DKYD-KABUM-05-CA-012: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|language=Tibetan
|language=Tibetan
|volnumtib=༥
|volyigtib=ཅ
|pagestatus=Temporary stub only
|pagestatus=Temporary stub only
|volumenumber=05
|volumenumber=05

Revision as of 16:50, 24 June 2024

Wylie title
Location mdo mkhyen brtse bka' 'bum
Volume 5, Text 12, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
༄༅། །པད་འབྱུང་ཐུགས་ཀྱི་ཐིག་ལེ་ལསཿ བསྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་བཞུགསཿ

༄༅། «།མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ལཿ རྟག་ཏུ་གུས་པས་ཡིད་ཀྱིས་འདུདཿ པདྨ་བདག་གི་སྙིང་ཕྱུང་བའིཿ གདམས་པ་འདི་ནི་ཡུམ་ལ་གཏདཿ དང་པོ་ལུས་ཀྱི་སྟོང་ར་ནིཿ སེམས་དཔའི་སྐྱིལ་དཀྲུང་དང་བཅས་ཏེཿ དམིགས་པ་འདི་ཉིད་བསྒོམ་པར་བྱཿ» ཨེ་མ་ཧོཿ མདུན་མཁའ་འཇའ་འོད་སྤྲིན་དཔུང་དབུསཿ བདག་གི་དྲིན་ཆེན་བླ་མ་ནིཿ པདྨ་ཐོད་ཕྲེང་རྩལ་དུ་སྒོམཿ སྐུ་མདོག་ཞལ་ཕྱག་སྣ་ཚོགས་སྟོནཿ «མོས་གུས་དང་པའི་སྣང་ངོ་རུཿ »ལྷང་ངེ་ལྷན་ནེ་གསལ་བ་ལསཿ ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགསཿ བྱིན་རླབ་ཐུགས་ལས་འོད་ཟེར་འཕྲོསཿ བདག་ཉིད་ཤ་ཁྲག་ཕུང་པོ་སྦྱངསཿ སྒྱུ་མ་སྟོང་གསལ་འོད་ཀྱི་ལུསཿ མན་དྷ་ར་བ་ཉིད་དུ་བསྒོམཿ «ཚོགས་ཞིང་གསལ་གཏབ་སྐྱབས་འགྲོ་སེམས་བསྐྱེད་ནིཿ »ན་མོཿ སྟོང་གསལ་འཛིན་མེད་སྤྲོས་བྲལ་ནམ་མཁའ་ལཿ རང་ངོ་ཤེས་པའི་ངང་ནས་སྐྱབས་སུ་མཆིཿ འཁྲུལ་བ་ཀ་དག་གཞི་ལས་དག་པའི་ཕྱིརཿ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱིཿ «གཉིས་པ་ཡན་ལག་བདུན་པ་ནིཿ» ཧོཿ འཁོར་འདས་སྤང་བླང་བྲལ་ཕྱིར་ཕྱག་འཚལ་ལོཿ མ་རྟོག་འཁྲུལ་བ་གྱུར་བ་མཐོལ་ལོ་བཤགསཿ བདེ་ཆེན་ཟག་པ་མེད་པས་མཆོད་པ་འབུལཿ མ་རིག་གཉིས་འཛིན་རྣམ་རྟོག་དབྱིངས་སུ་བཤགསཿ སྦྱོར་སྒྲོལ་གསང་བ་མཆོག་ལ་རྗེས་ཡི་རང་ཿ སྤྲོས་བྲལ་དོན་གྱི་ཆོས་འཁོར་བསྐོར་བར་བསྐུལཿ ཁྱོད་ཞལ་པད་མོར་མཐོང་བར་གསོལ་བ་འདེབསཿ དགེ་རྩ་འཁོར་བ་དོང་ནས་སྤྲུག་ཕྱིར་བསྔོཿ «གསུམ་པ་བགེགས་ལ་བཀའ་བགོ་ནཿ »ཨེ་མ་ང་ནི་རང་བྱུང་ལྷཿ གསང་བདག་གཏུམ་པོ་ཉིད་དུ་གྱུརཿ ཐུགས་ལས་སྤྲུལ་པའི་ཁྲོ་བོ་དང་ཿ བྱ་ཁྱུང་འབར་བའི་ཚོགས་འཕྲོས་ཤིང་ཿ སྟོང་གསུམ་འཇིག་རྟེན་རབ་གང་ཞིང་ཿ བགེགས་དང་ལོག་འདྲེན་མིང་ཡང་མེདཿ སྣང་སྲིད་དག་པ་རབ་འབྱམས་གྱུརཿ བཛྲ་ཙཎྜ་ག་རུ་ཊ་ཙཀྲ་ཛྭ་ལ་ཨུ་པ་རཾ་རཾ་སརྦ་ཛྭ་ལ་ཧཱུཾ་ཕཊཿ« བཞི་པ་མཚམས་བཅད་བསྲུང་འཁོར་སྒོམཿ »ཧྲཱིཿ ང་ནི་དབང་ཆེན་ཁྲོ་བོའི་རྒྱལ་པོ་སྟེཿ ཕྱི་མཚམས་སྣང་བ་རྣམ་དག་ཆོས་ཀྱི་སྐུཿ ནང་མཚམས་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་ཞིང་ཿ གསང་མཚམས་སྤྲོས་བྲལ་མ་བཅོས་འདུ་མ་བྱསཿ ཡེ་ནས་བསམ་བརྗོད་བྲལ་བ་གདོད་མའི་གཤིསཿ འཁོར་འདས་དུ་མ་རོ་གཅིག་ཆེན་པོའི་ངང་ཿ ཨ་ཨཱཿ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡཱ་ཕེམ་ཕེམཿ མ་ཧཱ་མུ་ཏྲ་ཧོཿ «ལྔ་བ་མཆོད་པ་བྱིན་རླབས་ནིཿ »སྣང་བ་སྣོད་ཀྱི་འཇིག་རྟེན་ཀུནཿ ཡེ་ནས་དག་པ་རབ་འབྱམས་དང་ཿ ནང་བཅུད་ལྷ་མིའི་ལོངས་སྤྱོད་ཀུནཿ གཟུགས་སྒྲ་དྲི་རོ་རེག་བྱར་བརླབཿ དཀྱིལ་འཁོར་མཆོད་པའི་ཡོ་བྱད་ནིཿ མ་ཚངས་མེད་པ་ཉིད་དུ་གྱུརཿ ཨོཾ་ཨཱཿཧཱུཾ༔ སརྦ་པཱུ་ཙ་མེ་ག་ས་མུཏྲ་སྥ་ར་ཎ་ས་མ་ཡེ་པཱུཙྪ་ཧོཿ« དངོས་གཞི་དང་པོ་བསྐྱེད་རིམ་ནིཿ» ཨཱཿ རིག་པ་སྟོང་གསལ་དེ་བཞིན་ཉིདཿ མ་རྟོགས་སེམས་ཅན་སྙིང་རྗེ་ཤརཿ ཁུ་རྡུལ་རྣམ་བྱང་ཉི་ཟླའི་སྟེང་ཿ རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱངསཿ སླར་འདུས་ཡོངས་སུ་གྱུར་བ་ལསཿ དུར་ཁྲོད་གཞལ་ཡས་མེ་དཔུང་འབརཿ པདྨ་ཉི་ཟླ་རོ་གདན་དབུསཿ ཞིང་ཁམས་སྤྲུལ་བསྒྱུར་དོན་གྱི་ལྷཿ བདག་ཉིད་རྡོ་རྗེ་རྣལ་འབྱོར་མཿ སྐུ་མདོག་མཐིང་གསལ་ནམ་མཁའི་མདོགཿ རྩ་ཞལ་ཞི་མ་ཁྲོ་ཆགས་ཉམསཿ བདེ་ཆེན་འཁོར་ལོ་ཕག་ཞལ་ནིཿ འཇིགས་རུང་འཆི་མེད་ལམ་དུ་གཟིགསཿ དབུ་སྐྱེས་དཀྲིས་ཤིང་ལྷག་མ་ནིཿ སྐུ་རྒྱབ་ཁེབ་ཅིང་སྤྱན་གསུམ་ལྡནཿ དབུས་མ་སྡང་མིག་གྱེན་དུ་གཟིགསཿ གཡས་གཡོན་ཆགས་པའི་ཟུར་མིག་གཡོཿ ཕྱག་གཡས་གྲི་ཁུག་དཀུ་ལ་བསྟེནཿ གཡོན་པས་བྷནྡྷ་བདུད་རྩིའི་བསྐང་ཿ རིན་ཆེན་རུས་པའི་རྒྱན་གྱིས་སྤྲོསཿ ཐབས་མཆོག་པདྨ་བཛྲ་ནིཿ སྐུ་མདོག་དཀར་དམར་ལང་ཚོ་རྒྱསཿ གཅེར་བུ་རུས་པའི་རྒྱན་དྲུག་གསོལཿ ཞལ་གཅིག་ཞི་འཛུམ་ཆགས་པའི་ཉམསཿ ཕྱག་གཡས་རྡོར་དྲིལ་དང་བཅས་འཁྱུདཿ ཞབས་ཟུངས་འདོར་ཐབས་གདན་ལ་རོལཿ གཙོ་མོར་ཞབས་གཡས་བམ་ཆེན་གནོནཿ གཡོན་པ་ཡབ་ཀྱི་སྐེ་ནས་འཁྲིལ། ཐབས་ཤེས་བདེ་བ་ཆེན་པོ་སྦྱོརཿ འོད་ཟེར་ཡེ་ཤེས་མེ་དཔུང་འབརཿ ཕྱོགས་བཞིར་པདྨ་འདབས་བཞིའི་དབུསཿ ལས་མཛད་སེང་ཧ་རིགས་བཞི་ནིཿ པདྨ་ཉི་ཟླ་བདུད་བཞིའི་སྟེང༌། དཀར་སེར་དམར་དང་ལྗང་གུའི་མདོགཿ ཟ་བྱེད་སེང་གེའི་མགོ་བོ་ལཿ རལ་བའི་གསེབ་ནས་སེང་ཕྲུག་འགྱེདཿ ཞལ་གདངས་ལྗགས་བསྐྱང་མཆེ་བ་གཙིགསཿ སྤྱན་གསུམ་དྲག་པོའི་སྡང་མིག་གཡོཿ གཡས་པས་གྲི་གུག་ནམ་མཁར་ཕྱརཿ གཡོན་པས་ཐོད་ཁྲག་ཞལ་དུ་གསོལཿ ཁྲོ་མོ་འབར་བའི་ཆས་ཀུན་རྫོགསཿ ཞབས་གཉིས་གཡས་བསྐུམ་བྷ་གར་གཏདཿ གཡོན་པས་བདུད་བཞིའི་སྙིང་ལ་གཟིརཿ གྲུ་མོ་གཡོན་ན་ཁ་ཊྭཱཾ་ཀཿ དཔའ་བོ་ཡབ་ཀྱི་ཚུལ་དུ་མཆོདཿ སྐུ་ལས་དྲག་པོའི་མེ་དཔུང་འབརཿ རང་ལས་སྤྲུལ་པས་འཁོར་ཚོགས་དང་ཿ ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོརཿ གསེར་ཁྱམས་ལས་དང་དམ་ཚིག་གིཿ མཁའ་འགྲོའི་བསྐོར་ཞིང་ཁྲག་འཁྱམས་ལཿ ཤ་ཟ་འཇིག་རྟེན་དབང་ཕྱུག་ཚོགསཿ བཀའ་སྡོད་དམ་ཅན་དྲེགས་པའི་སྡེཿ བཀའ་ཉན་གསུང་སྡོད་ཕྲིན་ལས་སྒྲུབཿ གཙོ་མོའི་ཐུགས་ཀའི་འོད་ཟེར་གྱིསཿ རབ་འབྱམས་རྒྱལ་བའི་ཞིང་ཁམས་བསྐུལཿ ཞི་ཆགས་ཁྲོ་བོའི་ལྷ་ཚོགས་ཀུནཿ ཐུགས་རྗེ་སྤྱན་གྱིས་བདག་ལ་གཟིགས༔ གནས་འདིར་དགོངས་པ་གཏད་པར་དམིགསཿ «གདུང་བའི་ང་རོའི་སྤྱན་འདྲེན་པཿ »ཧཱུྃ་ཧྲཱིཿམཿ མི་འགྱུར་ཆོས་དབྱིངས་མཐའ་བྲལ་ཞིང་ཁམས་དང་ཿ ལྷུན་རྫོགས་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་གནསཿ ཁྲག་འཐུང་ཁྲོ་བོ་རོལ་བའི་དཀྱིལ་འཁོར་ནསཿ ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་ལཿ གནས་འདིར་འགྲོ་བའི་དོན་དུ་གཤེགས་སུ་གསོལཿ རྒྱལ་བའི་ཡུམ་གྱུར་རྡོ་རྗེ་རྣལ་འབྱོར་མཿ སྐུ་གསུམ་ཞིང་ཀུན་དབང་བསྒྱུར་མཐུ་མོ་ཆེཿ སྤྲུལ་པ་སྣ་ཚོགས་ཐབས་ཀྱི་འགྲོ་དོན་མཛདཿ ཁྱོད་ལ་གཤེགས་བཞུགས་མཚན་མ་མི་མངའ་ཡང་ཿ བདག་གིས་མོས་པའི་གསོལ་བ་སྙིང་ནས་འདེབསཿ ཐུགས་བསྐྱེད་དམ་བཅའ་དུས་འདིར་བབ་ལགས་ནཿ སྒོ་གསུམ་བྱིན་གྱིས་རླབས་ཕྱིར་གཤེགས་སུ་གསོལཿ བདུད་འདུལ་ལས་ཀྱི་དབང་ཕྱུག་ཆེན་མོ་ནིཿ སེང་ཧ་མུ་ཁ་གཏུམ་ཆེན་རིགས་བཞིའི་འཁོརཿ ཡེ་ཤེས་ལས་དམ་ཤ་ཟ་ཌཱཀྐིའི་ཚོགསཿ སྐྱིན་ཐང་དམ་ཚིག་སྒྲོལ་མའི་བརྟུལ་ཞུགས་ཀྱིསཿ བསྐྱེད་ལྟར་སྐད་ཅིག་ཉིད་ལ་གཤེགས་སུ་གསོལཿ ངོ་མཚར་རྟགས་དང་མཚན་མ་སྟོན་པ་དང་ཿ མཆོག་ཐུན་ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལཿ ལུས་ལ་བདེ་ཆེན་ངག་ལ་ནུས་པ་བསྐྱེདཿ སེམས་ལ་རྟོགས་པ་སྤོར་ཅིག་ཡི་དམ་ལྷཿ རྫུ་འཕྲུལ་མངོན་གྱུར་དབང་མཆོག་བསྐུར་དུ་གསོལཿ བྷུདྡྷ་དྷརྨཱ་སཾ་ག་བཛྲ་ཛྙཱ་ན་ཌཱཀྐི་ནི་བྷ་ར་ཧི་སརྦ་ས་མ་ཡཱ་ཨ་ཝེ་ཤ་ཡ་ཕེམ་ཕེམཿ ཛ་ཛཿ «བཞུགས་སུ་གསོལ་ཞིང་ཕྱག་འཚལ་བཿ »ཧྲཱི༔མཿ སྐྱེ་མེད་ཡུམ་ཆེན་མཁའ་འགྲོའི་ལྷ་ཚོགས་རྣམསཿ འགགས་མེད་དམ་ཡེ་དབྱེར་མེད་ཆེན་པོར་བཞུགསཿ གནས་མེད་རང་ལས་སྤྲུལ་པའི་དཔའ་བོ་དང་ཿ འགྲོ་ཀུན་སྒོ་གསུམ་གུས་པ་ཆེན་པོ་ཡིསཿ མི་གནས་འགྲོ་འོང་བྲལ་བའི་ཕྱག་བགྱིའོཿ ཏིཥྛ་ལྷནཿ ཨ་ཏི་པཱུ་ཧཱོཿ པྲ་ཏིཙྪ་ཧོཿ «ཕྱི་ནང་གསང་བའི་མཆོད་འབུལ་ནིཿ »ཨོཾ་ཨཱཿཧཱུཾཿ ཕྱི་སྣོད་བདེ་བ་ཆེན་པོའི་གཞལ་ཡས་སུཿ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་དང་ཿ རེག་འཇམ་མེ་ཏོག་བདུག་སྤོས་མར་མེ་དྲིཿ ཞལ་ཟས་རོལ་མོ་མཆོད་པའི་ཡོ་བྱད་ཚོགསཿ ཕུན་སུམ་ཚོགས་པ་མ་ཚང་མེད་སྤྲུལ་ཏེཿ བླ་མ་ཡི་དམ་མཁའ་འགྲོ་དབྱེར་མེད་པའིཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པ་འབུལཿ ཨོཾ་བཛྲ་པཱུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་ཏྱེ་ཤབྟ་རུ་པ་ཤབྟ་གྷནྡྷེ་ར་ས་སྤར་ཤེ་པུཙྪ་ཨ་ཧོཿ ཧཱུྃ་ཧྲཱིཿ དམ་རྫས་རྨད་དུ་བྱུང་བའི་བྷ་ལིང་ཏཿ ཤ་ལྔ་བདུད་རྩི་ལྔ་སྦྱོར་ཨ་མྲྀ་ཏཿ པདྨའི་ཟིལ་བ་གུ་ཧྱ་མུ་ལའི་ཁྲགཿ འཁོར་བ་དབྱིངས་སྒྲོལ་གནས་ལས་སྤར་བ་དང་ཿ ཆགས་པ་ཆེན་པོའི་བདེ་བ་སྦྱོར་བ་སྟེཿ ནང་དང་གསང་བའི་མཆོད་པ་བླ་ན་མེདཿ འབུལ་ལོ་ལྷན་སྐྱེས་ཡེ་ཤེས་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུཾ༔ མ་ཧཱ་བཱ་ལིང་ཏ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་ཏ་ན་ག་ཎ་དྷརྨ་དྷདྷུ་པཱུཙྪ་ཧོཿ «བསྟོད་ཅིང་ཐུགས་དམ་བསྐུལ་བ་ནིཿ »ཧཱུཾ་ཧྲཱིཿམཿ སྐུ་མཆོག་བཻཌཱུར་ཞུན་མའི་རི་བོ་ལཿ ཉི་མ་བྱེ་བའི་འཁྱུད་ལྟའི་གཟི་འོད་འབརཿ ཞི་འཛུམ་ཆགས་པ་ཆེན་པོའི་ཉམས་ལྡན་པའིཿ རྩ་གསུམ་རྒྱལ་བ་སྲས་བཅས་བསྐྱེད་པའི་ཡུམཿ ཆོས་སྐུ་ཡེ་ཤེས་མཁའ་འགྲོ་མ་ལ་བསྟོདཿ སྒྲ་དབྱངས་རྡོ་རྗེའི་གསུང་སྙན་ས་གསུམ་འགེངསཿ འགྱུར་མེད་ཐུགས་མཆོག་ཀུན་བཟང་ཡུམ་གྱི་ཀློང་ཿ རབ་འབྱམས་ཕྲིན་ལས་ཀུན་ལ་དབང་བསྒྱུར་བའིཿ དངོས་གྲུབ་མཆོག་སྟེར་མ་ལ་ཕྱག་འཚལ་བསྟོདཿ སྐུ་མདོག་དཀར་དམར་ལང་ཚོ་གཟི་འོད་རྒྱསཿ བདེ་བ་ཆེན་པོའི་རྣམ་རྟོག་དབྱིངས་སུ་སྒྲོལཿ ཆགས་པ་ཆེན་པོའི་ཡེ་ཤེས་ལྔ་རུ་སྦྱོརཿ ཐེག་མཆོག་ཡབ་དང་འདུ་འབྲལ་མེད་ཕྱིར་བསྟོདཿ ལས་མཛད་ཞིང་ཁམས་དབང་བསྒྱུར་མཐུ་མོ་ཆེཿ ཁྲོ་མོ་འཆོལ་བ་སེང་ཧ་རིགས་བཞི་དང་ཿ ཡེ་ཤེས་ལས་མཛད་དམ་ཚིག་ཤ་ཟ་མོཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོད་པར་བགྱིཿ ཧྲཱིཿ བདེ་ཆེན་འབར་བའི་དཀྱིལ་འཁོར་ཆེན་པོ་ནསཿ པདྨ་ཉི་ཟླ་བམ་ཆེན་གདན་སྟེང་དུཿ རྡོ་རྗེ་ཕག་མོ་པདྨ་བཛྲ་ཡབཿ སེང་གདོང་རིགས་བཞི་ལ་སོགས་དཀྱིལ་འཁོར་ལྷཿ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནས་ནས་བསྐུལཿ མ་གཡེལ་བརྩེ་བ་ཆེན་པོའིརབ་དགོངས་ནསཿ སྒྲུབ་པོའི་ལུས་ངག་ཡིད་གསུམ་བྱིན་རློབས་ལཿ ལུས་ལ་རྫུ་འཕྲུལ་ངག་ལ་ནུས་མཐུ་བསྐྱེདཿ བླ་མ་ཡི་དམ་དབྱེར་མེད་ཆེན་པོ་ཡིཿ ཐུགས་བརྒྱུད་དགོངས་པ་རྟོགས་པར་བྱིན་གྱིས་རློབསཿ «བསྙེན་པ་བཟླ་བ་ནིཿ» ཧཱུཾ་ཧྲིཿམཿབདག་ཉིད་རྡོ་རྗེ་རྣལ་འབྱོར་མའིཿ ཙིཏྟ་འོད་ལྔའི་གུར་གྱི་དབུསཿ ཕག་མོ་དམར་གསལ་སྡིག་འཛུབ་རྒྱཿ རྒྱན་མེད་ཤིན་ཏུ་གསལ་བ་ལཿ ཐུགས་ཀར་གསེར་གྱི་རྡོ་རྗེ་ཡིཿ ལྟེ་བར་དགའ་བ་འཁྱིལ་བའི་དབུསཿ བཾ་ཡིག་མཐིང་ཀའི་མཐའ་མ་རུཿ སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགསཿ དགའ་འཁྱིལ་གཡོན་དུ་འཁོར་བ་ལསཿ འོད་ཟེར་བུན་བུན་འཕྲཽས་པ་ཡིསཿ རྩ་གསུམ་རྒྱལ་བའི་བྱིན་ནུས་དང་ཿ ཁམས་གསུམ་སྐྱེ་དགུའི་ཚེ་བསོད་བཀྲགཿ འབྱུང་བ་ལྔ་ཡི་དྭངས་བཅུད་བཅསཿ སྦུབ་ཆུའི་དྲངས་བཞིན་བདག་ལ་ཐིམཿ བཀྲག་མདངས་གཟི་བརྗིད་མཐུ་སྟོབས་རྒྱསཿ ལྷ་འདྲེ་མི་གསུམ་བླ་ཡིད་འཕྲོགཿ སྲིད་གསུམ་སྲོག་གི་བདག་མོར་གྱུརཿ ཨོཾ་ཧྲཱིཿམཿ ཨ་ཧ་རི་ནི་ས་ཛྙཱ་ན་ཌཱཀྐི་ནི་པདྨ་བཛྲ་སེང་ཧ་མུ་ཁ་ཌཱཀྐི་ནི་ཙིཏྟ་ཧྲཱིང་ཧྲཱིང་ཛ་ཛཿ སིདྡྷི་ཕ་ལ་ཧཱུྃཿ «བྱིན་འཇུག་སྔགས་འདི་བརྒྱ་རྩ་རེཿ ཐུན་མགོར་དམིགས་པ་གསལ་བཏབ་ལཿ བསྙེན་བསྒྲུབ་ཆིག་དྲིལ་རྩ་བའི་སྔགསཿ འདི་ལ་རྟག་ཏུ་ནན་ཏན་བྱཿ »ཨོཾ་ཨཱཿཧྲཱིཿམ་ཧ་རི་ནི་ས་སིདྡྷི་ཧཱུྃ༔ «འདི་ཉིད་བསྒྲུབ་པའི་རྣལ་འབྱོར་ལཿ ཞལ་མཐོང་གསུང་ཐོས་དངོས་གྲུབ་སྟེརཿ ལུང་སྟོན་ལས་ཆེན་བཞི་ལ་དབང་ཿ ནད་གདོན་འཇིགས་པ་ཀུན་ལས་ཐརཿ ཟག་པ་མེད་པའི་མངོན་ཤེས་འཆརཿ འབྱུང་བར་དབང་བསྒྱུར་རྫུ་འཕྲུལ་འགྲུབཿ བྱིན་རླབ་ཡོན་ཏན་བརྗོད་མི་ལང་ཿ འདུ་བ་གསུམ་ནི་དབྱར་ཡི་ཆབཿ འབར་མ་གསུམ་ནི་བསྐལ་བའི་མེཿ མཆོག་ཐུན་དངོས་གྲུབ་རི་གཟར་རྦབཿ བདེན་རྫུན་ལག་ཏུ་ལོངས་དང་གསལཿ ཐུན་མཐར་ལས་མཇུག་བསྡུ་བ་ནིཿ »ཐབས་མཆོག་ཡབ་དང་རྣམ་པར་རོལ་བ་ཡིསཿ སྲུབ་སྦྱོར་བདེ་བ་ཆེན་པོའི་ཡེ་ཤེས་རྒྱསཿ རྣམ་དག་འཁྲུལ་བའི་བག་ཆགས་དབྱིངས་སུ་ཡལཿ ཆོས་ཉིད་ཉམས་ཀྱི་སྣང་བ་རབ་འུར་ཞིང་ཿ ཕག་ཞལ་ངུར་སྒྲས་སྟོང་གསུམ་འཇིག་རྟེན་གཡོསཿ འཁོར་འདས་འོད་ཞུ་དཀྱིལ་འཁོར་ལྷ་ལ་ཐིམཿ འོད་སྣང་རབ་རྒྱས་ཡེ་ཤེས་སྙིང་པོ་ཅནཿ རིག་པ་མ་བཅོས་འགྱུར་མེད་ཆོས་སྐུའི་ངང་ཿ ཨོཾ་ཨཱཿཧྲཱིཿམ་ཧཱུཾ༔ «བརྒྱ་རྩ་བརྒྱད་བཟླས་ཐུན་གཅིག་མཉམ་པར་བཞགཿ ཞི་རྒྱས་དབང་དྲག་ལས་གང་ཡང་ཿ སེང་ཧ་རིགས་བཞི་ལ་བརྟེན་ནསཿ ཏིང་ངེ་འཛིན་གྱིས་འགྲུབ་པར་ངེསཿ གནད་ཀྱི་གདམས་པ་ཞལ་ལས་ཤེསཿ ཐུན་མཇུག་བསྡུ་བ་སྤྱི་ལྟར་རོཿ མཆོད་ཅིང་བསྟོད་པའི་རིམ་པ་ནིཿ» ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་འཁོར་བཅས་ལཿ ཕྱི་མཆོད་རྣམ་ལྔ་གཟུགས་སྒྲ་དྲི་རོ་རེགཿ སྨན་གཏོར་རཀྟ་སྦྱོར་སྒྲོལ་གསང་བའི་རྫསཿ ཚོགས་དྲུག་ཡུལ་གྱི་མཆོད་པ་དཔག་མེད་པཿ བཞེས་ལ་བླ་མེད་མཆོག་གི་དངོས་གྲུབ་སྩོལཿ ཨོཾ་བཛྲ་པཱུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱེ་ཤབྟ་མ་ཧཱ་པཉྩ་རཀྟ་བཱ་ལིང་ཏ་ཁཱ་ཧིཿ ཧཱུཾ་ཧྲཱིཿམཿ སྐུ་མཆོག་འགྱུར་མེད་རྡོ་རྗེ་རྣལ་འབྱོར་མཿ གསུང་མཆོག་འགགས་མེད་མཁའ་འགྲོའི་བརྡའ་སྐད་བསྒྱུརཿ ཐུགས་མཆོག་མི་གཡོ་ལྷན་སྐྱེས་ཡེ་ཤེས་ངང་ཿ རྡོ་རྗེ་ཕག་མོའི་གསང་བ་གསུམ་ལ་བསྟོདཿ དགའ་དང་མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེསཿ མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་རྩལཿ དྲག་གཏུམ་འཆོལ་བ་སེང་ཧ་མུ་ཁ་བཞིཿ ལས་ལ་དབང་བསྒྱུར་མ་ལ་ཕྱག་འཚལ་བསྟོདཿ གཙོ་མོ་གཅིག་ལས་བྱུང་བའི་ཆོ་འཕྲུལ་ཏེཿ ཉི་མ་དང་ནི་འོད་ཟེར་ཇི་བཞིན་ཏུཿ སྣ་ཚོགས་ཕྲིན་ལས་ཀུན་ལ་དབང་བསྒྱུར་བའིཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ རིག་པ་ཡབ་ལ་སྟོང་ཆེན་ཡུམ་གྱི་ངང་ཿ རྩལ་སྣང་དཀྱིལ་འཁོར་ལྷ་རུ་མ་རྟོགས་པའིཿ གཉིས་འཛིན་འཁྲུལ་བའི་དབང་གྱུར་དམ་ཉམས་པཿ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་བཤགསཿ ཨོཾ་བཛྲ་ས་ཏྭ་ས་མ༴ «སོགས་ནས། དངོས་གྲུབ་ཞུ་ཞིང་མཇུག་བསྡུ་བཿ» ཀྱཻཿ ཁྱོད་ནི་བླ་མ་ཡི་དམ་མཁའ་འགྲོ་ཏེཿ རྡོ་རྗེ་སློབ་དཔོན་ཐུགས་ཉིད་རིག་པའི་རྩལཿ བདག་ལ་དྲིན་ལྡན་བླ་མའི་བྱིན་རླབས་དང་ཿ ཡི་དམ་དངོས་གྲུབ་མཁའ་འགྲོའི་ཕྲིན་ལས་སོགསཿ མཆོག་ཐུན་དངོས་གྲུབ་མ་ལུས་ཀུན་སྩོལ་ཅིགཿ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃཿ ཧཱུྃ་ཧྲཱིཿམཿ ཕྱི་སྣོད་ནང་བཅུད་ལྷ་ལ་ཐིམཿ འཁོར་ཚོགས་སེང་ཧ་རིགས་བཞིར་བསྡུསཿ དེ་ཡང་གཙོ་བོ་ཡབ་ཡུམ་ལཿ ཡབ་ཉིད་ཡུམ་བསྡུས་གཙོ་མོ་ཡང་ཿ ཡེ་ཤེས་སེམས་དཔའ་ཐུགས་སྲོག་བརཿ དེ་ཡང་མི་དམིགས་གཞི་རྩ་བྲལཿ ཀ་དག་ཆོས་སྐུའི་ཀློང་དུ་ཨཿ སླར་ཡང་ཕྱི་ནང་སྣོད་བཅུད་ཀུནཿ དཀྱིལ་འཁོར་ཆེན་པོ་ལམ་གྱིས་གསལཿ «རྗེས་ཐོབ་སྤྱོད་ལམ་རྣམ་པ་བཞིཿ རྡོ་རྗེ་ཕག་མོའི་ལམ་ཁྱེར་ངང་ཿ སྒྲ་གྲགས་སྔགས་ལ་དྲན་རྟོགས་ཐུགསཿ དག་པ་རབ་འབྱམས་ཆེན་པོའི་ངང་ཿ རྩ་བའི་བསྙེན་པ་བཟླ་བཞིན་དུཿ གང་བྱུང་མཁའ་འགྲོའི་དངོས་གྲུབ་སྒོམཿ གར་གནས་བདེ་ཆེན་འབར་བའི་ཞིང་ཿ ཉལ་ཚེ་བདེ་བར་སེམས་བཟུངས་ཤིང་ཿ ཨ་ཤད་མེ་ཡི་འཁོར་ལོ་སྦརཿ དོན་གྱི་ཉམས་ལེན་ཟབ་མོའི་གནདཿ ལྷན་སྐྱེས་ཡེ་ཤེས་རྩལ་རྫོགས་པསཿ ཁྲེག་ཆོད་ཐོད་རྒལ་ཉམས་ལེན་གནདཿ པད་རག་ཡི་གེའི་དགོངས་པའི་དོནཿ བརྒྱ་ཕྲག་ཞག་གིས་འཁོར་བ་ལཿ མི་རྟོགས་ལམ་རྟགས་ཡོན་ཏན་འཆརཿ འཁོར་བ་མ་སྤང་གནས་སུ་དགཿ འཛིན་པ་མ་སྤང་རང་སར་གྲོལཿ འདོད་ཡོན་མ་སྤང་རྒྱན་དུ་ཤརཿ དངུལ་ཆུ་རྔུལ་དྲིའི་མ་གོས་བཞིནཿ རབ་རྣམས་འཇའ་ལུས་འོད་སྐུར་གྲོལཿ འབྲིང་རྣམས་རྡུལ་ཕྲན་ཆ་མེད་ཙམཿ ཐ་མ་ལུས་རྒྱ་བྲལ་མ་ཐགཿ ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབཿ གདུང་ལ་རིང་བསྲེལ་རྣམ་ལྔ་འབྱུང་ཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ ཡང་བཅུད་པདྨ་སྙིང་ཐིག་འདིཿ བདག་འདྲ་ཨ་ཙར་དམར་པོ་ཡིཿ མཆོག་གི་རིག་འཛིན་བརྙེས་པ་ཡིསཿ གདམ་ཟབ་སྙིང་དང་འདྲ་བ་འདིཿ བསྟན་པར་འཕང་བའི་མན་ངག་སྟེཿ མ་འོངས་ང་སྤྲུལ་སྐྱེས་བུ་དང་ཿ ལྷ་ལྕམ་ཡུམ་གྱི་ཉམས་ལེན་ཕྱིརཿ རིན་ཆེན་གསེར་མདོག་འདམ་ཤོག་ལཿ ལྷ་ལྕམ་པདྨའི་རཀྟའི་བྲིསཿ སྔགས་སྲུང་རལ་གཅིག་མ་ལ་གཏདཿ རཱ་ཧུ་ལ་ཡིས་ཐུབ་པར་སྲུངསཿ མ་འོངས་ལྔ་ཕྲག་ཐ་མའི་དུསཿ ང་སྤྲུལ་ཁྲག་འཐུང་དཔའ་བོ་ཡིསཿ ལྷ་ལྕམ་ཡུམ་དང་འཕྲད་པར་ཤོགཿ ས་མ་ཡཱཿ སྐུའི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ དམ་ཚིག་གི་རྒྱཿ གཅིག་བརྒྱུད་དུ་རྒྱཿ གུ་ཧྱཿ ཁ་ཐཾཿ ཨེ་མ་ཧོཿ བདག་འདྲ་མཁའ་འགྲོའི་གསང་མཛོད་ཀྱི་བདག་པོ་ཁྲག་འཐུང་ལས་ཀྱི་དཔའ་བོས་གདུག་ལྕགས་ཕག་ལོར་བརྡ་རྟགས་ཤར་ཡང་ལོ་ལྔའི་བར་དུ་གསང་རྒྱས་བཏབ་སྟེ་མེ་འབྲུག་ལོར་སྣྲོན་ཟླའི་དམར་ཕྱོགས་ལ་རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱི་དངོས་ཞལ་མཇལ་ཞིང་བརྡ་བཀྲོལ་བྱུང་བ་ལྟར་ཤོག་སེར་གསེར་གྱི་རལ་གྲིའི་དབྱིབས་ཅན་གྱི་ངོས་ནས་དག་པར་ཕབ་པའི་ཡི་གེ་འདུ་བྱེད་སློབ་བུ་ཉེ་གནས་འཇིགས་མེད་འོད་ཟེར་གྱིས་བགྱིས་པ་མཁའ་འགྲོའི་ཁ་རླངས་ཆིལ་ལེ་བའི་གདམས་པའོ།། །།