསུངས་པ་ལྟར། སྒོམ་པའི་སྐབས་མདོར་བསྡུ་ན་གྲོལ་འཁྲུལ་གྱི་ཀུན་གཞི་རྣམ་དབྱེ་ཕྱེད་ཅིང་། ལྟ་བ་ངོས་བཟུང་སྒོམ་པའི་སྐབས་མདོར་ན་ལུས་ངག་ཡིད་གསུམ་གཙོ་དེད་བྱ། ལུས་རྡོ་རྗེའི་འདུག་སྟངས། ངག་ཧཱུྃ་གི་རྩལ་སྦྱང་། གཉེན་རྩལ། རྗེས་འདེབས། ལམ་སློང་དང་། སེམས་བྱུང་གནས་འགྲོ་གསུམ་གྱིས་བརྡར་ཤ་བཅད་དེ། བར་དུ་སེམས་རིག་གི་དབྱེ་བ་ཕྱེད་ཅིང་སྐུ་གསུམ་ངོ་རང་ཐོག་ཏུ་སྤྲད། བཞག་ཐབས་རྣམ་པ་བཞི་དང་གསུམ་གྱི་ངང་ལ་བསྐྱངས། གྲོལ་ལུགས་གསུམ་མམ་བདུན་གྱི་གདེང་བཟུང་ཞིང་མཐར་རྣམ་ཤེས་ཡེ་ཤེས་ཀྱི་རྣམ་དབྱེ་ཕྱེད་ཅིང་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་འཁོར་འདས་ལ་བཟླ་བར་བྱ་སྟེ། དེའང་བསྡུ་ན། བླ་མ་ཚད་ལྡན་ནི། ངལ་གསོ་ལས། ཡེ་ཤེས་ཉི་མ་ལྟ་བུའི་འོད་ཟེར་རྒྱས་པ་ཡི། །མ་རིག་རིག་པར་བྱེད་པའི་སྐྱེས་བུ་མཆོག་དེ་ནི། །གསེར་འགྱུར་རྩི་ལྟར་ཆོས་རྣམས་བདེ་བར་བསྒྱུར་མཛད་པ། །ཐབས་ལ་མཁས་པ་འཁོར་ལོས་སྒྱུར་རྒྱལ་བསྟེན་པར་བྱ། །ཞེས་དང་། ཇི་སྐད་དུ། གྲངས་མེད་གསུམ་དུ་དཀའ་ཐུབ་ཀྱི། །གདུང་བས་དབང་པོ་ཚར་བཅད་ཀྱང་། །རྟོགས་པར་དཀའ་བའི་རྡོ་རྗེ་སེམས། །མ་ནོར་མངོན་སུམ་སྟོན་ལ་འདུད། །ཅེས་དང་། གདམས་ངག་ཚད་ལྡན་ནི། དཔལ་སྤྲུལ་གྱི་མཛོད་བདུན་བསྟོད་པ་ལས། མོས་གུས་ཐོབ་ནས་ཚིག་དོན་དཔྱོད་ཤེས་ན༑ །གཞུང་བཟང་འདི་དག་ཇི་ཙམ་མཇལ་བའི་ཡུན། །དེ་སྲིད་དེ་བློར་ཆོས་ཉིད་མངོན་སུམ་གྱི། །འོད་གསལ་མཆོག་ལས་གཡོས་པ་ཡོད་རེ་སྐན། །ཞེས་དང་། གཞུང་བཟང་འདི་དག་ཡན་ལག་ཡོངས་རྫོགས་པའི། །ལྷ་ལུས་མཛེས་པ་རྒྱན་གྱིས་སྤྲས་པ་འདྲ། །འདི་དང་བསྒྲུན་ན་མཁས་པའི་བསྟན་བཅོས་གཞན། །ཕྱོགས་རིས་ཡན་ལག་དུམ་བུར་མཐོང་དང་མཚུངས། །ཞེས་དང་། སློབ་མ་སྣོད་ལྡན་ནི། ཀོང་སྤྲུལ་ཞལ་གདམས་ལས། སྦྱང་བ་སྔོན་སོང་དབང་པོ་ཡང་རབ་དང་། །མོས་གུས་ཚད་དུ་ཕྱིན་པའི་སྐྱེས་བུ་མཆོག །དེ་དག་སུ་ལྡན་རིམ་རྩོལ་མ་བྱས་ཀྱང་། །ཆོས་ཉིད་བདེན་པ་གཟིགས་པ་འཐད་རུང་ཡིན། །ཞེས་དང་། སྡོམ་གསུམ་རྣམ་ངེས་ལས། རབ་མཆོག་སྦྱངས་པ་མཐར་སོན་སྐལ་ལྡན་ནི། །དབང་བསྐུར་ཐོབ་པས་སྡོམ་གསུམ་གཅིག་ཆར་སྐྱེས། །རྟོགས་གྲོལ་དུས་མཉམ་ཨིནྡྲ་བྷཱུ་ཏི་བཞིན། །ཞེས་དང་། མོས་གུས་ཚད་ལྡན་ནི། ཡོན་ཏན་མཛོད་ལས། མོས་གུས་ཆེ། སྤྲོ་བ་འགའ་ཞིག་སྐྱེས། སེམས་བཙན་ཐབས་སུ་གྲོལ། འདུས་པ་བརྒྱ་ཕྲག་ཐལ་བ་ལ་ཁྲིད་འཆད་རྒྱུ་བྱུང་གསུངས་ལྟར་དང་། འཇིགས་གླིང་གིས། སྒོམ་སྲན་ཅན་འཇིག་རྟེན་པའི་བསམ་གཏན་ལས་ན་མི་འཕར། མོས་གུས་ཅན་གནས་ལུགས་ཀྱི་གསང་ཐེབ་པ་ཤ་སྟག་འབྱུང་། ཞེས་གསུངས་པ་ལྟར། ཚད་ལྡན་བཞི་ཚོགས་ནས་བཟུང་། ལྟ་བ་ངོ་རང་ཐོག་ཏུ་སྤྲད་པ་ལ་ཀ་དག་རྗེན་པ་ཟང་ཐལ་ལམ། རང་བབ་ཀྱི་ཤེས་པ་ཕྱིར་མི་སྤྲོ་བར་ནང་དུ་ལྷོད་ཀྱི་གློད་དེ་བཞག་པས་མིང་འདོག་དཔྱོད་པ་དང་བྲལ་བར་འཆར་བ་དེ་གཉུག་མའི་ཡེ་ཤེས་རྫོགས་པ་ཆེན་པོ་ཡིན། སྒོམ་པ་ཐག་གཅིག་ཐོག་ཏུ་བཅད་པ་ནི། བཟོ་བཅོས་སྤང་བླང་། དགག་སྒྲུབ་གཉིས་འཛིན་རེ་དོགས། བྱ་སྤྱོད་གང་དང་ཅིར་ཡང་མི་བྱ་བར་དུས་རྣམ་ཀུན་ཏུ་གཅེར་མཐོང་རང་གྲོལ་དུ་ཤེས་པའི་ངང་དེ་ཉིད་མ་ཤོར་བར་སོ་མར་སྐྱོང་བ་ནི་སྒོམ་པ། སྤྱོད་པ་གྲོལ་ཐོག་ཏུ་གདེང་བཟུང་བ་ལ། དེ་ལྟར་འཆར་གཞི་རིག་པ་རྒྱུན་ཆད་མེད་པར་བསྐྱངས་བས་རྩལ་གྱི་རྣམ་རྟོག་དང་ཉོན་མོངས་སོགས་རང་ཤར་རང་གྲོལ་རང་གནས་ལས་འདའ་ས་མེད་པས་སྤྱོད་པའོ། །འབྲས་བུ་དབྱིངས་རིག་དབྱེར་མེད་བཙན་ས་བཟུང་བ་ནི། དེ་ལྟར་དབྱེར་མེད་ཆུ་ལ་ཆུ་བཞག་པའམ་རྫ་སྣོད་ཀྱི་ནམ་མཁར་འདྲེས་པ་ལྟར་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ། སྐུ་གསུམ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་ནས་གང་ཟག་མིའི་ལུས་ལ་དགོངས་པ་སངས་རྒྱས་རྟོགས་པ་ནི་འབྲས་བུའོ། །ཡང་ན་ད་ལྟར་གྱི་རིག་པ་དྲན་བསམ་བཅོས་དང་བྲལ་བ་འདི་ཀ་ཆོས་སྐུ་ཀ་དག་གི་དགོངས་པ་རང་བྱུང་གི་ཡེ་ཤེས་ངོ་རང་ཐོག་ཏུ་སྤྲོད། སྔ་ཕྱི་དྲན་རྟོག་མེད་པ་ད་ལྟར་གྱི་རིག་པ་སོ་མ་བཞི་ཆ་སུམ་བྲལ་གྱི་ངང་བསྐྱངས་ཏེ། ཐག་གཅིག་ཏུ་བཅད། རང་ཤར་རང་གྲོལ་རྦ་རླབས་ཆུར་ཐིམ་པ་ལྟར་དྲན་རྟོག་རྗེས་མེད་བྱུང་ཚོར་གཞིར་ཐིམ་གདེང་གྲོལ་ཐོག་ཏུ་བཅའ་དགོས་པ་ཡིན་ནོ། །ལུང་ལས། བག་ཆགས་སྦུབ་ཀྱི་རིག་པ་དང་། །མཁའ་ལ་གནས་པའི་རིག་པ་གཉིས། །ཡེ་ཤེས་སྒོ་ཡིས་མཚམས་སྦྱར་ནས། །བག་ཆགས་སྦུབ་ཀྱི་མ་བསྒྲིབས་པར། །གཉིས་མེད་ཟང་ཐལ་ཆེན་པོར་གནས། །རྟོགས་པའི་དོན་ཆེན་དེ་ལྡན་ན། །སེངྒེ་མཆོང་བའི་ས་ཆོད་ལྟར། །རང་རིག་ཡེ་ཤེས་ཆེན་པོ་ཡིས། །བར་དོ་མེད་ཅིང་སྐད་ཅིག་ལ། །རིན་ཆེན་སྦུབ་ཀྱི་ནང་དུ་ཆུད། །ཅེས་དང་། མི་ཕམ་རྣམ་རྒྱལ་རྒྱ་མཚོའི་ཞལ་གདམས་ལས། གློག་འདྲ་ཚེ་འདིའི་སོ་ཚིས་ལྟ་ཅི་སྨོས། །སྲིད་བདེའི་རྒྱུར་བྱེད་སྨོན་པ་ཀུན་བཏང་ལ། །འཁྲུལ་སེམས་བདག་ཏུ་འཛིན་པའི་གསོས་འདེབས་པའི། །ཀློག་དང་བཟླས་སྒོམ་མཆོད་སོགས་ཀུན་ཀྱང་ཞོགས། །མ་འཁྲུལ་ཡིན་ལུགས་ལྟོས་དང་བདག་མེད་དོ། །ཞེས་དང་། གང་ཞིག་བུ་རུ་བཟུང་ན་དེར་ཤེས་འགྱོད། །གང་ཞིག་དགྲ་རུ་བཟུང་ན་དེར་ཤེས་དཀའ། །ངོ་བོའི་གཏིང་ན་བདེ་སྡུག་ཡེ་གྲུབ་མེད། །ལུས་ལ་ཆགས་པ་རྣམས་ཀྱིས་ལུས་སྲུང་ཞིང་། །དེ་ལ་མ་ཆགས་པ་རྣམས་ལུས་ཀྱང་གཏོང་། །བདག་གཞན་བཟོད་བསྲན་ཆུང་རྣམས་ཚེར་མས་འཇིགས། །ཞེན་མེད་རྣམས་ནི་མནར་མེད་མེས་མི་འཇིགས། །ཞེས་པ་ལྟར་དང་། ལྷུན་གྲུབ་ཐོད་རྒལ་ནི། དེ་ལས་ཁྱད་པར་བདུན་སོགས་ཀྱིས་འཕགས་ཤིང་། དག་པ་ཡེ་ཤེས་ཀྱི་སྣང་བ་འདི་མིག་གིས་མཐོང་བ་ཙམ་གྱིས། འགྲོ་དྲུག་གི་སྐྱེ་སྒོ་ཆོད་དེ། འོད་ལྔ་རྩིབ་ཤར། གྱེན་འགྲེང་སོགས་འཆར་དུས་སྐྱེ་བ་འཕོས་ཀྱང་བར་དོར་སངས་རྒྱས། རྩོལ་མེད་ཐིག་ལེ་སྟོང་སྒྲོན་མཐོང་བ་ཙམ་གྱིས་སྐྱེ་བ་གཉིས་ནས་ཆོས་འདི་དང་འཕྲད་དེ་སངས་རྒྱས། ཁྱད་པར་དབྱིངས་རིག་སྨིན་མཚམས་བྲལ་དུས་འཁོར་འདས་རྒྱབ་གྱེས་ཏེ་མངལ་གྱི་གྲོང་ཁྱེར་མི་འཇུག་ཅིང་། རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་རྫུས་ཏེ་སངས་རྒྱས་པ་ལ་ཐེ་ཚོམ་མེད་དོ། །དེ་ནས་ཡེ་ཤེས་ཀྱི་གནས་དང་འཆར་བའི་ལམ་དང་། སྒོ་ལ་སོགས་པ་དང་། ལུས་འདུག་སྟངས་གསུམ། མིག་གི་གཟིགས་སྟངས་གསུམ། ཡུལ་གྱི་རྟེན་གསུམ་དང་། རླུང་རིག་དལ་བར་བསླབས་པས་སྒྲོན་མ་བཞི་འཆར་ཚུལ་དང་སྣང་བ་བཞིའི་འོད་སྐུར་ཚེ་འདི་དང་བར་དོར་སོགས་གྲོལ་ཚུལ་གྱི་རིམ་པ་རྣམས་ཏེ། ཡི་གེ་མེད་པ་ལས། དག་པའི་རང་བཞིན་ཀུན་ལ་ཁྱབ། །ཆོས་སྐུ་གདམས་ངག་ཉིད་ལ་ཐུག །ཅེས་དང་། ཐལ་འགྱུར་ལས། མངོན་སུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བའི་མིང་མེད་པའི། །སྲིད་གསུམ་བརྡར་ཤ་ཆོད་པའོ། །ཞེས་སོགས་གསུངས་པ་ལྟར། ཀ་དག་ཁྲེགས་ཆོད་ཀྱིས་སེམས་ཡོངས་སུ་རིག་པར་སྨིན་པ་དང་། ལྷུན་གྲུབ་ཐོད་རྒལ་གྱིས་རིག་པ་དག་པའི་སྐུར་ཡོངས་སུ་སྨིན་ནས་སྐུ་དང་ཞིང་ཁམས་ཚད་དང་མུ་མེད་པའི་དཀྱིལ་འཁོར་འདུས་མ་བྱས་པའི་རང་བཞིན་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་འུབས་སུ་ཆུབ་ནས་མཐར་ཐུག་གི་འབྲས་བུ་གདོད་མའི་ཆོས་སྐུ་འགྱུར་བ་མེད་པ་ཐིག་ལེ་ཉག་གཅིག་གི་བདག་ཉིད་ཐོབ་པར་བྱེད་པའོ། །དེ་ནས་འོད་གསལ་ཕྱག་རྒྱ་ཆེན་པོའི་བླ་བརྒྱུད་དང་། གདམས་པའི་གོ་རིམ་དང་ཉམས་སུ་བླང་ཚུལ་སོགས་ནི། འོག་མིན་གནས་ན་བཞུགས་པའི་རྒྱལ་བ་རྡོ་རྗེ་འཆང་། རྒྱ་གར་གྱི་གྲུབ་ཆེན་ཏཻ་ལོ། ནཱ་རོ། བོད་ཀྱི་ལོ་ཙཱ་བ་མར་པ། མི་ལ། དྭགས་པོ། ཕག་གྲུ། གླིང་རས། རྒྱ་རས། དབོན་རས་སོགས་ནས་བློ་གྲོས་སེངྒེ། མཁྱེན་བརྩེ་རྟོགས་ལྡན། འཇམ་དབྱངས་ཡེ་ཤེས་རིན་ཆེན། བློ་གྲོས་མཆོག་ལྡན། ཤེས་རབ་བཟང་པོ། འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར། རྒྱལ་དབང་ཆོས་རྗེ། ངག་དབང་ཆོས་རྒྱལ། འཇམ་དབྱངས་ཆོས་གྲགས། ཀུན་སྤང་ཤེས་རབ་རྒྱ་མཚོ། ཀུན་མཁྱེན་པདྨ་དཀར་པོ། ངག་དབང་བཟང་པོ། བསྟན་པའི་ཉི་མ། གྲུ་དབང་ཤཱཀྱ་ཤྲཱི་སོགས་ནས་བརྒྱུད་པའི་འོད་གསལ་ཕྱག་རྒྱ་ཆེན་པོ་དེ་ལའང་། རྣལ་འབྱོར་ཆེན་པོའི་རྒྱུད་ལས། རྟོག་པ་མེད་ཅིང་འཁྲུགས་མེད་པ། །ཡིད་འོང་རྡོ་རྗེའི་གསུང་གཅིག་པུ། །གདུལ་བྱའི་བསམ་པའི་དབང་གིས་ནི། །བྱེ་བྲག་མང་པོར་འགྱུར་བ་ཡིན། །ཞེས་པ་ལྟར། ཐེག་པའི་རྣམ་གྲངས་ཀྱང་། ཉན་ཐོས། རང་རྒྱལ། ཐེག་པ་ཆེན་པོ་དང་གསུམ་ལས། ཐེག་ཆེན་དེ་ལ་ཡང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་གཙོ་བོར་སྟོན་པ། ཕར་ཕྱིན་རྒྱུའི་ཐེག་པ་དང་། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་གཙོ་བོར་སྟོན་པ་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་ཡོད་པ་ལས། ཕྱི་མ་སྔགས་ཀྱི་ཐེག་པ་འདི་ལའང་། ནང་གསེས་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུ་སྡེ་བཞིར་དབྱེ་ཡང་། དེ་དག་ཐམས་ཅད་ཀྱི་མཐར་ཐུག་གི་འབབ་ས་ནི། སྙིང་པོ་བླ་ན་མེད་པ་ཕྱག་རྒྱ་ཆེན་པོའི་གདམས་པ་འདི་ཉིད་ཡིན་ནོ། །འདི་ཡི་མཚན་དོན་ཡང་དྭགས་པོ་རིན་པོ་ཆེས། སྣང་སྲིད་འཁོར་འདས་རྣམས་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་མི་འདའ་བར་རྟོགས་པ་ནི་ཕྱག་གོ། །ཅིར་སྣང་ཅི་སྲིད་ཐམས་ཅད་གཉུག་མའི་དོན་ལས་མི་འདའ་བས་རྒྱའོ། །ཆོས་ཉིད་རང་གྲོལ་དུ་རྟོགས་པས་ན་ཆེན་པོའོ། །དེ་ལྟར་ཕྱག་ཆེན་རང་ལ་ཡང་ནང་གསེས། བཤད་པ་ཚིག་གི་སྐོར། གདམས་ངག་ཉམས་ལེན་གྱི་སྐོར། རྟོགས་པ་བྱིན་རླབས་ཀྱི་སྐོར་དང་གསུམ་ཡོད་པའི། དང་པོ་བཤད་པ་ཚིག་གི་སྐོར་ལ། གསང་བ་གྲུབ་པ་དང་། ཐབས་ཤེས་གྲུབ་པ་སོགས་གྲུབ་པ་སྡེ་བདུན། དོ་ཧ་དང་བདག་བྱིན་རླབས་པ་སོགས་སྙིང་པོ་སྐོར་དྲུག །དོ་ཧ་དེ་དང་། བདག་མེད་གསལ་བ་སོགས་ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉེར་གཅིག་རྗེས་འབྲང་དང་བཅས་པའོ། །གདམས་ངག་ཉམས་ལེན་གྱི་སྐོར་ལ། གཅིག་ཅར་བའི་ལམ་གཙོ་བོར་སྟོན་པ་ཐོག་བབས། ཐོད་རྒལ་བའི་ལམ་གཙོ་བོར་སྟོན་པ་བསམ་གཏན་ཐུན་འཇོག །རིམ་གྱིས་པའི་ལམ་གཙོ་བོར་སྟོན་པ་རྟོགས་བརྗོད་གསེར་ཕྲེང་སོགས་ལས་ཕྱི་མ་རྟོགས་པ་བྱིན་རླབས་ཀྱི་སྐོར་ཏེ་འདི་ལ་ལྷན་ཅིག་སྐྱེས་སྦྱོར་དང་། དངོས་གཞི་དེ་ལ་ཐོག་མཐའི་ཉམས་ལེན་བསྣན་པ་ལྔ་ལྡན། ངོ་སྤྲོད་ཐོག་མར་བྱས་ནས་རྒྱུན་སྐྱོང་བ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་སོགས་ཡོད་པ་ལས། ཀུན་གྱི་ཕྱི་མོར་གྱུར་པ་ལྷན་ཅིག་སྐྱེས་སྦྱོར་དུ་གྲགས་པ་འདི་ཉིད་འཆད་པའི་སྐབས་སུ་བབས་པ་ལ། ལྷན་ཅིག་སྐྱེས་སྦྱོར་ཞེས་པའི་མཚན་དོན་ཡང་བརྟན་གཡོ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་དང་། རང་རང་གི་ཆོས་ཉིད་དེ་བཞིན་ཉིད་དག་སྔ་ཕྱི་མེད་པར་གདོད་མ་ནས་དུས་མཚུངས་པར་གནས་པས་ན། ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། ལྷན་སྐྱེས་དེ་ལ་ཡང་། རང་བཞིན་ལྷན་སྐྱེས། ཞུ་བདེ་ལྷན་སྐྱེས། བདེ་སྟོང་ལྷན་སྐྱེས་ཞེས་བཞེད་པ་ལྟར་ན་ཡང་། འདིར་ནི་རེ་ཞིག་དང་པོ་ལྟར་ཡིན་ལ། ཕྱིས་ནས་ནི་སྔ་ཕྱི་དེ་དག་ཀྱང་རྣམ་དབྱེར་མེད་པར་འགྱུར་བ་ཡིན་ནོ། །ཚུལ་འདི་ནི་གོང་དུ་བཤད་པ་ལྟར་མདོ་རྒྱུད་མཐའ་དག་གི་ངོས་ནས་ཡིན་པའི་ཕྱིར། དེ་དག་ཀུན་ཀྱང་འདི་ཉིད་སྟོན་པའི་གཞུང་དུ་འགྱུར། དེ་ཡི་གཙོ་བོ་དེ་ཉིད་ཀྱི་རྩ་གཞུང་ནི། རྗེ་བཙུན་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོའི་གཞུང་གི་སེམས་དངོས་པོའི་གནས་ལུགས་བསྟན་ལ་དབབ་པའི་སྐབས་སུ། སེམས་ཀྱི་གནས་ལུགས་བསྟན་པ་ནི། །ཞེས་སོགས་གཞི་ལམ་འབྲས་བུ་སྟོན་པའི་གཞུང་དེ་དག་ལས་འཕྲོས་ནས། གྲུབ་ཆེན་ཏིལླིས། རྗེ་བཙུན་ནཱ་རོ་པ་ལ་ངོ་སྤྲོད་དུ་གསུངས་པའི་ཚིགས་བཅད་དང་། ནཱ་རོ་པའི་གཉུག་མ་ཆིག་ཆོད་དུ་ཁྲིད་གཅིག་ཅར་བའི་ལམ། རྗེ་སྒམ་པོ་པའི་ཚིགས་རྐང་གསུམ་མ་འདི་སོགས་ཐོད་རྒལ་བའི་ལམ། དཔལ་ལྡན་ཕག་གྲུའི་ཕྱག་ཆེན་ཚིགས་བཅད་མ་དང་། འགྲོ་མགོན་རྒྱ་རས་ཀྱིས་མཛད་པའི་ཚིགས་བཅད་མ་གཉིས་རིམ་གྱིས་པའི་ལམ། དེ་ལྟར་དོན་ཚན་གསུམ་པོ་ལ་ལྷན་ཅིག་སྐྱེས་སྦྱོར་སྔ་ཕྱི་བར་གསུམ་གྱི་ཐ་སྙད་མཛད་མོད། དོན་སྒོམ་རིམ་བསྡུས་འབྲིང་རྒྱས་པར་ཕྱེ་བ་གསུམ་ཡིན་ལ། དེ་ལས་འཕྲོས་པ་ཕག་གྲུའི་ཞུས་ལན་དང་། ཆོ་རྗེ་རས་པ་དཔོན་སློབ་རྗེས་འབྲང་དང་བཅས་པས་མཛད་པའི་རྣལ་འབྱོར་བཞིའི་ཞལ་གདམས་གསུང་སྒྲོས་རྣམས་ལ་ཉམས་མྱོང་གི་སྤུ་རིས་འབྱེད་པའི་སྐོར། སྒམ་པོ་པ་ཁུ་དབོན་ནས་བདག་གི་འདྲེན་པའི་བར་དུ་བྱུང་བ་ངོ་སྤྲོད་ཀྱི་ཡིག་རིས་ཀུན་ཀྱང་ལམ་ཁྱེར་གྱི་སྐོར་ཞེས་གྲགས་པ་ཡིན་ལ། དེ་ལས་འདིར་ལམ་རིམ་རྒྱས་པ་ལྷན་ཅིག་སྐྱེས་སྦྱོར་གྱི་མན་ངག་སྟོན་པར་བྱེད་པ་སོགས་ཆོས་ཀྱི་གོ་རིམ་ཅུང་ཟད་ཤེས་པར་བྱས་ནས། ཞི་གནས་བསྒྲུབ་བྱ་མ་དག་པ་རྡེའུ། དག་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྟེན་དང་། རླུང་ཅན་གྱི་རིམ་པ་བཅས་ཉིན་བདུན་རེ་སྒོམས། དེའང་གང་ཟག་གི་བློས་གྲིམ་ལྷོད་དང་བརྩོན་འགྲུས་ཆེ་ཆུང་ལ་བསྟུན། རྟེན་མེད་ལ་གནས་འགྱུ་ཡེངས་རིགས་བཞི་དང་ལྡན་པའི་ཞི་གནས་བརྟན་ཆ་ཐོབ་ཙམ་ནས་ཐོལ་སྐྱེས་རྦད་ཆོད་ཀྱིས་ཉིན་བདུན་གཉིས་གསུམ་ལ་སྒྲིམ། གང་ཤར་བཟོ་མེད་དུ་ལོ་གཉིས་གསུམ་དུ་གློད། དེ་ནས་བདེ་གསལ་མི་རྟོག་པའི་ཉམས་ཤར་ཚེ་བཞག་ཐབས་བཞིས་རྒྱུན་སྐྱོངས། ཉམས་རྩལ་རྫོགས་ཕྱིར་ལོ་གཅིག་གཉིས་བསྒོམ། དེ་ནས་གནས་འགྱུའི་རྩད་གཅོད་ལྷག་མཐོང་ངོས་བཟུང་སྤྲོས་བྲལ་གཏན་ལ་འབེབས་ཤིང་ལོ་ཁ་ཤས་བཞག །སྣང་བ་སོགས་རོ་གཅིག་རྟོགས་པ་དང་། རོ་གཅིག་དུ་མར་འཆར་ཕྱིར་རོ་སྙོམས་སྐོར་དྲུག་གིས་སྤྱོད་པའི་བོགས་དབྱུང་ཞིང་ལོ་ལྔ་བདུན་གང་རུང་བཞག །འཁོར་འདས་དབྱེར་མེད་རྟོགས་ཕྱིར་སྒོམ་མེད་ཆེན་པོས་མི་ཚེའི་ཉི་མ་ཟད་དུ་འཇུག་པར་བྱ་དགོས་ཤིང་། དེའང་གོ་མྱོང་རྟོགས་གསུམ་གྱི་རྣམ་དབྱེ་ཕྱེད། རིག་ཁམས་སྒྲིབ་བྱེད་བྱིང་རྒོད་རྨུགས་འཐིབས་བཞི་ངོས་བཟུང་། ཞི་གནས་རྐྱང་པར་གོལ་ས་དང་། ཉམས་བདེ་གསལ་མི་རྟོག་པ་གསུམ་གྱི་གོལ་ས་དང་། དགྲ་ལང་གི་གེགས་བཞི། སྟོང་ཉིད་ཀྱི་འཕྲལ་ཤོར་བཞི། རྣལ་འབྱོར་བཞིའི་གོལ་ས་བཞི་སོགས་ཀྱི་དབང་དུ་མ་སོང་བར། རྣལ་འབྱོར་བཞིའི་བར་ལག་འགྱེལ་ལུགས་དང་། སྐྱེ་འགག་གནས་གསུམ་དང་བྲལ་བ། རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ། སྤྲོས་པའི་མཐའ་བརྒྱད་ལས་འདས་པ། སྟོང་ཉིད་བཅོ་བརྒྱད་དང་ལྡན་པའི་རང་བཞིན་ལ་དཔེ་ཆའི་གོ་བ་དང་འོལ་ཚོད་ཙམ་མ་ཡིན་པར་ཉམས་མྱོང་གི་རྡོ་རུས་ཐུག་པར་བྱ་བ་གལ་ཤིན་ཏུ་ཆེ་ཞིང་། དེ་བཞིན་དུ་བླ་མ་ཉམས་མྱོང་ལྡན་ངེས་ཀྱིས་མ་ཟིན་ན་སྤྲོས་བྲལ་རྟོགས་དུས་ནས་བལྟ་རྒྱུ་ཅི་ཡང་མེད་པར་རེད་སོང་སྙམ་ནས་སྒོམ་སྣ་སུན་ཁུར་བ་དང་། མིན་ཀྱང་ཉམས་རྟོགས་རེས་འགའ་སྐྱེས་དུས་ནས་མཐོན་པོར་བརླམས་ནས་དྲན་པས་འཚོ་སྐྱོང་མི་བྱེད་པར་ལྟ་སྒོམ་སྤྱོད་པ་ཐ་མལ་དུ་འཁྱོར་ཉན་སོགས་ཡོད་པ་དང་། བླ་མས་ཀྱང་ཉམས་མྱོང་སྐྱེས་ཙམ་ནས་རྟོགས་པ་ལ་ན་སྤར་སྔ་སོང་ན་སྔ་མའི་ཉམས་བོར་ནས་ཕྱི་མའི་རྟོགས་པ་སྐྱེ་ཆུང་བ་ཡིན། དཔེར་ན་ཚད་རིམས་དྲག་པོ་མ་སྨིན་པའི་ཐོག་ཏུ་སྨན་ཆེན་གཏོང་སྔ་ན་ཚ་བ་འཐོར་ནས་རྒྱུན་ནད་དུ་སོང་སྟེ་གདུང་བ་ལྟ་བུ་དང་། ན་སྤར་ཕྱི་ནའང་སྔ་མའི་ཉམས་ལ་གོམས་འདྲིས་འཇགས་ནས་ན་སྤར་མི་ཐུབ་པའི་སྐྱོན་ཡོད་པ་ནི། དཔེར་ན་ནད་སྐྲན་བཅའ་ཚར་བའི་རྗེས་སུ་སྨན་ཕྱེ་བཏང་བ་ལྟ་བུ་ལས་དོན་མི་ཡོང་བ་སོགས་གནད་འགག་ཤིན་ཏུ་མང་བས་གོང་དུ་བཤད་མ་ཐག་པའི་ཚུལ་ལྟར། ལས་དང་པོ་པའི་སྐབས་སུ་གཉེན་པོ་གྲིམ་ཆ་གཙོ་བོར་བྱས་ནས་སེམས་ཞི་གནས་ཀྱི་བརྟན་ཆ་རབ་ཏུ་གྱུར་པས་ཤིན་སྦྱངས་ཐོབ་པ་ཞིག་དགོས་པ་ཡིན་མ་གཏོགས། སེམས་ཀྱི་རྙོག་མ་མ་དྭངས་ན་ནམ་ཡང་གོམས་སྟོབས་ཀྱི་དཔྱིས་ཟིན་པར་དཀའ་བ་དང་། བར་དུ་གྲིབ་ལྷོད་སྙོམས་དགོས་ཏེ་སེམས་ཀྱི་དྭངས་སྙིགས་མ་འབྱེད་ན་རྣམ་པར་མི་རྟོག་པའི་བསམ་གཏན་ནམ་ལྷག་མཐོང་གི་རང་ངོ་ནམ་ཡང་མི་འཕྲོད་པ་དང་། མཐར་ལྷོད་ཆ་གཙོ་བོར་གཏོང་དགོས་ཏེ་རང་བྱུང་གི་རིག་པའམ་གཞིར་གནས་ཀྱི་ཡེ་ཤེས་འཕོ་མེད་འགྱུར་མེད་ཀྱི་གདེང་ཡོངས་སུ་བརྙེས་ནས་གྲུབ་པ་ཐོབ་དགོས་པའི་ཕྱིར་རོ། །དེའང་ཐུན་དང་པོ་ལ་གོང་བཞིན་བླ་མའི་རྣལ་འབྱོར་བསྒོམས་ནས། གཉིས་པར་བསྙེན་སྒྲུབ་བམ་མཉམ་བཞག་བྱ། གྲོལ་དུས་ཕྱག་བརྒྱ་རེ་འཚལ་བས་ལུས་ཀྱི་ནད་ཞི། རླུང་ཁུག་པ་སངས། ཁམས་ཤིན་ཏུ་དྭངས། ལུས་ཡང་ཞིང་རྒས་པའི་སྡུག་བསྔལ་མི་འབྱུང་ཞིང་མཐར་ཐུག་དགེ་བའི་འབྲས་བུ་སོགས་ཚད་མེད་པ་དང་། གཉེན་པོ་སྟོབས་བཞི་ལྡན་པས་ཡིག་བརྒྱ་ཚར་ཉེར་གཅིག་རེ་བཟླས་པས། སྡིག་སྒྲིབ་ཆེ་བ་རྣམས་མགོ་མནན། འབྲིང་པོ་རྣམས་ཁ་བྲི། ཆུང་ངུ་རྣམས་རྩ་བ་ནས་འབྱིན་པར་བྱེད་པའི་དགོས་ཆེད་ཁྱད་པར་ཅན་ཡོད་པ་དང་། མ་ཟད་ཚིག་རྗེས་དོན་དྲན་སྙིང་རྗེའི་མཚམས་སྦྱོར་ཡོང་ངེས་ཀྱིས་བར་དོའི་སེམས་ཅན་རྣམས་ལ་གཏོར་མ་དང་གསུར་བསྔོ་ཞིང་བསྔོ་སྨོན་གྱི་མཚམས་སྦྱོར་བྱ་བ་དང་། བསྟན་འགྲོ་ཕན་བདེའི་རྒྱུ་འགྱུར་བའི་ཕྱིར། སྤྱོད་འཇུག་ལས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་དང་། ཨོ་རྒྱན་ཆེན་པོས། ལྷའམ་བླ་མ་ལ་སོགས་པ། །དཀོན་མཆོག་གསུམ་གྱི་རྟེན་དྲུང་དུ། །བསམ་འདུན་དག་པའི་ཚོགས་བསག་ཅིང་། །སྨོན་ལམ་རྒྱ་ཆེན་གདབ་པར་བྱ། །དེ་ཡི་བསོད་ནམས་ཚད་མེད་དོ། །ཞེས་དང་། འགྲོ་བའི་དོན་དུ་སྨོན་ལམ་སུས་བཏབ་པ། །དེ་ནི་སངས་རྒྱས་ལམ་ལ་མྱུར་བ་ཡིན། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་དར། བླ་མའི་སྐུ་ཚེ་བརྟན། དགེ་འདུན་ཐུགས་མཐུན་ཁྲིམས་གཙང་། ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་སོགས་ཀྱི་ཡོན་ཏན་གོང་ནས་གོང་འཕེལ་དུ་ཕྱུག་ཅིང་། བསྟན་པའི་སྦྱིན་བདག་རྣམས་ཀྱི་གཙོས་གྱུར་ལ་ནད་ཡམས་འཁྲུགས་རྩོད་སོགས་དུས་ཀྱི་རྒུད་པ་ཞི་བ་དང་། ཚེ་བསོད་ནམས་བདེ་སྐྱིད་བདེ་བའི་དངོས་པོ་ཀུན་དབྱར་མཚོ་བཞིན་དུ་བརྡོལ་བའི་ཕྱིར་དུས་རྒུད་ཞི་བ་དང་། སངས་རྒྱས་བསྟན་པ་རྒྱས་པའི་སྨོན་ལམ་ཁྱད་པར་ཅན་རྣམས་ཆེད་དུ་འདོན་པར་བྱ་ཞིང་། ཇ་བསྐོལ་བའི་ཚེ་རང་ཡི་དམ་བསྒོམ། ཐབ་ཁ་གཞལ་ཡས་ཁང་། མེ་ལྷ་ཡེ་ཤེས་པ་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པར། བུད་ཤིང་སྲེག་རྫས་གང་འཛོམས་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐིམ། དེ་དག་ཕུལ་བས་སྦྱོང་བར་མོས་ལ། ཨོཾ་བཛྲ་སཏྭ་ཧཱུྃ། ཨོཾ་སརྦ་པ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེ་བརྗོད་དོ། །ཆུ་ནི་མཱ་མ་ཀི་ཡི་ངོ་བོ་ཡིན་པ་ལ་ཡིན་པའི་ངེས་ཤེས་བསྐྱེད་ལ། རྣམ་པ་བཾ་ལས་ཆུ་ཡི་ལྷ་མོ་རྡོ་རྗེ་ཌཱཀྐིའི་སྐུར་གསལ། བཛྲ་ཌཱཀྐི་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླ་ཞིང་། ནད་གདོན་སྡིག་སྒྲིབ་ཞི་བའི་གསོལ་བ་བཏབ་མཐར་འོད་དུ་ཞུ་ནས་བདུད་རྩིའི་རང་བཞིན་བསམ་ལ་ཆུ་ལེན་པ་དང་། ཁྲུས་བྱ་བ་སོགས་བྱའོ། །གཞན་བཟའ་བཏུང་བྱིན་རླབས་བྱ་ཚུལ་ནི། ཡི་དམ་སྐུར་གསལ་བའི་མགྲིན་པར་བླ་མ། སྙིང་ཁར་ཡི་དམ། ལྟེ་བར་ཆོས་སྐྱོང་། རྩ་ཁམས་དཔའ་བོ་དཔའ་མོ་གསལ་ལ། འཛམ་བུའི་གླིང་གི་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་པའི་སྟེང་དུ། ཨཱཿལས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ས་བོན་ཕྱག་མཚན་བཅས་པར། རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་བའི་སྟེང་གི་ནམ་མཁར་ཨོཾ་ཨཱཿཧཱུྃ་གི་འོད་ཟེར་གྱིས་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་དང་། ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་ཐིམ་པས། དམ་ཡེ་གཉིས་སུ་མེད་པ་བདུད་རྩིའི་རྒྱ་མཚོ། ཡི་དམ་ཡབ་ཡུམ་གྱི་བྱང་སེམས་བདེ་སྟོང་གི་ངོ་བོར་གྱུར་པར་བསྒོམས་པས་བཟའ་བཏུང་ཟོས་ཚད་བྱིན་གྱིས་བརླབས་པར་འགྱུར་ཞིང་། དཀོར་དང་སྐུ་གླུད་ཀྱི་ཉེས་པ་དག་པར་གསུངས་སོ། །བཏུང་བའི་སྐབས་རང་ཡི་དམ་གྱི་ཐུགས་ཀ་ནས་འོད་འཕྲོས་པས་ཡི་གེ་བཾ་སེར་གཅིག་ཏུ་གྱུར་པ་འོད་དུ་ཞུ། ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། ཕུད་གཏོར་ཏེ། ཉོན་མོངས་ལྔ་པོ་རྣམ་དག་ཅིང་། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །བདུད་རྩི་ལྔ་ཡི་རང་བཞིན་མཆོག །བླ་མ་ཡི་དམ་རྣམས་ལ་འབུལ། །ཞེས་བརྗོད་ནས་ལྷ་རྣམས་མཆོད་པར་མོས་ལ་བཏུང་ངོ་། །ཤ་སྤང་ཐུབ་ན་རབ་དེ་མིན་ན་ཉ་སྟོང་ཚེས་བརྒྱད་གསུམ་དུ་སྤང་ཞིང་ཉིན་ཤ་བསྔོས་ཤ་མི་ཟ། སེམས་ཅན་ཐམས་ཅད་ཕ་མ་ལན་གྲངས་བྱས་པ་ཡིན་ངེས། ཁྱད་པར་འཕགས་པ་ཀཱ་ཏྱཱ་ཡ་ནས་གཟིགས་པ་ལྟར་ན་ཚེ་འདིའི་ཕ་མ་སྤུན་སྲིང་ཤི་བ་དེའི་རྣམ་ཤེས་ཞུགས་པའི་ཤ་ཨེ་ཡིན་ངེས་པ་མེད། དེ་ཡིན་ན་ད་ལྟའི་ཕ་མ་སོགས་ཤན་པས་སྲོག་བཅད་དེ། ཤ་དེ་བདག་ལ་སྦྱིན་པ་བཟའ་འདོད་སྐྱེའམ། ཤ་འདི་ནི་དེ་དངོས་ཡིན་སྙམ་པར་གྱིས་དང་། སྙིང་འཁུམས་ཤིང་། ཞེ་ལོག་ཏིང་ངེ་བ་ཞིག་དང་། སྙིང་རྗེ་མི་སྐྱེ་བའི་ཐབས་ག་ལ་ཡོད། དེ་ཁའི་ཤེས་པ་ངར་མི་ཉམས་པའི་ངང་ནས། ཀཾ་ཀ་ནའི་གཟུངས་དང་བཏགས་གྲོལ་གྱི་སྙིང་པོ། ཡིག་བརྒྱ་སོགས་ཅི་ནུས་བཟླས་ཤ་ལ་ཕུས་འདེབས་ཏེ་བསྔོ་བ་དང་སྨོན་ལམ་གདབ་སྟེ་བཟའོ། །དེ་བཞིན་ཆང་ནི་ཆོས་པའི་བདུད་འདི་ལས་ཆེ་བ་མེད་དེ། དཔེར་ན་ཉེས་པ་གཞན་གཅིག་བྱས་པས་བྱས་པ་དེའི་ཉམས་ཆགས་ལས། སྲུང་སྡོམ་གཞན་རྣམས་དག་པར་ཡོད་པས་དེའི་རྟེན་བྱེད་ནས་ཡོན་ཏན་སྐྱེ་ཐབས་ཡོད། ཆང་གིས་མྱོས་པར་གྱུར་ན་ཁྱིམ་པའི་དགེ་བསྙེན་ཡིན་ན་རྩ་བཞིའི་སྣ་འགའ་དང་། ཕལ་ཆེར་གྱི་བསྲུང་བྱ་ཐམས་ཅད་བག་མེད་པས་ཉམས། དགེ་ཚུལ་ཡིན་ན་རགས་པ་བཅུ། བླང་འདས་སུམ་ཅུ། དགེ་སློང་ཡིན་ན་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ། བྱང་སེམས་ཡིན་ན་ཕར་ཕྱིན་དྲུག །བསྡུ་དངོས་བཞི། དཀར་ནག་གི་ཆོས་བརྒྱད། རྩ་ལྟུང་བཅོ་བརྒྱད། སྨོན་འཇུག་གི་བསླབ་བྱ་གཉིས་དང་ཉི་ཤུ། ཉེས་བྱས་རྣམས། གསང་སྔགས་ཡིན་ན་བླ་མེད་སྤྱིའི་དམ་ཚིག་ཏུ་རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་གི་དམ་ཚིག་སྦོམ་པོ་བརྒྱད། ཁྱད་པར་རྫོགས་པ་ཆེན་པོའི་ལུགས་ལ་སྲུང་མེད་གཅིག་ཆར་བའི་དམ་ཚིག་བཞི། སྲུང་མཚམས་ཅན་གྱི་དམ་ཚིག་ལ་རྩ་བ་བླ་མའི་སྐུ་གསུང་ཐུགས་གསུམ་ལ་དགུ་དགུར་ཕྱེ་བས་ཉེར་བདུན། ཡན་ལག་གི་དམ་ཚིག་འབུམ་སྡེ་རྣམས་ཀྱང་ཆང་གིས་མྱོས་པས་བསྲུང་མཚམས་བག་མེད་གྱུར་ནས་ཉམས་པར་བྱེད་ཅིང་། ཡོན་ཏན་སྐྱེ་བའི་རྟེན་མེད་པར་བྱེད་པའི་ཕྱིར་ཤིན་ཏུ་གཟབ་དགོས་སོ། །འོ་ན་ཕལ་ཆེར་གྱིས་ཆང་བཏུང་ཞིང་སོ་ཐར་བྱང་སེམས་གཉིས་ལ་བཀག་སྟེ། གསང་སྔགས་ལམ་ལ་ཡོན་ཏན་ཆེ་བར་བཞེད་དེ་འདོད་ཡོན་མ་སྤངས་གསུངས་པ་དང་དངོས་སུ་ཉམས་རྟོགས་འཕེལ་བའི་བདུད་རྩི་ཡིན་པ་དང་། ཨོ་རྒྱན་ཆེན་པོ་དང་། བིར་ཝ་པ་སོགས་ཀྱི་རྣམ་ཐར་སྨོས་རྒྱུ་ཡོད་དོ་སྙམ་ན། དེའི་རྗེས་སུ་འཇུག་ནུས་མིན་རང་རྒྱུད་ལ་བརྟག་དཔྱད་གྱིས་དང་རྟོགས་གོམས་གདེང་ཚད་ལྡན་པའི་གུ་རུ་རིན་པོ་ཆེས། ཆང་ཁལ་ལྔ་བརྒྱ་དུས་གཅིག་ལ་བཞེས་ཀྱང་བཟི་བ་ལྟ་ཅི་ངོམ་པ་ཙམ་མ་བྱུང་། དེ་བཞིན་དུ་ཆང་རིན་མ་འཁྱོངས་པས། ཉི་མ་སྟོད་ལ་མནན་པ་སོགས་ཀྱི་ལོ་རྒྱུས་འདུག་པས་རང་རེས་ཀྱང་དུག་རྗེན་ཟ། ཉི་ཟླ་བཙོན་དུ་བཟུང་། རི་བོ་ཕན་ཚུན་བརྗེ། ནམ་མཁའ་ལ་འཕུར་བ་སོགས་བྱ་ནུས་སམ་མི་ནུས་སྐྱོན་ཡོན་ཏན་ཅི་འདུག་ཉམས་དཔྱད་ནས་སྤང་བླང་ངེས་པར་བྱ་དགོས་ཤིང་། རྟོགས་གོམས་གདེང་དང་ལྡན་ན་སོ་ཐར་བྱང་སེམས་གཉིས་ལའང་ཆང་བཀག་མི་དགོས། གལ་སྲིད་བཀག་ན་ཨོ་རྒྱན་ཆེན་པོ་ལ་སོ་ཐར་དང་བྱང་སེམས་གཉིས་པོ་མེད་པར་ཁས་ལེན་དགོས་པ་དང་། དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་ལ་གསང་སྔགས་ཀྱི་སྡོམ་པ་ཡང་མེད་པར་འགྱུར་བས། དེ་ལྟར་ན་ལོག་ལྟ་དེ་བས་ཆེ་བ་མེད། རྟོགས་གོམས་ཀྱི་གདེང་དང་མ་ལྡན་ན་གསང་སྔགས་ཡིན་ཀྱང་བཀག་བྱ་ལས་གནང་བ་མེད་དེ། ཨོ་རྒྱན་ཆེན་པོས། སྙིགས་མ་ལྔ་བདོར་གྱུར་པའི་དུས། །གསང་སྔགས་དམ་རྫས་ཤ་ཆང་ལ། །སྤྱོད་དུ་རུང་བའི་ལུང་སྨོས་ཏེ། །ཏིང་འཛིན་ཉམས་ཀྱི་དྲོད་མེད་པར། །ཤ་ཁྲག་ཆང་ལ་ཐམས་ཅད་སྦྱོར། །འདི་ཡང་དམ་ཚིག་མེད་དོ་ཞེས། །ཆོས་བཞིན་སྤྱོད་རྣམས་ཐབས་ཀྱིས་སྨོད། །དེ་འདྲ་བསྟན་པའི་མཐའ་རུ་འབྱུང་། །ཀྱེ་མ་ཀྱེ་ཧུད་དམྱལ་བ་ལས། །འགྲོ་ས་མེད་དོ་སྙིང་རེ་རྗེ། །ཞེས་གསུངས་པ་ལྟར་མདོར་ན་ལམ་ཞུགས་པས་རྣལ་འབྱོར་གྱི་སྤྱོད་པ་མི་བྱ། རྣལ་འབྱོར་པས་གྲུབ་ཐོབ་ཀྱི་སྤྱོད་པ་མི་བྱ་བར་སྤྱོད་པ་དུས་ཚོད་དང་འབྲེལ་ངེས་པར་བྱ་དགོས་གསུངས་པས་གཟབ་འཚལ། ཐུན་བར་དུ་རྣམ་ཐར་དང་སྔོན་འགྲོ་ལ་ཅུང་ཟད་བལྟ་དགོས་ཞེས་པའང་། ངེད་རང་སྒོམ་ཆེན་པ་རྣམས་ལ་ཐོས་བསམ་རྒྱ་ཆེ་བ་རེ་མེད་ན་གནས་ལུགས་མི་རྟོགས་ཟེར་བ་དང་། ཐོས་བསམ་གཏན་ནས་མི་དགོས་ཟེར་བ་སོགས་མཚུངས་ལྡན་ཞིག་ལབ་པ་མ་ཡིན་ཞིང་། དོན་དུ་རིག་འཛིན་འཇིགས་མེད་གླིང་པས། ཡོན་ཏན་མཛོད་དུ་གསུངས་པ་ལྟར། ཐོས་བསམ་དགོས་ཟེར་བ་དེ་གཞན་དག་ཅི་རིགས་རིགས་ལ་གོ་དགོས་པ་མིན། རང་རང་གི་ཉམས་སུ་བླང་བྱའི་ལྟ་སྒོམ་སྤྱོད་འབྲས། སྦྱོར་དངོས་རྗེས་གསུམ་ཙམ་ལ་ཐོས་པས་གོ་རྒྱ་ཆེ་བ། བསམ་པས་སྒྲོ་འདོགས་ཆོད་པ། སྒོམ་པས་ངང་བསྐྱང་རྒྱུ་ཡོད་པ་ཞིག་བྱ་དགོས། ཞེས་གསུངས་པ་ལྟར་བྱ་བ་ལས། མུན་ནག་མདའ་འཕེན། ནེ་ཙོས་ཆོས་འདོན། དྲེད་མོང་གི་ཕྱི་བ་བརྐོ་བའམ། བྱིས་པའི་མེ་ཏོག་བཏུ་བའམ། མགོ་མ་ཚོས་གོང་ནས་ལྕེ་ལ་བསྙབ། གང་མ་ཞུ་གོང་ནས་དོ་འཐུང་། ཟེར་བའི་དཔེ་ལྟར་དང་། མཁས་པ་དཔེ་ཆའི་ནང་ན་ཡོད། །དཔེ་ཆ་སྔས་མགོའི་སྟེང་ན་ལྷག །དགོས་པའི་དུས་ན་འུ་ཐུག་ཅིང་། །ཞེས་གསུངས་པ་ལྟར་དུ་མ་སོང་བར། ཉིན་གཞུང་རྒྱལ་བ་གོང་མ་རྣམས་ཀྱི་རྣམ་ཐར་ཁྱད་པར་ཅན་རྣམས་དང་། སྔོན་འགྲོ་ཐུན་མོང་ཐུན་མིན་ཙམ་མཇལ་ཞིང་ཚིག་དོན་བློ་ལ་མངོན་པར་བྱང་ཆུབ་པས་ངེས་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ཞིག་དང་། གཞན་ལ་འཆད་པའི་དབང་དུ་བྱས་ནའང་ཐོགས་རྡུགས་མེད་པ་གོམས་ཆ་ཐོན་ངེས་ཞིག་བྱ་དགོས་སོ། །དེ་ནས་ཐུན་དུང་ལན་གསུམ་འབུད་པའི་སྐབས་དུད་འགྲོས་དུང་གི་སྒྲ་ཐོས་པ་ལྟ་བུར་མི་བྱ་བར་དྲན་ཤེས་བག་ཡོད་ལྡན་པས་བསྐྱེད་རྫོགས་ཀྱི་ཉམས་ལེན་གང་རུང་ལ་འཇུག་ནས་ཐུན་གྲོལ་ཚེ། མེ་ལ་ཚ་བའམ། ཆུ་ལ་རླན་ནམ། ནམ་མཁའ་ཀུན་ལ་རིས་མེད་དུ་ཁྱབ་པ་ལྟར་དགེ་བ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་བསྔོ་དགོས་ཏེ། རྗེ་འབྲིང་གུང་སྐྱོབས་པས། ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་སྨིན་པས། །གཞུག་བསྔོ་སྨོན་འདི་ལ་ནན་ཏན་གྱིས། །ཞེས་དང་། སྦྱིན་དང་ཚུལ་ཁྲིམས་སྒོམ་ལ་སོགས། །ཇི་སྙེད་དགེ་བའི་རྩ་བ་རྣམས། །མི་ཟད་འབྲས་བུ་འབྱིན་པའི་ཕྱིར། བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །ཞེས་དང་། ཇི་སྐད་དུ། བསྔོ་བ་མི་ཟད་ལམ་ཡིན་པས། །སྤེལ་དང་སྦྱོང་བའི་ཆོས་ཅན་ནོ། །ཞེས་གསུངས་པ་ལྟར། རྒྱུ་ནི་རང་གི་ལམ་བསྐྱེད་རྫོགས་ཀྱི་རིམ་པ་མཚོན་བྱེད་བྱས་ནས། རྒྱལ་བ་སྲས་བཅས་ཀྱིས་དུས་གསུམ་བསགས་པའི་དགེ་ཚོགས་བཅས། ཡུལ་ལྷ་མི་དང་ཉན་རང་བྱང་སེམས་ཀྱི་གོ་འཕང་ཐོབ་ཕྱིར་ཙམ་མ་ཡིན་པར་དོན་གཉིས་ལྷུན་གྱིས་གྲུབ་པ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ས་ཁོ་ནར་རང་དོན་དང་ཉེ་འབྲེལ། འབྲེལ་ཐོག་ཕྱོགས་རེ་བ་ཙམ་གྱི་ཕྱིར་དུ་མ་ཡིན་པར་ནམ་མཁའི་མཐར་ཁྱབ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཞིང་། བདེ་བའི་རྒྱུ་འབྲས་གཉིས་ཀྱིས་མཐར་ཐུག་དེ་ལྟ་བུ་ཐོབ་པར་བྱ་བའི་ཕྱིར། རྒྱལ་བ་སྲས་བཅས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ཇི་ལྟར་བསྔོ་བ་བཞིན་དུ་བདག་གིས་ཀྱང་རྗེས་སུ་སློབ་ནས་དེ་དེ་བཞིན་དུ་ཡོངས་སུ་བསྔོ་བར་བགྱིའོ་སྙམ་དགོས་སོ། །དགོང་ཐུན་སྐབས་སངས་རྒྱས་བསྟན་པ་དར་བ་སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་རང་རེ་ཆོས་མཛད་ཡོངས་ཀྱི་བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་སློང་བ་དང་ལམ་འཁྲུལ་པ་ཟད་པ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་སོགས་ཀྱི་ཕྱིར་གསོལ་ཁ་ཕྲིན་བཅོལ་དང་། གཅོད་དང་། བསམ་ལྷུན་བར་ཆད་ལམ་སེལ་སྒྲོལ་མ་སོགས་འདོན་པར་བྱ། ཁྱད་པར་གཅོད་འདོན་རྒྱུ་ནི། ཀུ་སཱ་ལི་པའི་ཚོགས་བསགས་པའི་ཐབས་བླ་ན་མེད་པ་ཡིན་པ་དང་། ཆོས་སྒྲུབ་པའི་བར་ཆད་ཞི་བ་དང་། ཕྱི་ནང་གསང་གསུམ་གྱི་བདག་འཛིན་ཚར་གཅོད་པ་སོགས་གལ་གནད་ཤིན་ཏུ་ཆེ་བ་ཡོད་པས་ཡན་དུ་མི་བོར་བ་རྒྱལ་བ་གོང་མ་རྣམས་ཞལ་བཞུགས་པའི་དུས་བཞིན་ཆགས་མེད་དུ་འདོན་སྒོམ་བྱ་བ་གལ་ཆེ། གཉིད་དུ་འཇུག་པའི་སྐབས་ལུས་སེངྒེ་ཉལ་སྟབས་བྱས་འོད་གསལ་ཟིན་པའི་གསོལ་བ་ཡང་ཡང་འདེབས། བླ་མ་རྩ་དབུ་མའི་ལམ་ནས་སྙིང་དབུས་སུ་ཐིམ། རྒྱུད་བྱིན་གྱིས་བརླབས་པར་བསམས་ཤིང་སྙིང་དབུས་ཟླ་གདན་སྟེང་རང་སེམས་སྐྱེ་མེད་ཡི་གེ་ཨཱཿདཀར་པོའི་འོད་ཀྱིས་ལུས་ཕྱི་ནང་སོགས་རིམ་གྱིས་གསལ་བར་སྒོམ་པ་སོགས་གོམས་ཆ་ཐོན་པར་བྱ། ཡང་ན་འཇམ་དཔལ་དབྱངས་ཀྱི་ལྷ་སྙིང་དབུས་སུ་གསལ། གསོལ་བ་འདེབས་བསྙེན་པ་ཡིད་བཟླས་ཆུ་བོའི་རྒྱུན་བཞིན་བྱས་པས་བརྩོན་འགྲུས་དང་ཤེས་རབ་མེ་འབར་བ་ལྟ་བུ་འབྱུང་བར་འགྱུར་རོ། །དེ་དག་གི་དོན་མདོར་བསྡུ་ན་རིགས་དྲུག་གི་རྒྱུ་འབྲས་གང་ལའང་སྡུག་བསྔལ་གྱི་རང་བཞིན་མཐོང་སྟེ་གཡང་ས་ཆེན་པོ་ནས་ལྷུང་རན་པའི་མི་དེ་ཐར་འདོད་ཀྱི་བློ་རྒྱུན་ཆད་མེད་པར་སྐྱེས་པ་ལྟ་བུ་དང་། བྱང་ཆུབ་ཀྱི་སེམས་འབྱོངས་པའི་རྟགས་དགྲ་གཉེན་བར་མ་དོ་ཐམས་ཅད་ལ་མས་བུ་གཅིག་པུ་ལ་བརྩེ་བ་ལྟ་བུའམ། ཕ་གསོད་པའི་དགྲ་བོ་མཐོང་རུང་ཕན་སེམས་ལས་གནོད་སེམས་ནམ་ཡང་མི་སྐྱེ་བ་ཞིག་དགོས། སྒོམ་པ་ཉམས་རྟོགས་ཀྱི་རིམ་པ་ཉིན་མཚན་ཁོར་ཡུག་ཆེན་པོས་འཁོར་འདས་དབྱེར་མེད་དུ་ལ་བཟླ་བ་ཞིག་བྱ་དགོས་ཤིང་། དེ་ལྟར་བྱས་པས་ཀ་དག་ཁྲེགས་ཆོད་རིག་པའི་བཙན་ས་ཟིན་ནས་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཟད་ནས་རིག་པ་འཕོ་འགྱུར་མེད་པའི་སྐྱེས་བུ་དེ་ཉིད་ཟག་བཅས་ཀྱི་ཕུང་པོ་ཟག་མེད་རྡུལ་ཕྲན་དུ་དེངས་པ་དང་། འབྲིང་དབུགས་ཆད་པ་དང་ཀ་དག་གི་དབྱིངས་སུ་རང་ས་ཟིན་ནས་ངོ་བོ་ལ་འཕོ་འགྱུར་མེད་པའོ། །གང་ཟག་དབང་པོ་ཐ་མ་རྣམས་ཆོས་ཉིད་བར་དོའི་སྐབས་གཞི་ལམ་གྱི་འོད་གསལ་མ་བུ་འདྲེས་ནས་ཡར་གྱི་མངོན་པར་རྫོགས་པར་སངས་རྒྱས་སོ། །ཅུང་དམན་པ་ལྷུན་གྲུབ་བར་དོའི་སྒྲ་འོད་ཟེར་གསུམ་རང་སྣང་དུ་ངོ་ཤེས་ནས། ཤེས་ཐོག་ཏུ་མཉམ་པར་འཇོག་ཐོག་དཔག་ཆེན་གྱིས་མདའ་འཕང་བ་བཞིན་དུ་ཕྱིར་མི་ལྡོག་པར་འགྱུར་རོ། །གང་ཟག་ཐ་མའི་ཡང་ཐ་རྣམས་རྫོགས་ཆེན་སྨིན་གྲོལ་གྱི་གདམས་པ་ཐོབ། ཆོས་དང་གང་ཟག་ལ་སེལ་མེད་པ་རྣམས་སྲིད་པ་བར་དོའི་སྣང་བ་ཤར་ནས་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་རང་སར་དག་ནས་ཤར་ཕྱོགས་མངོན་དགའ་སོགས་ཞིང་ཁམས་གང་རུང་། མེ་ཏོག་པདྨའི་སྦུབས་སུ་རྫུས་ཏེ་སྐྱེས་ནས་སངས་རྒྱས་ཀྱི་ཞལ་མཐོང་། གསུང་ཐོས་ཉོན་སྒྲིབ་ཕྲ་རགས་དག་ནས། ས་བརྒྱད་དང་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་བསྐལ་པ་མཉམ། ལོ་ལྔ་བརྒྱ་ནས་ཞིང་ཁམས་ཐམས་ཅད་ཀྱི་སྟེང་ཕྱོགས་དུར་ཁྲོད་མེ་རི་འབར་བའི་ཞིང་དུ་སྐྱེས་ནས་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱི་ཞལ་མངོན་སུམ་མཇལ་ཤེས་བྱའི་སྒྲིབ་པ་ཕྲ་རགས་ཐམས་ཅད་དག་ནས་ཀ་དག་དབྱིངས་སུ་མངོན་པར་བྱང་ཆུབ་པར་འགྱུར་རོ། །དེ་ལྟར་ཁྱད་པར་དུ་མའི་འཕགས་པའི་ཆོས་ཡིན་རུང་དེང་སང་སྙིགས་དུས་འདིར་བཤད་ཀྱང་མི་གོ། བསྟན་ཀྱང་མི་རིག །མྱོང་ཡང་མི་བསམ། སྒོམ་ཡང་གོམས་ཡུན་མི་བསྲིང་བར། རྒྱུ་ནོར་སྙན་གྲགས་ཀྱི་འབྱོར་བ་ཕྲན་བུ་དང་སངས་རྒྱས་ཐོབ་པ་གཉིས་གདམ་ཀ་ནོར་བ་ལྟ་བུ་སོང་སྟེ། བླ་མ་མིག་འདྲིས་ཁྱེར། གདམས་ངག་ལ་རྣ་དྲེད་ཁྱེར། དམ་ཚིག་ལ་ཚོད་ཡོད་ཁྱེར། དད་པ་ལ་སྣུམ་དྲེད་ཁྱེར་ནས་དྲེད་པོ་ཆོས་རྒྱུས་མཁན་ཞིག་ལས་ཀྱང་མི་ཡོང་བར། བདག་སྤྲད་པའི་སྒོམ་ཆེན་བློ་རྒྱ་ཆེ་རུ་སོང་། ཆོས་ལ་རྒྱུས་ཡོད། བླ་མ་ལ་ཚོད་འཛིན། མཆེད་གྲོགས་ལ་སྐྱོན་བརྗོད། ཕྱུགས་བསྲེལ་འདུ་ལོང་བསྒྲུབ། མི་བྱེད་དགུ་བྱེད་གཅིག་གི་སྟེང་དུ་འཁྱོལ་བའི་ཚེ། སྐྱེ་བོ་ཀླད་མེད་ཆོས་སྐུ་བསོད་ནམས་རེ་ཆེ་ཟེར། འགྲོ་དོན་རྒྱས་ཟེར། ཕྱེ་གཏོར་འགམ་པ་ནི་བདུད་ཀྱི་བར་ཆད་མངོན་སུམ་བཞུགས་པའི་རྟགས་མཐར་ཕྱིན་པ་ཡིན་པས་གཟབ་དགོས་ཞེས་གསུངས་པ་ལྟར། དྷརྨ་རཀྵི་ཏས། དུས་དེང་སང་ཅི་བྱས་ཆོས་མིན་སོང་། །བློ་ཆོས་བརྒྱད་བྱ་བ་སྟོབས་ཤུགས་རྒྱས། །དྲན་ཤེས་བཞིན་ཀུན་ཀྱང་བག་ལ་ཞར། །ནམ་ཉིན་མཚན་འཁྲུལ་བ་རྒྱ་འབྱམས་ལ། །སྒོམ་རྣལ་མའི་བབས་སུ་བཅོས་ནས་གདའ། །ལུས་རི་ཁྲོད་དབེན་པར་བཙོན་དུ་བཟུང་། །སེམས་གྲོང་ཡུལ་ཁྱི་སྨྱོན་བཞིན་དུ་འཁྱམས། །མི་གཞན་གྱི་བལྟས་ན་སྒོམ་ཆེན་འདྲ། །རང་རང་བསམ་བཏང་ན་འཁོར་བ་པ༑ །ཞེས་དང་། ཀརྨ་པ་མཁའ་ཁྱབ་རྡོ་རྗེས། ཁོ་བོ་དགེ་སྦྱོར་སྒོམ་ཆེན་ཞེས། །ལོ་ཟླ་མང་པོ་བསྒོམས་བྱས་ཀྱང་། །རྙེད་བཀུར་ཅུང་ཞིག་ངན་པ་འམ། །ཚིག་ངན་ཟུར་ཙམ་ཐོས་ན་ཡང་། །སྒོམ་དང་དགེ་སྦྱོར་མི་དྲན་པར། །དུག་སྦྲུལ་བཞིན་དུ་ཚིག་བྱེད་ན། །དགེ་སྦྱོར་བོགས་ནི་ཅི་ལྟར་དབྱུང་། །དེ་འདྲའི་སྒོམ་ཆེན་མང་དུ་མཆིས། །ཞེས་དང་། ཆོས་པར་རློམ་ཀྱང་ཆོས་བརྒྱད་ཉམས་ལེན་མཁས། །དེ་དག་ཅི་ཙམ་ལེགས་ཀྱང་མི་གཙང་ལུད། །ཟ་འོག་གོས་ཀྱིས་སྐབས་བཞིན་ཡི་མུག་ལྡང་། །ཞེས་དང་། ས་པཎ་གྱིས། ནད་ཀྱིས་མནར་ལ་ལས་རྣམས་མཐུ་ཆུང་ཞིང་། །དེ་བཞིན་རྨོངས་པས་སེམས་དཀྲུག་ན། །ཆོས་རྣམས་ཀུན་ལ་མཐུ་མེད་དོ། །ཞེས་དང་། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །དུས་གསུམ་སངས་རྒྱས་ཞལ་བསྡུས་ཀྱང་། །སྔོན་ལས་མེད་ལ་བཟང་མི་འགྱུར། །ཞེས་དང་། ཟེ་ཆེན་རྒྱལ་ཚབ་རིན་པོ་ཆེས། དེ་ཕྱིར་ཡུལ་ཅན་བསེར་བུས་རབ་བསྐྱོད་པས། །གཡོ་བའི་ཀུན་རྟོག་སྐུ་ཤའི་རྩེ་མོ་བཞིན། །རྣམ་པར་གཡོ་བའི་ངང་ཚུལ་འདི་མཐོང་བས། །སྐྱོ་བས་སེམས་ལ་དྭངས་པའི་སྐབས་མ་རྙེད། །ཅེས་དང་། བྱས་ན་བསམ་པ་གཅིག་ཀྱང་མི་བྱེད་པར། །མ་བྱས་བསམ་པ་བརྒྱ་ཕྲག་ཁུར་དུ་ལེན། །ད་ནི་སྤྲང་པོའི་རང་ཚུགས་བཟུང་བའི་དུས། །ཉམ་ཆུང་བས་མཐར་ཁྱི་བཞིན་ཤི་བར་སྨོན། །ཞེས་གསུངས་པ་ལྟར། ནང་རང་རྒྱུད་ཞི་དུལ་ཡོད་པ་ཅན་ཕལ་ཆེར་དཀོན་ཞིང་། ལོ་ཟླ་མང་པོར་བསྒོམས་ཀྱང་དུག་ལྔ་ངོས་བཟུང་གཉེན་པོ་བརྟེན་ཙམ་བྱེད་རྒྱུ་མ་བྱུང་ཞིང་། སྒོམ་ཆེན་གསར་པ་འགའ་རེ་ནི་མ་བསམས་ན་མ་རིག་པ་གཏི་མུག །བསམ་ཚེ་ཆགས་སྡང་གཉིས། བཤད་ཚད་ནི་རྫུན་དང་ཕྲ་མ། ལས་ཚད་ནི་མི་དགེ་བ། ཐོས་ཚད་ལ་ཕྲག་དོག །མཐོང་ཚད་ལ་ང་རྒྱལ། རྐང་ཆུང་རླུང་གི་འཁོར་ལོ་བསྐོར་བའི་རང་བཞིན་མ་ཟད་ད་ལྟར་རང་ཅག་རྣམས་སྐྲ་བྲེག་མིང་བརྗེ། བསམ་པ་བརྗེ། སྦྱོར་བ་བརྗེ། རྟགས་བརྗེས་ནས་སངས་རྒྱས་བསྟན་པའི་རྗེས་ཞུགས་པའི་ཕྱི་རྟགས་ཀྱང་འདོར་ལ་ཉེ་ཞིང་། སྤྲོ་བའི་དུས་འདིར་གཟན་ཤམ་དམར་སེར་གྱོན་པ་རིང་དུ་དོར་ནས་རྒྱ་དཀར་གྱི་ཞྭ་མོ་དང་སྟོད་ཐུང་། རྒྱ་ནག་གི་ལྷམ་སྒོག་དང་སྨད་འདུང་གྱོན་ནས་འབྲུག་གྲི་གློ་མ་གང་རེ་བཏགས་ཤིང་མེ་མདའ་ཨུ་ཤང་ལ་འདི་ཕྱིའི་སྐྱབས་གནས་བཅོལ་ལ་ཉེ་བའི་རང་བཞིན་ལ་དགོངས་ཏེ་ཀོང་སྤྲུལ་རིན་པོ་ཆེས། སྔོན་བོད་འདིར་སངས་རྒྱས་ཀྱི་བསྟན་པའི་དབུ་འཛུགས་ནས་བཟུང་གོས་དཀར་ལྕང་ལོ་ཅན་གྱི་སྡེ། རབ་བྱུང་ངུར་སྨྲིག་ཅན་གྱི་སྡེ་གཉིས་ལས་རྐུ་མ་ཁྲམ་པའི་སྡེ་ཞེས་སྡེ་གསུམ་པ་ཞིག་མ་གསུངས་ཞིང་དགེ་འདུན་ཅེས་པ་ལས། དགྲ་འདུན་གྱོད་འདུན་ཚོང་འདུན་ཟེར་བ་མ་ཡིན། ཞེས་དང་། འབྲུག་པ་རིན་པོ་ཆེས། ངུར་སྨྲིག་རྒྱལ་མཚན་འཛིན་པའི་དགེ་འདུན་རྣམས། །སྐྱ་ཆས་སྤྲད་ནས་ཕྱོར་ཕྱོར་རྫིག་རྫིག་པོ། །བསོད་ཟད་འདི་ཕྱི་གཉིས་མེད་བན་རྒོད་རྣམས། །མ་ཎི་རྡོག་རེ་ཡིན་ཡང་ཨེ་ཐོན་ལྟོས། །ཞེས་གསུངས་པ་ལྟར། དེང་སང་རང་རེས་ཅུང་ཟད་དྲན་སློང་གི་གཟབ་ཤེས་པར་བྱས་ནས་ཕྱི་ནང་མཚུངས་ལྡན་འདི་ལྟ་བུ་ལ་བསླབ་པར་བྱ་སྟེ། སྤྱོད་འཇུག་ལས། བདག་ལ་ཕུན་སུམ་ཚོགས་ཡོད་ཀྱང་། །གཞན་ལ་བརྙས་པར་མི་བྱ་སྟེ། །ཞུམ་པ་ལྟ་བུའི་སེམས་ཀྱིས་ནི། །ཡོན་ཏན་མཐའ་དག་ཁོང་དུ་སྦས། །ཞེས་དང་། གཞན་གྱི་གྲགས་པ་ལྷག་པར་བརྗོད། །རང་གི་གྲགས་པ་ཟིལ་གྱིས་གནོན། །བདག་ནི་བྲན་གྱི་ཐ་མ་བཞིན། །ལས་རྣམས་ཀུན་ལ་བསྐོལ་བར་གྱིས། །ཞེས་དང་། ཇི་སྐད་དུ། ཐོས་རྟགས་ཞི་ཞིང་དུལ་བ་དང་། །སྒོམ་རྟགས་ཉོན་མོངས་ཆུང་བ་ཡིན། །ཞེས་དང་། ཞེ་སྡང་སྒོམ་པའི་རྣལ་འབྱོར་པས། །སྣང་བ་ཐམས་ཅད་དགྲ་རུ་མཐོང་། །སྙིང་རྗེ་སྒོམ་པའི་རྣལ་འབྱོར་པས། །དགྲ་གཉེན་དབྱེར་མེད་ཕ་མར་མཐོང་། །ཞེས་དང་། ཇི་སྐད་དུ། བཀའ་བཀྱོན་དྲག་པོས་ཚར་བཅད་ཀྱང་ཁྲོ་བ་དང་འཁོན་འཛིན་མེད་པ་རྟ་མཆོག་ལྟ་བུ། མངག་གཞུག་སོགས་ལ་སྐྱོ་ངལ་མེད་པ་གྲུ་ལྟ་བུ། ལས་བཟང་ངན་ཐམས་ཅད་ཁུར་ཐེག་པ་ཟམ་པ་ལྟ་བུ། དྲེགས་པ་སྤངས་ནས་ཐམས་ཅད་ལ་གུས་པ་ཁྱུ་མཆོག་རྭ་ཆད་པ་ལྟ་བུ། དེ་བཞིན་བླ་མ་དང་མཆེད་གྲོགས་འགྲོགས་ཡུན་ཇི་ཙམ་རིང་ཡང་སྐྱོ་སུན་མེད་པ་འགྲོགས་བདེ་བ་སྐེ་རགས་ལྟ་བུ་ཞིག་དགོས་སོ། །ཞེས་དང་། ཡོངས་འཛིན་ངག་དབང་བཟང་པོས། ཞེན་ལོག་མོས་གུས་བློས་བཏང་གསུམ། །དྲན་ཤེས་སྙིང་རུས་འདུན་པ་གསུམ། །འདི་དྲུག་སྒོམ་གྱི་བདག་པོ་ཡིན། །ཆོ་འཕྲུལ་ན་ཚ་རྡུང་གཏག་གསུམ། །ཟས་གོས་ཕོངས་དང་བརྙས་བཅོས་གསུམ། །འདི་དྲུག་སྒོམ་གྱི་བོགས་འདོན་ཡིན། །བཀྲེན་ཟས་བཅུད་ལེན་རླུང་ཟས་གསུམ། །དཀོར་མེད་ཞེན་བྲལ་ལྡོམ་བུ་གསུམ། །འདི་དྲུག་སྒོམ་ཆེན་འཚོ་བ་ཡིན། །གཏུམ་མོ་རས་གོས་ལྭ་བ་གསུམ། །བེམ་ཧྲུལ་རོ་གོས་ཁྱི་ཐུལ་གསུམ། །འདི་དྲུག་སྒོམ་ཆེན་གྲང་སྐྱོབ་ཡིན། །ཐེམ་སྤང་ཤིང་དྲུང་ཕུག་སྟོང་གསུམ། །དུར་ཁྲོད་གནས་ཆེན་ལུང་སྟོང་གསུམ། །འདི་དྲུག་སྒོམ་ཆེན་སྡོད་གནས་ཡིན། །ཞེས་དང་། ཐོས་བསམ་གྱི་ཞལ་གདམས་ལས། མི་རྟག་རྣོ་མྱུར་གློག་གི་གོ་སྐབས་ལ། །རྩོལ་སྒྲུབ་ཞེན་པ་སྙིང་གི་དཀྱིལ་ནས་ལོག །ཁ་ཕོར་ཕྱེ་ཁུག་ཙམ་གྱི་ཡོ་བྱད་ཀྱང་། །མེ་ལ་བསྲེགས་ནས་ཆུ་ལ་འཕོ་སྙིང་འདོད། །འཕོ་འགྱུར་འཕེལ་འགྲིབ་སྒྱུ་མའི་གར་བསྒྱུར་ལ། །ཡིད་བརྟན་མེད་པས་སྐྱོ་བའི་ལུས་སེམས་གདུང་། །སྲོག་འཚོ་ལྷགས་སྐྱོབ་ཙམ་གྱི་ཟས་གོས་ཀྱང་། །ཤུལ་དུ་བཞག་ནས་གཅེར་བུ་འཕྱོང་སྙིང་འདོད། །ཤི་ནས་ལུས་ཀྱང་ཤ་ཡི་ཕུང་པོར་གཏོར། །ང་ཞེས་གཅེས་པར་མཐོང་བའི་རྫུན་ཕུག་རྡིབ། །ཉེར་མཁོ་སྙམ་པའི་ཆོས་མཐུན་ཡོ་བྱད་ཀྱང་། །རྡོ་ཡིས་བརྡུངས་ནས་རླུང་ལ་བསྐུར་སྙིང་འདོད། །ཅེས་དང་། དྷརྨ་རཀྵི་ཏས། རང་རྒྱུད་མ་གྲོལ་ཤེས་པ་མང་པོས། །སླར་ཡང་རང་རྒྱུད་རིང་བའི་རྒྱུ་ལས། །རང་གཞན་གང་ལ་ཕན་ཐོགས་མི་འདུག །སྤྲང་པོས་མང་པོའི་ཡིག་སྣ་མི་གསོག །དབེན་པར་རང་སེམས་དཔང་བཙུག་མ་གཏོགས། །ཚིག་མཐའ་མི་དེད་བླ་མ་དཀོན་མཆོག །ཅེས་དང་། རྒྱ་ཆེ་གྲངས་མང་ཆོས་ཀྱི་སྙིང་པོ། །རྩ་བ་རང་སེམས་གྱོང་པོ་འདི་ཉིད། །འདུལ་ཐབས་གཅིག་པུ་ལས་གཞན་མི་འདུག །སྤྲང་པོའི་ཐུགས་དམ་རྣམ་གྲངས་མི་མང་། །བླ་མའི་གདམས་ངག་ཚིག་གསུམ་མ་གཏོགས། །འཁྲུལ་བ་མི་གསོག་བླ་མ་དཀོན་མཆོག །ཅེས་དང་། རིག་འཛིན་འཇིགས་མེད་གླིང་པས། མི་མེད་ཀྱི་ལུང་པར་བཤེས་མེད་རིག་པའི་གྲོགས་དང་འགྲོགས་ནས་གནས་ལུགས་མ་བཅོས་པ་ལ་རྒྱུན་སྐྱོང་བར་དམ་བཅའ་བཟུང་ནས། སྤང་ལ་བེ་ཕུར་བཏབ་པ་བཞིན་ལྷན་ནེར་སྡོད་ཚུགས་པ་ཞིག་དགོས། བཟང་ངན་རེ་དོགས་ཀྱི་གཏམ་ལ་བདེན་འཛིན་དགག་སྒྲུབ་མི་བྱ་བར་མི་ཤི་བའི་ཤུལ་གྱི་གཏམ་བཞིན་ཅི་ལབ་ལབ་ཏུ་བཅུག་དགོས། ཆོས་རྣམ་དག་སྒྲུབ་པ་ལ་མཚན་ལྡན་གྱི་བླ་མ་མ་གཏོགས་བསླབ་བྱ་དྲང་པོ་བཤད་མཁན་རང་གི་ཕ་མ་ཡིན་ཡང་མི་ཡོང་བས་རང་ཚོད་རང་གིས་བཟུང་། སུས་ཀྱང་ཁ་ལ་མི་ཉན་རི་དྭགས་རྒྱ་ནང་ནས་ཤོར་བ་ལྟ་བུ་ཞིག་དགོས། གཏམ་ངན་དང་རྐྱེན་ངན་བྱུང་བའི་ཚེ་སེམས་ལ་འཁྲིགས་མི་ཚུད་པ་སྨྱོན་པ་འུར་ལང་བ་ལྟ་བུ་ཞིག་དགོས། མི་མང་དང་ལྷན་ཅིག་གནས་པའི་ཚེ་དྲན་པ་ཐ་མལ་དུ་མ་ཡེངས་པར་མ་གསར་གཅེས་ཕྲུག་དང་བྲལ་བ་ལྟ་བུ་ཞིག་དགོས། ལྷ་སྐུ་དང་དག་དྲན་སྒོམ་པའི་ཚེ་སྣང་སྲིད་དག་པ་རབ་འབྱམས་སུ་བསླབ་པ་ཞིག་དགོས། རླུང་དང་རྫོགས་རིམ་སྒོམ་པའི་ཚེ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་གྲིམ་ཆ་བག་ཡངས་སུ་མ་སོང་བ་ཞིག་དགོས། འཆི་བ་ཐོག་བབ་བྱུང་ཡང་སྐྱོ་སུན་དང་བློ་ལྷག་མེད་པ་བྱ་རྒོད་ནམ་འཕང་ཆོད་པ་ལྟ་བུ་ཞིག་དགོས། དགོས་པ་བརྒྱད་དང་ལྡན་པ་ཞིག་བྱུང་ན་རྒྱལ་བ་གོང་མའི་གྲུབ་མཐའ་སྙོགས་ཤིང་། བདག་གི་བསམ་པ་རྫོགས་པ་ལགས་སོ། །ཁྱོད་ཀྱི་མི་ལུས་ཐོབ་པའི་དོན་ལྡན་ནོ། །དམ་པའི་ཆོས་སྒོར་ཞུགས་པའི་འབྲས་བུ་འབྱུང་བ་ཡིན་ནོ། །ཞེས་དང་། ཕ་དམ་པས། ཐོས་པའི་དུས་ཁྲ་ཚང་མས་ཟས་ཚོལ་བ་ལྟ་བུ་ཞིག་དགོས། བསམ་པའི་དུས་བྱང་པའི་ལུག་འབྲེག་པ་ལྟ་བུ་ཞིག་དགོས། སྒོམ་པའི་དུས་ལྐུགས་པའི་རོ་མྱོང་བ་ལྟ་བུ་ཞིག་དགོས། འབྲས་བུའི་དུས་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུ་ཞིག་དགོས། གསུངས་པ་ལྟར་རང་ནུས་ལྡན་དུ་མ་གྱུར་བར་གཞན་གྱི་འགྲོ་དོན་མི་འབྱུང་སྟེ། གདམས་ངག་སྒྲོན་མེ་ལག་བརྒྱུད་དང་འདྲ། རང་གསལ་ཙ་ན་གཞན་མི་གསལ། གདམས་ངག་ཐམས་ཅད་བུམ་པ་གང་བྱོ་དང་འདྲ། གཞན་གང་རྩ་ན་རང་སྟོང་པར་འགྱུར། ཞེས་གསུངས་པ་ལྟར། རང་དོན་མ་འགྲུབ་བར་གཞན་དོན་སྒྲུབ་ལོ་གཟུགས་བརྙན་ཙམ་ལས་མི་འབྱུང་བས། འགྲོ་དོན་སྔ་རྩོམ་བྱེད་མི་ཉན་ཞིང་རང་དོན་འགྲུབ་ནས་བཟུང་ཉིན་མཚན་དུས་དྲུག་རེར་སེམས་ཅན་ལ་སྙིང་རྗེ་བསྐྱེད་ཅིང་གང་ལ་གང་འདུལ་གྱི་འགྲོ་དོན་རྩོམ་པར་བྱ་དགོས་ཏེ། རྡོར་སེམས་ལས། བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་སྒྲུབ་པར་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནའི་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱེད་ནི་དཔང་པོར་འཚལ། །ཞེས་དང་། ན་རག་བསྐང་བཤགས་ལས། སྦྱིན་དང་སྙན་སྨྲ་དོན་མཐུན་དོན་སྤྱོད་སོགས། བསྡུ་བ་རྣམ་པ་བཞི་ཡི་དཔུང་འགྲོགས་ནས། །ཐབས་ལ་མཁས་པའི་རྣམ་གྲངས་དཔག་མེད་ཀྱིས། །རང་སྐལ་གང་ལྡན་ཆོས་ཀྱི་ཆར་འབེབས་ཏེ། །ཕ་མ་འགྲོ་དྲུག་འཁོར་བ་ལས་བསྒྲལ་ཞིང་། །མ་རིག་མུན་པའི་སྒྲོན་མེ་བྱེད་པར་ཤོག །ཅེས་དང་། སྤྱོད་འཇུག་ལས། དངོས་སམ་གཞན་དག་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱོད། །ཅེས་དང་། མདོ་སྡེ་རྒྱན་ལས། མགོ་ལ་སེམས་ཅན་ཁུར་ཆེན་ཁུར་ནས་ནི། །སེམས་དཔའ་ཆེ་རྣམས་དལ་གྱིས་འགྲོ་མི་མཛེས། །བདག་གཞན་མ་ལུས་འཆིང་བ་ཀུན་ལྡན་ལ། །བརྩོན་པ་བརྒྱ་འགྱུར་དུ་ནི་བསྐྱེད་པར་རིགས། །ཞེས་དང་། ཀྱེ་མ་ཀྱེ་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བའི་རྒྱལ་ཚབ་སྲས་དང་བཅས་པ་རྣམས། །སྙིགས་མའི་འགྲོ་ལ་བརྩེ་བས་ལྷག་པར་དགོངས། །བསྟན་པ་རིན་ཆེན་སྒྲོན་མེ་གསལ་དུ་གསོལ། །ཞེས་པ་ལྟར། མ་གྱུར་སེམས་ཅན་རྣམས་སྡུག་བསྔལ་རྒྱུ་འབྲས་གཉིས་དང་ཡོངས་སུ་བྲལ་ཏེ། བདེ་བའི་རྒྱུ་འབྲས་གཉིས་དང་ལྡན་པའི་ཕྱིར་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སོགས་དངོས་བརྒྱུད་བར་གསུམ་ནས་འབད་པས་ཕན་ཅི་ཐོགས་གང་ཐོགས་བྱེད་དགོས་པ་ཡིན་ནོ། །ཞེས་པ་འདིའང་བཀའ་དང་དགོངས་འགྲེལ་ཟབ་རྒྱས་དུ་མར་བཞུགས་ཀྱང་མཐོང་ཐོས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་བློ་དམན་རྣམས་དང་། ཁ་ཅིག་གོ་ལོ་ཤེས་ལོ་སྒྲུབ་ལོ་ཙམ་གྱིས་ཆོག་ཤེས་པར་བཟུང་བ་དང་། ཁ་ཅིག་ཐོས་བསམ་ཤེས་རབ་བརྩོན་འགྲུས་རབ་ཏུ་གཞོལ་བ་རྣམས་ལ་དགོས་གལ་ཆེ་བ་འགའ་ཞིག་མཐོང་སྟེ་རི་ཆོས་རྩ་བའི་ས་བཅད་ལས་ཅུང་ཟད་འགྲེལ་ཏེ་རྒྱས་བསྡུས་འཚམས་པ་གོ་སླ་གཙོ་བོར་བཟུང་སྟེ་རྒྱུད་ལུང་མན་ངག་འགའ་རེའི་སྙིང་པོ་དམར་རྗེན་དུ་བསྟན་པ་འདི་ཡང་གྲུབ་སྲས་མིང་པས་ལྷག་བསམ་བཟང་པོ་དང་བཅས་གྲུབ་རི་ངོ་མཚར་སྨན་ལྗོངས་སུ་སྦྱར་བ་འདིས་ཀྱང་རྗེས་འཇུག་རྣམས་ཀྱིས་ཐོས་བསམ་སྒོམ་པར་བྱ་བའི་གསོས་སུ་ཅུང་ཟད་འགྱུར་བར་ཤོག་ཅིག། །།