SPCD-KABUM-02-KHA-006: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
 
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle='phags mchog bka' 'bum
|collectiontitletib=འཕགས་མཆོག་བཀའ་འབུམ།
|totalvolumes=3
|author='phags mchog rdo rje
|authortib=འཕགས་མཆོག་རྡོ་རྗེ་
|citation=[['phags mchog rdo rje]]. ''''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. : .  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|language=Tibetan
|pagestatus=Temporary stub only
|volumenumber=02
|volumeLetter=KHA
|textnuminvol=006
|pdflink=File:SPCD-KABUM-02-KHA-006.pdf
|InitCategories=Khyentse Lineage Project; SPCD-KABUM-Volume-02-KHA
}}
<h1>Tibetan Text</h1>
<onlyinclude>
{{TibP|
༄༅། །དཔལ་ཆེན་རྡོ་རྗེ་ཕུར་པའི་རྣམ་བཤད་དང་ལས་བྱང་གི་སྒོམ་དོན་ཉུང་དྲིལ་བཞུགས་སོ།།
༄༅། །དཔལ་ཆེན་རྡོ་རྗེ་ཕུར་པའི་རྣམ་བཤད་དང་ལས་བྱང་གི་སྒོམ་དོན་ཉུང་དྲིལ་བཞུགས་སོ།།
རིགས་ལྔ་ཁྲག་འཐུང་འདུས་པའི་སྤྱི་དཔལ་ཆེ། །ཉོན་མོངས་དགྲ་བགེགས་འཇོམས་མཛད་ཕྲིན་ལས་རིགས། །གང་འདུལ་ཁྲོ་བོའི་རྣམ་རོལ་ཉམས་བརྒྱས་སྒེག །རྡོ་རྗེ་གཞོན་ནུ་ཁྲོ་བཅུ་སྲས་འཁོར་བཅས། །མི་ཕྱེད་དད་པས་ལྷག་པའི་ལྷ་རུ་བཟུང་། །མཆོག་ཐུན་གྲུབ་པ་བརྙེས་པའི་དགེ་ལེགས་སྩོལ། དེའང་དང་པོ་སྒྲུབ་དགོས་པའི་དོན་སྤྱི་ནི། ལྷ་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་བདུད་དགའ་རབ་དབང་ཕྱུག་དང་བཙུན་མོ་པདྨའི་ཕྲེང་བ་ཅན་གཉིས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དེ་ཡིས་སེམས་ཅན་མང་པོ་བྱང་ཆུབ་ལམ་ལ་བཀོད་ནས་འཁོར་འབངས་ཟད་ཀྱིས་དོགས་ནས་མཆོག་ཐུན་གྱི་གྲུབ་པ་བརྙེས་པ་ལ་བར་ཆད་རྩོམ་པར་བྱེད་དེ་རྣལ་འབྱོར་པ་ལམ་གྱི་རྟགས་ཐོན་པ་རྣམས་ལའང་དངོས་སུ་བར་ཆད་རྩོམ། དེ་མན་ཆད་ལ་བདུད་ཀྱིས་བྱིན་གྱིས་བརླབས་ཤིང་བློ་བསྒྱུར་བར་བྱེད་དེ་བླ་མ་མཆེད་དང་། དད་པ་དམ་ཚིག་ཆོས་དང་ལྟ་སྒོམ་སྤྱོད་པ་སོགས་ལ་བློ་ལྡོག་པར་བྱེད་ནས་སྡིག་གྲོགས་དང་འདུ་འཛི་རྣམ་གཡེང་ལ་དགའ། རྒྱུ་འབྲས་འཆོལ་བར་སྤྱོད་དེ་ལས་ཀྱི་མཐའ་ལོག་འོང་། གཞན་བརླབས་ཏེ་གཉེན་འདུན་དང་འཁོར་སློབ། ཡོན་བདག་ཏུ་བརྫུས་ཏེ་ཆོས་ལས་ལྡོག་པ་དང་། དགྲ་ཀུན་དང་མི་མ་ཡིན་རྣམས་ལ་གནོད་འཚེ་བྱེད་དུ་འཇུག་པ་སོགས་ཆོས་སྒྲུབ་པ་ལ་བར་དུ་གཅོད་པ་སྒོ་དུ་མ་ནས་འབྱུང་སྟེ། དེ་བཟློག་པ་ལ་དང་པོ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་ལ་ཞི་དུལ་སྤྱོད་པས་གྲོལ་ལོ། །དེས་མ་གྲོལ་ན་བདུད་དུ་བལྟས་ཏེ་འདུལ་བ་ལ་རྡོ་རྗེ་ཕུར་པ་ལས་ལྷག་པ་གཞན་མེད་པས་ཡི་དམ་མམ་སྲུང་མའི་ཚུལ་དུ་སྒྲུབ་དགོས་ཤིང་། དེ་ལྟར་བསྒྲུབ་བྱ་ལྷ་ཡི་ངོ་བོ་སོགས་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཆོས་ཀྱི་དབྱིངས་སུ་མི་དམིགས་པ་ཡིན་ལ། ངེས་ཚིག་ནི་རྡོ་རྗེ་ཅེས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པ་སྟེ། གཞན་གྱིས་ཚུར་མི་ཆོད་པ། མི་ཤིགས་པ། རྐྱེན་གྱིས་མི་འགྱུར་བས་བདེན་པ། སྲ་བ། བརྟན་པ། མཚན་འཛིན་རྟོག་པ་ཐམས་ཅད་ཕར་འཇོམས་པ་ལ་ཐོགས་པ་མེད་པ་ཐམས་ཅད་ཀྱིས་ཕམ་པར་མི་ནུས་པའི་མཐུ་དང་ལྡན་པའོ། །གཞོན་ནུ་ནི་གཞི་ལམ་འབྲས་བུ་གང་གི་སྐབས་སུའང་ངོ་བོ་ལ་འཕོ་འགྱུར་བགྲེས་རྒུད་མེད་པ། སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་རང་བཞིན་དུ་གནས་པའི་དོན་ནོ། །དེའི་ཡབ་ནི་སངས་རྒྱས་ཐམས་ཅད་འདུས་པའི་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །ཡུམ་ནི་ཀུན་བཟང་རྣམ་ཞལ་དབྱིངས་ཕྱུག་མ་ཡིན། རིགས་ནི་སྤྱིར་རིགས་ལྔ་ཁྲག་འཐུང་ཐམས་ཅད་འདུས་པའི་སྤྱི་དཔལ་ཡིན་ཞིང་བདག་འཛིན་ཉོན་མོངས་དང་རུ་ཏྲ་བདུད་སོགས་འཇོམས་པའི་ཕྱིར་ཁྲོ་བོ་ཀརྨ་ཧེ་རུ་ཀ་སྟེ་ཕྲིན་ལས་ཀྱི་རིགས་སུ་གཏོགས། སྐུ་ཡང་ཞི་བའི་དུས་རྡོ་རྗེ་སེམས་དཔའ། ཕྱི་ཀྲི་ཡོག་དུས་རྣམ་འཇོམས། བྱང་སེམས་དུས་ཕྱག་རྡོར་ཡིན་ལ། བྱེ་བྲག་ཏུ་སྐུ་ཡི་འདུལ་བར་གཤིན་རྗེ། གསུང་གི་པདྨ་དབང་ཆེན། ཐུགས་ཀྱི་བཛྲ་ཧེ་རུ་ཀ །ཡོན་ཏན་ཆེ་མཆོག །ཕྲིན་ལས་ཀཱི་ལ་ཡ། གཟི་བརྗིད་བླ་མེད་མངོན་རྫོགས། དྲག་པོ་དྲེགས་པ་ཀུན་འདུལ། སྟོབས་ཀྱི་སྟོབས་ལྡན་ནག་པོ། བྱིན་རླབས་བླ་མ་རིག་འཛིན། འདོད་ཡོན་ཨ་པ་ར་ཛི་ཏ། སྲུང་བ་མི་གཡོ་དཀར་པོ། བཟློག་པ་གཙུག་ཏོར་རྣམ་རྒྱལ་མ་སོགས་གང་ལ་གང་འདུལ་དུ་སྣང་བར་མཛད་ཅིང་། སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཀྱང་། གསང་རྒྱུད་ལས། དབུ་སྟོང་ཕྱག་སྟོང་སྤྱན་བྱེ་བ་མངའ་བ། མྱང་འདས་ལས་དབུ་དགུ་ཕྱག་བཅོ་བརྒྱད། རྩ་རྒྱུད་རྡོ་རྗེ་ཁྲོས་པ་སོགས་ལས་ཞལ་གསུམ་ཕྱག་དྲུག་གམ། ཞལ་བཞིའམ། ཞལ་གཅིག་ཕྱག་གཉིས་སོགས་ངེས་མེད་གདུལ་བྱའི་དབང་གིས་སོ་སོར་སྣང་བའོ། །དེ་ལྟར་སྒྲུབ་པ་ལ་དང་པོ་དགོས་དོན་རྣམ་པ་དྲུག་གི་ཁོག་དབུབ་པ་ལ། དང་པོ་ནི་ད་ལྟར་གྱི་སྣང་བ་སྣ་ཚོགས་འདི་ཡེ་ཤེས་རིག་པའི་རང་རྩལ་ཡིན་པའི་ཕྱིར་རྟགས་ལྷ་ཡི་ཕྱག་རྒྱར་རྫོགས། སྣང་བའི་དུས་ཉིད་ངོ་བོ་སྟོང་པ་སྤྲོས་བྲལ་ལས་མ་གཡོས་པའི་དབྱིངས་ཏེ་དོན་ཆོས་ཉིད་དུ་རྫོགས། སྣང་སྟོང་ཐ་མི་དད་པ་ངོ་བོ་དབྱེར་མེད་བརྗོད་བྲལ་མཉམ་ཉིད་དུ་གནས་པ་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་སུ་རྫོགས་ཏེ་དེ་ནི་དབྱིངས་ཡེ་དབྱེར་མེད་ཨ་ཏི་ཡོ་གའི་ལྟ་བ་མཐར་ཐུག་ཡིན་ནོ། །གཉིས་པ་སྒོམ་པའི་དྲོད་བཙལ་བ་ནི། ཏིང་འཛིན་གསུམ་གྱི་འོད་འཕྲོས། ཕྱི་ཡུལ་འབྱུང་ལྔ་ཡུལ་ལྔའི་རང་བཞིན་གཞལ་ཡས་ཁང་དང་། བྱེ་བྲག་ཕྱི་ཕུར་པ་ལ་ནང་གཞལ་ཡས་ཁང་སྟེ། དབལ་ངན་སོང་གསུམ། རྒྱ་མདུད་གོང་མར་འདོད་ཁམས་གནས་རིགས། ལྕུམ་གཞོག་སྨད་གཟུགས་ཁམས། སྟོད་གཟུགས་མེད་ཁམས། རྒྱ་མདུད་འོག་མར་ཆེ་མཆོག་ཁྲོ་བོའི་བཞུགས་གནས་དང་། ནང་བཅུད་སེམས་ཅན་ཐམས་ཅད་ཀྱང་རྡོ་རྗེ་གཞོན་ནུ་རྩ་བའི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོ། ཕུར་པ་སྲས་ཀྱི་དཀྱིལ་འཁོར་ཏེ། དེ་དག་གི་སྲོག་སྙིང་གི་དཀྱིལ་དུ་ཡེ་ཤེས་སེམས་དཔའ་ཐུགས་སྲོག་ས་བོན་ཙིཏྟའི་སྒོ་སྲུང་དང་བཅས་པ་བསྒོམ། གསུམ་པ་སྤྱོད་པའི་བོགས་དབྱུང་བ་ནི། ཕྱི་ནང་འབྱུང་བ་བསྡུས་པའི་སྣང་བ་ཐམས་ཅད་ཆེ་མཆོག་སྐུ་ཡི་དཀྱིལ་འཁོར་ཡིན་པར་ཤེས་པས། ཆགས་སྡང་གཟུང་འཛིན་གྱི་ཡུལ་མེད། སྒྲ་སྐད་ཀཱི་ལ་ཡ་ཆོས་ཉིད་ཀྱི་རང་སྒྲ་ཤེས་པས་སྙན་མི་སྙན་གྱི་འཛིན་པ་ལས་གྲོལ། དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་རང་རྩལ་ཤེས་པས་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ་མི་འཁྲུགས་ཤིང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་བྱམས་དང་སྙིང་རྗེས་གང་ལ་གང་འདུལ་ཕྲིན་ལས་ཐབས་ལ་མཁས་པའི་སྤྱོད་པ་ལ་བསླབ་པར་བྱའོ། །བཞི་པ་དབང་གི་གདེང་བཙལ་བ་ནི། གོང་སྨོས་ལྟ་སྒོམ་སྤྱོད་གསུམ་རྒྱུད་ཐོག་ཏུ་ཁེལ་བས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་དུས་གཅིག་ཏུ་རྫོགས་ཏེ་དབང་དང་བྱིན་རླབས་ཐམས་ཅད་ཀྱི་མཆོག་ཡིན་ཞིང་གཞན་དག་ཕྱི་ནས་བསྐུས་པ་དང་འདྲ་བར་གསུངས་སོ། །ལྔ་པ་དམ་ཚིག་གི་དོན་ལས་མི་འདའ་བ་ནི། རྟོགས་གོམས་གདེང་དུ་གྱུར་པའི་ཀུན་ཁྱབ་སྙིང་རྗེ་ཆེན་པོས་མཚམས་སྦྱར་ཏེ་གདུལ་དཀའི་སེམས་ཅན་རྣམས་དྲག་པོ་མངོན་སྤྱོད་ཀྱིས་བསྒྲལ་ཏེ་ཕུང་པོ་ལྷར་བསྐྱེད། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྲེ་ཞིང་སྟོང་ཉིད་སྙིང་རྗེ་འབྲེལ་བའི་ལས་གང་རྩོམ་དོན་ཆེན་པོ་དང་ལྡན་ཞིང་ཕར་ཐེབ་ལ་ཚུར་མི་ལྡོག་པའི་མན་ངག་དམ་ཚིག་ཐམས་ཅད་ཀྱི་མཆོག་ཡིན་ནོ། །དྲུག་པ་འབྲས་བུ་ལ་བཟླ་བ་ནི། ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་རང་གསལ་བས་སྤྲུལ་སྐུ། གསལ་དུས་ཉིད་ནས་སྤྲོས་དང་བྲལ་བས་ཆོས་སྐུ། དབྱེར་མེད་བདེ་བ་ཆེན་པོ་ལོངས་སྐུ། ཡེ་ནས་མ་བཅོས་རང་བཞིན་དུ་བཞུགས་པ་ངོ་བོ་ཉིད་སྐུ། དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཕོ་འགྱུར་མེད་པར་གནས་པས་མི་འགྱུར་རྡོ་རྗེའི་སྐུ་སྟེ་རྟོགས་གོམས་མཐར་ཕྱིན་པའི་འབྲས་བུའོ། །དེས་ནི་དཔེ་ཡིད་བཞིན་གྱི་ནོར་བུ་ལག་ཏུ་ལོན་པ་ལྟར་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །གཉིས་པ་ཐལ་འབྱིན་རྣམ་བཞིའི་སྤྱི་དོན། གདབ་པར་བྱ་བའི་རྫས་བཞི། འདེབས་བྱེད་གང་ཟག་བཞི། གདབ་པར་བྱ་བའི་ཐབས་བཞི། གདབ་བྱའི་ཡུལ་བཞི། ཐེབས་པའི་རྟགས་དང་ཕན་ཡོན་བཞི། མ་ཐེབས་པའི་སྐྱོན་བཞི་བཤད་པ་ནི། ཕུར་ནི་སྐྱེ་བ་མེད་པ། པ་ནི་འགག་པ་མེད་པ། ཕར་ཐེབ་ལ་ཚུར་མི་ལྡོག་པས་ཕུར་པ་ཅེས་བྱ་སྟེ། དེ་འདེབས་མཁན་གྱི་གང་ཟག་བློ་ཡངས་ཤིང་ཤེས་རབ་ཆེ་བས། རྒྱུ་ནི་རང་རིག་ཡེ་ཤེས་ཀྱི་ཕུར་པ། གདབ་པའི་ཡུལ་ཆོས་ཀྱི་དབྱིངས། ཐེབས་པའི་ཚད་འཁྲུལ་སྣང་ཐལ་འབྱིན་དུ་ཕུག་ཅིང་དབྱིངས་ཡེ་དབྱེར་མེད་ཆོས་སྐུ་ཐོབ་བོ། །མ་ཐེབས་པའི་སྐྱོན་འཁོར་བར་འཁྱམ་མོ། །འདོད་ཆགས་ཆེ་ཞིང་བརྩོན་འགྲུས་ལྡན་པས། རྒྱུ་ནི་ཡབ་ཀྱི་བྱང་སེམས་ཀྱི་ཕུར་པ། གདབ་ཡུལ་ཡུམ་གྱི་མཁའ་གསང་། ཐེབས་པའི་ཚད་སྣང་སེམས་མ་དག་དབྱིངས་སུ་ནུབ་ཅིང་སྤྲུལ་པའི་སྲས་མཆོག་འབྱིན་ནས་བདེ་སྟོང་དབྱེར་མེད་ལོངས་སྐུ་ཐོབ། མ་ཐེབས་འཁོར་བའི་རྨང་རྡོ་བྱེད་དོ། །དད་པ་དང་སྙིང་རྗེ་ཆེ་བས་རྒྱུ་ནི་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཕུར་པ། གདབ་ཡུལ་རིགས་དྲུག་གི་སེམས་ཅན། ཐེབས་པའི་ཚད་རང་འདོད་ཀྱི་འཁྲི་བ་ཆོད་ཅིང་སྲིད་པར་མི་གནས་ཞི་བར་མི་གོལ་བའི་འགྲོ་དོན་ནུས་པའི་སྤྲུལ་སྐུ་ཐོབ། མ་ཐེབས་པའི་སྐྱོན་ལས་ཀྱི་སྲིན་པོར་གོལ་བའོ། །ཞེ་སྡང་དང་གནག་པ་ཆེ་བས། རྒྱུ་ནི་གསེར་དངུལ་ཟངས་ལྕགས་ཀྱི་ཕུར་པ། གདབ་ཡུལ་ནད་གདོན་དབུལ་ཕོངས་དགྲ་བགེགས་དང་ཉམས་པ་བདུན་ལྡན་ཞིང་བཅུ་ཚང་བའི་ཚོགས་ལ། ཐེབས་པའི་ཚད་རྣམ་སྨིན་ལས་ངན་གྱི་སྐྱེ་རྒྱུན་ཆད་ཅིང་སྒྲོལ་བར་ནུས་པ་དང་། སྣང་སྲིད་ཕུར་པའི་དཀྱིལ་འཁོར་མངོན་དུ་གྱུར། མ་ཐེབས་པའི་སྐྱོན་བསྟན་པ་སྲུང་བར་མི་ནུས་པའོ། །དེ་ལྟར་སྒྲུབ་ཅིང་གདབ་པའི་དགོས་ཆེད་དང་ཕན་ཡོན་ནི་བར་ཆད་ཐམས་ཅད་ཞི་ཞིང་ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པ་དང་འབྲས་བུ་སྐུ་བཞི་སོགས་ཐོབ་པར་བྱེད་དོ།།  ༈  །།སྒྲུབ་ཐབས་ལས་ཀྱི་རིམ་པའི་སྒོམ་དོན་སྙིང་པོ་མདོར་བསྡུས་བརྗོད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་སྟེ། དང་པོ་སྔོན་འགྲོ་ལ་བདུན་ལས། ཕྱི་མཚམས་རྒྱལ་ཆེན་གྱི་ཐོ་བཙུགས་པས་རྣམ་གཡེང་ཞི། ནང་མཚམས་སྐྱབས་སེམས་ནས་རང་སེམས་ཆོས་སྐུའི་ངང་ལས་སྐད་ཅིག་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་ཚོགས་འཕྲོས་པས་བདུད་བགེགས་ལོག་འདྲེན་ཚར་བཅད། སླར་འདུས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་གཏམས་པས་བསྐལ་པའི་རླུང་ཡང་མི་ཐར་བར་བསམ་པས་བར་ཆད་ཞི། གསང་མཚམས་བར་དུ་བཅད་བྱ་གཅོད་བྱེད་གཅོད་པ་པོ་ཐམས་ཅད་རང་སེམས་འཁྲུལ་བའི་རྣམ་རྟོག་ཏུ་ཐག་ཆོད་དེ་སེམས་ཉིད་སྟོང་གསལ་ཆོས་སྐུའི་ངང་དུ་བཞག་པས་མི་ཤིགས་རྡོ་རྗེའི་མཚམས་ཏེ་རང་སེམས་ཆོས་སྐུར་གནས་པའི་དགོས་པ་ཡོད་དོ། །གཉིས་པ་ལྷ་དང་འཁོན་གཅུགས་སྦྱང་བའི་བཤགས་པ་ནི། བླ་མ་རིག་འཛིན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་མདུན་མཁར་གསལ་ལ་ཐོག་མེད་ནས་བདག་འཛིན་དབང་གིས་རྩ་བ་ཡན་ལག་གི་དམ་ཚིག་འགལ་ཉམས་སོགས་གནོང་འགྱོད་དྲག་པོས་བཤགས་པས་བྱང་ཞིང་དག་ནས་ཐུགས་ཀྱིས་དགོངས་ནས་བྱིན་གྱིས་རློབ་པའི་གནས་སུ་རུང་བར་མོས། གསུམ་པ་གནས་ངན་གྱི་རྟོག་པ་བསལ་ཕྱིར་བརྡ་སྒོ་དབྱེ་བ་ནི། སྔགས་བརྗོད་པའི་རྐྱེན་གྱིས་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དབྱིངས་སུ་སྦྱངས་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ཤག་གིས་བྱེ་ནས་ཞུགས་པས་རང་བྱུང་གདོད་མའི་ལྷ་དང་མཇལ་བར་མོས། བཞི་པ་ཆེ་ཆུང་བཟང་ངན་གྱི་རྟོག་པ་བསལ་ཕྱིར་བརྡའ་ཕྱག་ནི། ཀུན་རྫོབ་ཏུ་ལྷ་དང་སློབ་དཔོན་རྡོ་རྗེའི་མཆེད་དཀྱིལ་འཁོར་སོགས་ལ་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཞིང་། དོན་དམ་པར་ཕྱག་འཚལ་ཡུལ་འཚལ་མཁན་གཉིས་སུ་མེད་པར་མོས། ལྔ་པ་རྒྱལ་བའི་གདུང་འཚོབ་པའི་ཕྱིར་དམ་བཅའ་བ་ནི། ལྷག་པའི་ལྷ་ཡི་སྤྱན་སྔར་དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གཟུགས་ཀྱི་སྐུ་གཉིས་ཀྱིས་འགྲོ་དོན་རྩོམ་པའི་དམ་བཅའ་བཟུང་བར་མོས། དྲུག་པ་བྱིན་དབབ་པ་ནི། གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་སྒྲུབ་པ་དང་། དབྱིངས་ཡེ་དབྱེར་མེད་ཆོས་སྐུ་མཉམ་པ་ཆེན་པོའི་ངང་ལས། གང་འདུལ་ལྷ་ཡི་ཚོགས་ཀྱི་ཐུགས་དམ་གནད་ནས་བསྐུལ་ཏེ་སྦྱོར་མཚམས་རྣམས་ནས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་དཔག་ཏུ་མེད་པ་བབས་པས་སྒོ་གསུམ་གྱི་དྲི་མ་དག །དབང་དང་བྱིན་རླབས་དངོས་གྲུབ་ཐོབ། དབང་ཆེན་རྣམས་ཀྱིས༴ བྱིན་ཆེན་རྣམས་ཀྱིས༴ མཐུ་ཆེན་རྣམས་ཀྱིས་སྒྲུབ་པ་པོའི་རྟགས་དང་མཚན་མ་ཐམས་ཅད་མྱུར་དུ་བསྟན་ནས་མཐར་བདག་གནས་ཡོ་བྱད་ཐམས་ཅད་ལ་ཐིམ་པ་མོས། བདུན་པ་མཆོད་རྫས་བྱིན་རླབས་ནི། བདག་ལྷར་གསལ་བའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་གསུམ་འཕྲོས་མཆོད་རྫས་ཀྱི་དངོས་འཛིན་བག་ཆགས་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་དག་པར་བྱས། སླར་ཡང་ཨོཾ་དཀར་པོ་འཕྲོས་རྫས་རང་ག་མའི་རྟོག་པ་སྦྱངས། ཨཱཿདམར་པོ་འཕྲོས་གཟུང་འཛིན་གྱི་བག་ཆགས་ངན་རྟོག་བསྲེགས། ཧཱུྃ་མཐིང་ག་འཕྲོས་མཆོད་རྫས་ཐམས་ཅད་ཟག་མེད་བདུད་རྩིའི་རང་བཞིན་དུ་བྱིན་བརླབས། བྱེ་བྲག་ཏུ་དམ་རྫས་ཤ་ལྔ་བདུད་རྩི་ལྔ་རིགས་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ཟག་མེད་བདུད་རྩིའི་རྒྱ་མཚོ་དང་། རྒྱུ་དྲུག་འཁོར་བ་དབྱིངས་སུ་བསྒྲལ་བའི་ཆགས་མེད་རཀྟའི་རྒྱ་མཚོ་ཤ་ཆེན་གྱི་ལྷུ་དུམ་གྱིས་བརྒྱན་པ། ཕྱི་འདོད་ཡོན་ལྔ་ལྡན་གྱི་གཏོར་མ། ནང་གཞལ་ཡས་ཁང་དང་ལྷར་གསལ་བ། གསང་བ་ཆོས་ཀྱི་དབྱིངས་ཀྱི་གཏོར་གཞོང་དུ་ཉོན་མོངས་རྣམ་རྟོག་གི་གཏོར་མ། རིག་པ་ཡེ་ཤེས་ཀྱི་རྒྱན་གྱིས་བརྒྱན་པ། སྒྲུབ་དུས་ལྷར་ཤེས་པ། མཆོད་དུས་འདོད་ཡོན། ཟོར་དུས་མཚོན་ཆར་ཤེས་པས་སོ་སོའི་སྔགས་བརྗོད་ནས་བྱིན་གྱིས་བརླབས་ཤིང་ཕྱི་མཆོད་རྣམས་ཀྱང་འབྲུ་གསུམ་གྱིས་འདོད་ཡོན་གྱི་ལྷ་མོ་མཆོད་རྫས་ཐོགས་པ་དཔག་ཏུ་མེད་པར་སྤྲུལ་ནས་བརླབ་བོ།།  ༈  །།གཉིས་པ་དངོས་གཞི་ལ། ཆོས་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་མོ། །དེའང་སྟོང་པ་རང་རིག་པས་ཉོན་མོངས་རྣམ་རྟོག་གནས་སུ་གཅོད་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། གནས་ལུགས་ཟབ་མོ་དེ་ལྟར་མ་རྟོགས་པའི་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་རྩ་བ་ནས་བཅད་པར་བྱའོ་སྙམ་པ་ནི་སྙིང་རྗེ་ཡོངས་ཁྱབ་ཀུན་སྣང་གི་ཏིང་ངེ་འཛིན་དང་། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ནམ་མཁའི་དབྱིངས་སུ་སེམས་ཀྱི་རྟེན་དྭངས་མའི་སྲོག་ཧཱུྃ་སྔོན་པོ་བསྐྱེད་པ་རྒྱུ་ཡི་ཏིང་ངེ་འཛིན་ཏེ། དེ་ལས་ཨེ་ཡྃ་སོགས་འཕྲོ་འདུས་གྱུར་པ་ལས་འབྱུང་ལྔ་རིམ་བརྩེགས་གསལ་བའི་སྟེང་། གསུམ་པ་གཞལ་ཡས་ཁང་བསྐྱེད་པ་ནི། ཧཱུྃ་དེ་ལས་བྷྲཱུྃ་ཁ་དོག་ལྔ་ལྡན་འཕྲོས། དེ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ལྔ་ཡི་རང་བཞིན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི། སྒོ་བཞི། སྒོ་ཁྱུད་གློ་འབུར་ཚུར་ཅན། ཕོ་བྲང་ནང་མར་ཐོད་པ་སྐམ་རློན་རྙིད་པའི་རྩིག་པ་སུམ་རིམ་གནམ་ལྕགས་ཀྱི་གཟེར་གྱིས་བཏབ་པ། སྒོ་ཁྱུད་སྤངས་པ་སྒོ་བཞི། གཞལ་ཡས་ཁང་ཕྱི་མ་ལ་ཐོད་པས་དཀྲིག་པ་སོགས་དང་། བཞི་པ་གདན་བསྐྱེད་པ་ནི། བཛྲ་ཏ་ཏཾ་སོགས་བརྗོད་པས་ལྷ་གནས་ཐམས་ཅད་དུ་རྡོ་རྗེ་བྲག་ཆེན་གཏམ་པའི་ས་གཞི། ཧཱུྃ་ལས་འོད་འཕྲོས་ཕྱོགས་སྐྱོང་བཅུ་ཆུང་མ་དང་བཅས་པ་བཀུག །དེ་སྟེང་མ་སཱུརྻ་སོགས་བརྗོད་པས་པད་ཉི་ཟླ་བའི་གདན་རེ་རེའི་སྟེང་དུ། ལྔ་པ་རྩ་བའི་དཀྱིལ་འཁོར་བསྐྱེད་པ་ནི། སྤྱིར་སྐྱེ་གནས་བཞིའི་བག་ཆགས་སྦྱང་བའི་ཕྱིར་བསྐྱེད་ལུགས་མང་རུང་འདིར་བསྡུས་པ་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ནི། ཧཱུྃ་དེ་དབུས་ཀྱི་གདན་ལ་བབ་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་སླར་རྡོ་རྗེ་རྩེ་དགུ་གྱུར། དེ་ལས་འཕྲོ་འདུས་ཚོགས་གཉིས་ཡོངས་རྫོགས་དཔལ་ཆེན་པོའི་སྐུར་གྱུར། དེའང་སྐུ་གསུམ་མམ་རྣམ་ཐར་གསུམ་མཚོན་པའི་དབུ་གསུམ། ཡེ་ཤེས་དྲུག་གི་མཚོན་ཕྱག་དྲུག །རྫུ་འཕྲུལ་བཞི་མཚོན་ཞབས་བཞི་བརྐྱང་བསྐུམ་གྱིས་བཞུགས་པ། ཉེས་སྐྱོན་མ་གོས་པའི་གཡས་ཞལ་དཀར་བཞད། འགྲོ་ལ་རྗེས་ཆགས་གཡོན་ཞལ་དམར་གཤེ། ཆོས་ཉིད་འགྱུར་མེད་དབུས་མཐིང་དྲག་ཏུ་རྔམ་ཞིང་འབར་བ། ཁམས་གསུམ་ས་དགུ་དབྱེར་མེད་གཟིགས་རྟགས་སྤྱན་དགུ་སྡང་མིག་བསྒྲད་ཅིང་ཁྲོ་གཉེར་གློག་སྟོང་འཁྱུག་པ། ཤངས་ནས་ཧཱུྃ་འབྱིན་ཞལ་ནས་ཕཊ་སྒྲ་སྒྲོགས། སྐྱེ་བཞི་རྩད་གཅོད་རྣོ་དབལ་མཆེ་བ་ཟུར་གསུམ་པོ་བཞི་གཙིགས་པ། དབུ་སྐྲ་ཉི་ཁྲི་ཆིག་སྟོང་ཁམ་ནག་ཟུར་གསུམ་གྱེན་དུ་འཁྱིལ། བ་སྤུ་བྱེ་བ་ཐེར་འབུམ་རྡོ་རྗེའི་བ་སྤུས་གཏམས་པ། ཕྱག་གཡས་ཐེག་པ་རིམ་དགུ་རྫོགས་བརྡར་རྡོ་རྗེ་རྩེ་དགུ་གདེངས། ཡེ་ཤེས་ལྔ་མཚོན་རྡོ་རྗེ་རྩེ་ལྔ་འཕྱར་སྟབས་འཛིན། གཡོན་གྱིས་ཉོན་མོངས་བསྲེགས་པའི་ཡེ་ཤེས་མེ་དཔུང་འབར་བ་བསྣམས། དུག་གསུམ་རྩད་གཅོད་ཁ་ཊྭཱཾ་འཁྲོལ། ཐ་མའི་ཕྱག་གཉིས་རི་རབ་ལྟ་བུའི་ཕུར་པ་འདྲིལ། དུག་ལྔ་ཡེ་ཤེས་ལྔ་དག་རྟགས་སུ་རིགས་ལྔའི་རྩེ་ཕྲན་ཐོད་སྐམ་དང་ཐོད་ཚལ་གྱི་དབུ་རྒྱན། སྐུ་གསུམ་མཚོན་བྱེད་ཐོད་པ་ཚར་གསུམ་གྱི་ག་ཤལ་ཅན། ཞེ་སྡང་འཇོམས་བྱེད་ཀླུ་ཆེན་རིགས་བཞིས་བརྒྱན་པ་སྟེ་འདོག་པའི་རྒྱན་གཉིས་དང་། ཐལ་ཆེན་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས་སྟེ་བྱུག་པའི་རྩི་གསུམ་གྱིས་བརྗིད་པ་དང་། ཐེག་ཆེན་དོན་རྟོགས་གླང་ཆེན་ཀོ་རློན་གྱི་ཕྱི་གོས། མཐའ་གཉིས་སྤང་ཕྱིར་མི་ལྤགས་ཀྱི་གཡང་གཞི་ནང་གོས། ཕྲིན་ལས་ཡོངས་རྫོགས་སྟག་ལྤགས་གྱི་ཤམ་ཐབས་ཏེ་བསྒོ་བའི་གོས་གསུམ་མནབས་པ། སྲིད་གསུམ་ཟིལ་གནོན་རྡོ་རྗེའི་ཁྱུང་གཤོག་བར་སྣང་ཁྱབ་པར་གདེངས། མཐིང་ནག་ཅོད་པན་དང་རྡོ་རྗེའི་གོ་ཁྲབ་གསོལ་བ་སྟེ་དཔལ་གྱི་ཆས་བཅུ་དང་གར་གྱི་ཉམས་དགུ་སོགས་དང་ལྡན་པའོ། །ཐབས་ཤེས་དབྱེར་མེད་པའི་ཡུམ་འཁོར་ལོ་རྒྱས་འདེབས་མའི་ཕྱག་གཡས་འཁོར་བའི་ཉེས་སྐྱོན་གྱིས་མ་གོས་པའི་བརྡར་ཨུཏྤལ་འཛིན་ནས་ཡབ་ལ་འཁྱུད་པ། གཡོན་སྲིད་རྩ་ཉོན་མོངས་བསྒྲལ་ཞིང་དབྱིངས་སུ་སྦྱོར་བའི་བརྡར་བྷནྡྷ་དམར་གྱིས་བཀང་བ་སྟོབ་པ། རིགས་ལྔ་དང་རུས་པའི་རྒྱན་དྲུག་གཟིག་གི་ཤམ་ཐབས་ཅན། ཡབ་ཡུམ་བདེ་སྟོང་མཉམ་སྦྱོར་བ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །དེ་ལྟར་སྐུ་འབར་ཁྲོ་རྔམ་པའི་ཚུལ་དུ་བཞུགས་ཀྱང་ཐུགས་ཞི་བ་ལས་མ་གཡོས་པའི་རྟགས་སུ་ཡབ་ཀྱི་ཐུགས་རིན་ཆེན་ཟུར་བརྒྱད་གུར་ཕུབ་པ་ལྟ་བུའི་ནང་སྲོག་གི་སྒོར་པད་དཀར་འདབ་བརྒྱད་ཀྱི་སྟེང་དུ་ཡེ་ཤེས་སེམས་དཔའ་རྡོར་སེམས་ཚོན་གང་བ་ཞབས་ཅུང་ཟད་བརྐྱང་བསྐུམ་དུ་བཞུགས་པའི་ཐུགས་ཀར་རིན་ཆེན་ཆ་བརྒྱད་ཁ་དོག་སྨུག་པོ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་སུ་སྲན་མ་བཀས་པ་ཙམ་གྱི་ཉི་མ་ལ་གསེར་གྱི་རྡོ་རྗེ་ནས་འབྲས་ཙམ་གྱི་ལྟེ་བར་ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་ག་ཡུངས་འབྲུ་ཙམ་ཤིན་ཏུ་ཕྲ་བ་འོད་འབར་བའི་མཐའ་སྐོར་སྲོག་ཡིག་འབྲུ་དགུས་བསྐོར་བ། རྟ་མགྲིན་དམར་པོ་པདྨ་བྷནྡྷ་འཛིན་པ་རང་འོད་ཀྱི་ཡུམ་ཕག་མོ་དང་གཉིས་མེད་དུ་འཁྲིལ་བས་སྲུང་བ་བཅས་བསྒོམ་ཞིང་། དྲུག་པ་ཁྲོ་བཅུ་བསྐྱེད་པ་ནི། དེའང་ངང་ཁྲོ་ཤུགས་ཁྲོ་འབར་ཁྲོ་སོགས་གསུངས་ཏེ། སྔགས་རྣམས་བརྗོད་པས། གཙོ་བོ་ཡབ་ཡུམ་སྦྱོར་བས་བརྡའ་བཞིས་བསྐུལ་ཞིང་སྙོམས་པར་ཞུགས་པའི་མཁའ་གསང་ནས་ཧཱུྃ་བཅུ་འཕྲོས་སྔར་བསྐྱེད་པའི་ཕྱོགས་སྐྱོང་བཅུ་སོགས་རང་རང་གི་གདན་དུ་བབས། འཕྲོ་འདུ་ཡོངས་སུ་གྱུར་པ་ལས་ཁྲོ་བཅུ་བསྐྱེད་དེ་ཡབ་རྣམས་ཞལ་གསུམ་ཕྱག་དྲུག་སྐུ་མདོག་ཆ་ལུགས་གཙོ་བོ་དང་མཚུངས་ཤིང་། ཕྱག་མཚན་ཡང་ཕྱག་དང་པོས་རྡོ་རྗེ་བྷན་དམར་དང་། བར་པས་ཕྱོགས་སྐྱོང་བཅུའི་ཕྱག་མཚན་རྣམས་དང་། ཐ་མས་རི་རབ་ཕུར་པ་འདྲིལ། རྡོ་རྗེའི་གཤོག་པ་སོགས་དཔལ་གྱི་ཆས་བརྒྱད། ཞབས་བཞི་བརྐྱང་བསྐུམ་དགྲ་བགེགས་ཀྱི་སྟེང་དུ་འགྱིང་། ཡུམ་རྣམས་ཆ་ལུགས་གཙོ་མོ་དང་མཚུངས་ཤིང་གཡས་དྲིལ་བུ་གཡོན་དུང་དམར་སྟོབ་པ། སྐུ་མདོག་རང་རང་གི་ཡབ་དང་མཚུངས་ཤིང་། ཕྲ་ཕྱག་ཉི་ཤུ་ནི་དཔེ་དོན་རྟགས་ཀྱི་ཕྲ་མེན་སོགས་ཏེ། མདོར་ན་གཡས་མཆེ་བ་ཅན་བཅུ་ལ་ཡབ་ཀྱི་ཕྱག་བརྙན། གཡོན་གཤོག་པ་ཅན་བཅུ་ལ་ཡུམ་གྱི་ཕྲ་མེན་དང་། ཟ་བྱེད་གསོད་བྱེད་གཏུམ་རྔམས་ཀྱི་ཚོགས་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པ་བཞུགས་པ་དང་། བདུན་པ་ཕུར་པ་སྲས་ཀྱི་དཀྱིལ་འཁོར་ནི། སྲས་ཡིན་ལ་མཆོག་མ་ཡིན་པ། མཆོག་ཡིན་ལ་སྲས་མ་ཡིན་པ། དེ་གཉིས་ཀ་ཡིན་པ་དང་མ་ཡིན་པ་མུ་བཞི་ལས། འདི་ནི་སྲས་ཀྱང་ཡིན་ལ་མཆོག་ཀྱང་ཡིན་པ་སྟེ། སླར་གཙོ་བོ་ཡབ་ཡུམ་མཉམ་པར་སྦྱོར་བ་ལས། མདུན་དང་གཡས་གཡོན་གྱི་གདན་བདུན་གྱི་སྟེང་དུ། ཧཱུྃ་བདུན་རེ་འཕྲོས་པའི་རྩེ་ལས་ཧཱུྃ་ཡིག་དང་ཕུར་བུ་ཕྲ་མོ་དཔག་མེད་འཕྲོ་འདུས་ཀྱིས་མདུན་དུ་ཐུགས་ཀྱི་སྲས་བདུན་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་ཞལ། གཡས་སུ་སྐུ་ཡི་སྲས་བདུན་ལྗང་དཀར་དམར་བའི་ཞལ། གཡོན་དུ་གསུང་གི་སྲས་བདུན་དམར་ནག །དམར་དཀར་ལྗང་བའི་ཞལ། ཕྱག་དང་པོ་རྡོ་རྗེ་རྩེ་དགུ་པ་དང་མེ་དཔུང་། བར་པས་རྒྱ་གྲམ་དང་ཁ་ཊྭཱྃ། ཐ་མས་ཕུར་པ་སོགས་དཀྱིལ་འཁོར་གསུམ་དང་མཚུངས་ཤིང་། སྐུ་སྨད་ཆུ་སྲིན་གྱི་ཁ་ནས་ཐོན་པའི་གནམ་ལྕགས་ཕུར་པ་མེ་སྟག་ཚྭ་ཚྭ་འཕྲོ་བ་དང་ལོག་འདྲེན་བགེགས་ཀྱི་སྙིང་དཀར་ནག་མཚམས་སུ་ཟུག་པའོ། །བརྒྱད་པ་སྒོ་སྐྱོང་སྲུང་མ་ནི། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས། ཛཿལས་རྟ་གདོང་དཀར་མོ་གཡས་ཕུར་པ་དང་གཡོན་ལྕགས་ཀྱུ་འཛིན། ལྷོ་སྒོར་ཕག་གདོང་སེར་མོ་གཡས་ཕུར་པ་དང་གཡོན་ཞགས་པ་འཛིན། ནུབ་སྒོར་ཉི་ཟླ་དམར་མོ་དྲེད་ཀྱི་གདོང་ཅན་གཡས་ཕུར་བུ་དང་གཡོན་ལྕགས་སྒྲོག་འཛིན། བྱང་སྒོར་སྤྱང་གདོང་ལྗང་གུ་གཡས་ཕུར་པ་དང་གཡོན་དྲིལ་བུ་འཁྲོལ་བ། དྲག་མོ་དུར་ཁྲོད་ཀྱི་ཆས་ཅན། དེ་དག་གི་བར་ཁྱམས་རྣམས་སུ་ཕུར་སྲུང་བཅུ་གཉིས་སྲིང་མོ་དང་བཅས་པ་ཕྱིའི་དུར་ཁྲོད་དང་ལྕགས་རི་རྣམས་སུ་མ་མོ་བདུན། སྲིང་མོ་བཞི། དབང་ཕྱུག་ཉེར་བརྒྱད་སོགས་རྗེ་འབངས། ཉི་མ་ལས་ཟེར་གྱི་ཚུལ་དུ་མ་འདྲེས་ཡོངས་རྫོགས་བསྐྱེད་པར་བྱའོ། །རྩ་བའི་གཉིས་པ་ལས། དང་པོ་དགོངས་གསོལ་ནི། རྡོ་རྗེ་གཞོན་ནུ་དང་རིག་པ་འཛིན་པ་རྣམས་ཀྱིས་ཕྱི་ནང་གི་སྲིད་པ་ཐམས་ཅད་དོན་དམ་རྡོ་རྗེ་གྲུབ་མཛོད་ཅིག །གནས་ཚུལ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བཞིན། སྣང་ཚུལ་དུ་ཡེ་ཤེས་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་སུམ་གྲུབ་པར་མཛོད། གཉིས་པ་དེ་ལྟར་སྤྱན་འདྲེན་པ་ནི། དམ་ཡེ་དབྱེར་མེད་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་སྩོལ་ཕྱིར་གཤེགས་སུ་གསོལ་བརྗོད་ཅིང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་མེ་རི་འདབ་འབྱར་གྱི་ཚུལ་དུ་བཞུགས་པར་མོས་ལ། གསུམ་པ་ཕྱག་འཚལ་བ་ནི། ཞི་བས་མི་ཐུལ་གདུག་པས་འདུལ་བ་དང་། ཡེ་ཤེས་ལྷའི་ཕྱག་རྒྱ་བརྟེན་པའི་ཕྱིར་རྩེ་གཅིག་ཡིད་ཀྱིས་ཕྱག་འཚལ་བའི་མོས་པ་བྱའོ། །བཞི་པ་དབང་ཞུ་བའི་ཕྱིར། ཐབས་སྤྱོད་པ་དང་བྱམས་སྙིང་རྗེས་གང་ལ་གང་འདུལ་གྱིས་སངས་རྒྱས་ཕྲིན་ལས་རྫོགས་པར་མཛད་ནས། བདག་དམ་ཚིག་པ་ལ་ཡེ་ཤེས་པས་ཕྱི་དབང་སྣང་བ་ལྷར་ཤེས། ནང་དབང་སྣང་སྲིད་སེམས་སུ་ཤེས་པ། གསང་དབང་སེམས་ཉིད་སྟོང་པར་རྟོགས་པའི་ཕྱིར་དབང་དང་བྱིན་རླབས་མ་ལུས་སྩོལ་ཅིག་བརྗོད་པས། གནས་གསུམ་འབྲུ་གསུམ་གྱིས་བྱིན་རླབས། ཡེ་ཤེས་ལྔའི་ས་བོན་ལས་རིགས་ལྔས་དབུ་བརྒྱན་པར་མོས། ལྔ་པ་བསྟིམ་པ་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཡེ་ཤེས་པ་རྣམས་དམ་ཚིག་པར་དབྱེར་མེད་ཐིམ་ནས་ཇི་སྲིད་བར་བཞུགས་པར་མོས། དྲུག་པ་སྨན་མཆོད་ནི། ངོ་བོ་རྩ་བརྒྱད་ཡན་ལག་སྟོང་སྦྱར་བདེ་བཤེགས་རིགས་ལྔ་སྒྲུབ་པའི་དམ་ཚིག་གི་རྫས་བྱེད་ལས་རྒྱུ་དྲུག་འཁོར་བའི་སྡུག་བསྔལ་སེལ་བའི་སྨན། དཔའ་བོ་ཡབ་ཡུམ་ཐབས་ཤེས་རོལ་པའི་བྱང་སེམས་གྱི་རྣམ་པ་རང་བྱུང་བྷནྡྷའི་སྣོད་དུ་བསྐུལ་ཏེ། མཐེབ་སྲིན་ཉི་ཟླའི་གའུས་བཅུས་ལ་རྩ་བརྒྱུད་བླ་མ་ཡི་དམ་རྡོ་རྗེ་གཞོན་ནུ་སོགས་ལ་ཕུལ་བས་ཐམས་ཅད་མཉེས་ནས་འབྲུ་གསུམ་འཕྲོས། བདུད་རྩི་མྱང་བས་གསང་བ་གསུམ་གྱི་དངོས་གྲུབ་ཐོབ་པར་མོས། བདུན་པ་གཏོར་མ་ནི་ཆོས་ཉིད་སྐྱེ་མེད་ཀྱི་ཀློང་ལས་སྤྲུལ་པ་དམ་རྫས་རྨད་བྱུང་འདོད་ཡོན་ལྔ་ལྡན་གྱི་ཕུང་པོ་ལོངས་སྤྱོད་ཟད་མི་ཤེས་པ་ཕུལ་བས་ལྷ་རྣམས་ཀྱིས་ཐུགས་དམ་བསྐང་བར་བསམ། བརྒྱད་པ་དུང་ཆེན་གྱི་སྣོད་དུ་རཀྟ་དམར་གྱི་རྒྱ་མཚོ་བསྐྱིལ་བ། བྱེད་ལས་དཀྱིལ་འཁོར་ལྷ་ལ་ཕུལ་བས་སྲིད་རྩ་ཉོན་མོངས་དག་ནས་འཁོར་བ་སྟོང་པར་མོས་པའོ། །དགུ་པ་དུག་གསུམ་གྱི་མཆོད་པ་ནི། གཏི་མུག་ཤ་ཡི་ཕུང་པོ། འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་གྲམ་ཁྲོད་དུ་དམིགས་ནས་འབུལ་བས་དུག་གསུམ་རང་དག་ཏུ་གྱུར་པར་མོས། བཅུ་པ་སྦྱོར་སྒྲོལ་ནི། ངོ་བོ་ཆོས་དབྱིངས་སྐྱེ་མེད་གཏུན་ཁུང་དུ། རིག་པ་ཡེ་ཤེས་རྡོ་རྗེའི་ཐོ་བས། གཟུང་འཛིན་མཚན་རྟོག་རྡུལ་ཕྲན་དུ་བརླག་ཅིང་རིག་སྟོང་མཉམ་ཉིད་ཀྱི་ཀློང་དུ་སྦྱོར་བ་སྟེ། རྣམ་པ་ཡབ་ཡུམ་ཐབས་ཤེས་རོལ་བའི་མཁའ་གསང་ནས་བདེ་སྟོང་ཟག་མེད་ཀྱི་མཆོད་སྤྲིན་དཔག་ཏུ་མེད་པ་སྤྲོས་ཏེ་ཕུལ་བའམ། ཡང་ན་མཁའ་གསང་དུ་དགྲ་བགེགས་བཀུག་སྟེ་རོལ་བའི་སྟབས་ཀྱིས་བརྡུང་། བྱང་སེམས་ཀྱི་མེ་ལྕེས་བསྲེགས། དུག་གསུམ་གྱི་ངོ་བོ་ཤ་ཁྲག་རུས་གསུམ་ཕུལ་བས། ལོག་ལྟའི་དགྲ་བགེགས་བསྒྲལ་ཞིང་རྟོག་ཚོགས་དབྱིངས་སུ་ཞི་བར་མོས་པའོ། །བཅུ་གཅིག་པ་བསྟོད་པ་ནི། དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་གཅིག་ཏུ་འདུས་པའི་སྤྱི་དཔལ་རྡོ་རྗེ་གཞོན་ནུ། སྐྱེ་མེད་རྣམ་དག་ཡུམ་འཁོར་ལོ་རྒྱས་འདེབས། ས་བཅུའི་མངའ་བདག་ཁྲོ་བཅུ། ཕ་རོལ་ཕྱིན་བཅུའི་རང་བཞིན་ཁྲོ་མོ་བཅུ། ཉོན་མོངས་ཉི་ཤུ་སྒྲོལ་མཛད་ཁྲ་ཐབས་ཉི་ཤུ། ཐུགས་རྗེའི་ཤུགས་ཀྱིས་གནོད་གདུག་སྒྲོལ་མཛད་སྲས་མཆོག་ཉེར་གཅིག །ཕྱི་ནང་བར་ཆད་སྲུང་མཛད་སྒོ་མ་བཞི། རྒྱལ་བའི་སྤྱན་སྔར་ཁས་བླངས་ཕུར་སྐྱོང་སྲུང་མའི་ཚོགས་བཅས་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པས་བསྟོད་པར་བྱའོ། །བཅུ་གཉིས་པ་བཟླས་པ་ནི། ངོ་བོ་བདེ་བར་གཤེགས་པའི་ཐུགས་ཡིག་འབྲུར་སྣང་བ། ངེས་ཚིག་བྱིན་རླབས་མངོན་དུ་འབྱིན་པའི་སྔགས། དབྱེ་ན་རྒྱུ་མ་ནོར་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་གསུམ་ལས་ཕྱི་མ་སྟེ། དོན་ནི་ཨོཾ་ཁྲག་འཐུང་རིགས་ལྔའམ་ཡེ་ཤེས་སམ་ཆོས་སྐུའོ། །བཛྲ་རྡོ་རྗེ་ཡབ་ཡུམ་མཉམ་སྦྱོར་དབྱིངས་ཡེ་དབྱེར་མེད་ལོངས་སྤྱོད་རྫོགས་སྐུའོ། །ཀཱི་ནི་སྤྲུལ་པ་ཁྲོ་ཆེན་ཡབ་བཅུ། ལི་ནི་ཁྲོ་མོ་བཅུ། དེ་གཉིས་ཐབས་ཤེས་དབྱེར་མེད་ཟུང་དུ་འབྲེལ་བས་འགྲོ་བའི་མི་དགེ་བ་བཅུ་ཚར་གཅོད། དགེ་བཅུ་མཐར་ཕྱིན་དབྱིངས་རིག་དབྱེར་མེད་སྦྱོར་བས་སྤྲུལ་སྐུའོ། །ཀཱི་ནི་ཡང་སྤྲུལ་ཟ་བྱེད་དེ་འཁོར་བའི་ཉོན་མོངས་ཟ་ཞིང་སྟོང་པར་བྱེད། ལ་ནི་སྤྲུལ་པ་གསོ་བྱེད་དེ་སྲིད་གསུམ་དབྱིངས་སུ་སྦྱོར་བའི་དོན་མཛད་པའོ། །ཡ་ནི་སྲས་མཆོག་ཉེར་གཅིག །སརྦ་ནི་ཁྲོ་བོ་བཅུ་གསུམ་སྦྲུལ་སྒོ་མ་དང་བཅས་པ། བིགྷཱ་ནི་བཀའ་སྡོད་ཤྭ་ན་མཆེད་བཞི་དང་མིང་པོ་སྲོག་བདག །ནན་ནི་རེ་ཏི་མཆེད་བཞི་དང་རེ་ལྡེ་མགོ་ཉག །བཾ་ནི་ས་བདག་མཆེད་བཞི་དང་བསེ་ཡི་སྐྱེས་བུ་སྟེ་དམ་ཅན་སྲུང་མའི་ཚོགས། ཧཱུྃ་ནི་ཁྲོ་འདུས་རིག་འཛིན། ཕཊ་ནི་དགྲ་བགེགས་དམ་སྲི་ཚར་གཅོད་པའི་གསུང་། ཛཿནི་བསྒྲུབ་བྱ་གང་ཡོད་ཐམས་ཅད་ཚུར་བཀུག་པར་བྱེད་པ། ཧཱུྃ་ནི་བསྒྲུབ་བྱ་ཐམས་ཅད་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པ། ཨ་ནི་དངོས་གྲུབ་ཐམས་ཅད་མྱུར་དུ་འགུགས་ཤིང་བསྟིམ་པར་བྱེད་པའི་སྔགས་སུ་ངེས་པར་བྱས་ནས། བསྙེན་དམིགས་དངོས་ལ་ལྔ་ལས། དང་པོ་སྐུ་ཕྱག་རྒྱ་ལ་དམིགས་པའི་འཛབ་དགོངས་ནི། བདག་རྩ་བ་ཕྱོགས་བཅུའི་ཁྲོ་བོ། ཕུར་པ་སྲས་ཀྱི་དཀྱིལ་འཁོར་གསུམ་སྤྱི་དང་། ཁྱད་པར་བདག་རྩ་བའི་དཀྱིལ་འཁོར་རྡོ་རྗེ་གཞོན་ནུའི་རྣམ་པ་ཆུ་ཟླ་ལྟར་མ་འདྲེས་པ་སྤྱན་དཀར་ནག་ཚུན་ཆད་གསལ་ལ་རང་གི་སེམས་ཉིད་ཐུགས་ཀྱི་ངོ་བོ་དཔལ་རྡོ་རྗེ་གཞོན་ནུ་ཡིན་པར་ཤེས་པའི་ངེས་ཤེས་རྐྱེན་གཞན་གྱིས་མི་འཕྲོག་པའི་ང་རྒྱལ་བརྟན། གོང་དུ་ཤེས་པ་ལྟར་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པ་དྲན་པར་བྱས་ཏེ། འདི་ནི་བསྐྱེད་པ་ལྷ་ཡི་གཟེར་རོ། །གཉིས་པ་གསུང་ཡིག་འབྲུའི་དམིགས་པ་ནི། ཐུགས་ཡེ་ཤེས་སེམས་དཔའ་སྐུ། ཡིག་འབྲུ་གསུང་རྡོ་རྗེ་ཐུགས། འོད་ཡོན་ཏན། ཟེར་ཕྲིན་ལས་སུ་ངེས་པར་བྱས་ནས་ཐུགས་སྲོག་ཧཱུྃ་དང་མཐར་སྔགས་འཁོར་སྤུས་བྲིས་པ་ཙམ་གསལ། ཧཱུྃ་ལས་འོད་ཉི་ཟེར་ལྟར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སོགས་ལ་ཕོག །མཉེས་མཆོད་འབུལ་ཐུགས་རྒྱུད་བསྐུལ། རིགས་དྲུག་ལ་ཕོག་ལས་ཉོན་སོགས་སྦྱངས་ཤིང་དག་ཞིང་ལ་བཀོད། དམ་ཅན་ཚོགས་ལ་ཕོག་ལས་ལ་བཙུད། བླ་མ་མཆེད་ལ་ཕོག་ཐུགས་དམ་བསྐང་། དགྲ་བགེགས་ལ་ཕོག་གནོད་འཚེ་གདུག་རྩུབ་ཚར་བཅད། སླར་འདུས་དཀྱིལ་འཁོར་གསུམ་ལ་ཐིམ་པས་བདག་གི་སྒྲིབ་པ་སྦྱངས། མཐུ་བསྐྱེད། དབང་ཐོབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ནས་གྲགས་སྟོང་རྡོ་རྗེ་སྲིན་པོའི་ངར་སྒྲས་བཟླ་བར་བྱ་སྟེ་བཟླས་པ་སྔགས་ཀྱི་གཟེར་རོ། །གསུམ་པ་ཐུགས་ཆོས་ཉིད་ལ་དམིགས་པ་ནི། ཐུགས་དམིགས་མེད་ནམ་མཁའི་དཀྱིལ་ལྟར་དག་པའི་ངང་ནས་རིག་རྩལ་འགག་མེད་དཀྱིལ་འཁོར་གསུམ་སོགས་རྟོག་མེད་དུ་ཤར། ཤར་དུས་ཉིད་ནས་རང་བཞིན་མེད་པར་དག །སྐྱེ་མེད་ཀྱི་ངང་ནས་འཛིན་མེད་དུ་ལ་བཟླ་བ་ནི་དགོངས་པ་མི་འགྱུར་བའི་གཟེར་རོ། །བཞི་པ་ཡོན་ཏན་ལ་དམིགས་པའི་འཛབ་དགོངས་ནི། འཛབ་ཁང་ཕྱེས་ཏེ་ཐུགས་སྲོག་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དང་། སྔགས་ཕྲེང་མང་པོ་རང་གི་ཐུགས་ལས་འཕྲོས། ཕྱོགས་བཅུའི་བདེ་གཤེགས་རྩ་གསུམ་སྲུང་མ་དང་བཅས་པའི་ཐུགས་ཀར་ཐིམ། མཉེས་མཆོད་ཕུལ། ཐུགས་རྒྱུད་བསྐུལ། སྐུ་སོགས་བྱིན་རླབས་དངོས་གྲུབ་ཐམས་ཅད་སྔགས་ཕྲེང་དམར་པོའི་རྣམ་པ་ལྟེ་བ་ནས་བྱུང་། ལྟེ་བ་ནས་ཐུགས་ཀའི་སྔགས་ལ་ཐིམ། གཉིས་སུ་མེད་པའི་དངོས་གྲུབ་ཐོབ། ཡང་འཕྲོས་ཕྱི་སྣོད་འཇིག་རྟེན་ལ་ཁྱབ། འབྱུང་བཞི་དང་རིན་ཆེན་སྨན་རྫས་ཚེ་རིང་བ་དང་ནད་གདོན་ཞི་བྱེད་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་ཐིམ། གཟི་བརྗིད་བཀྲག་མདངས་ཆེར་རྒྱས། ཡང་སྤྲོས་བཅུད་ལ་ཕོག །ལས་ཉོན་རྣམ་སྨིན་སྦྱངས། རྡོ་རྗེ་གཞོན་ནུའི་རང་བཞིན་དུ་གྱུར། ཡང་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྐུ་སོགས་འབྲུ་གསུམ་རྣམ་པར་བསྡུས་སྐུ་སོགས་ཀྱི་དབང་དང་བྱིན་རླབས་མ་ལུས་པར་ཐོབ་པར་བསམ། ལྔ་པ་དྲག་པོའི་ཕྲིན་ལས་དགྲ་བགེགས་སྒྲོལ་བའི་འཛབ་དགོངས་ནི། སྔགས་ཀྱི་འོད་ཟེར་ལྗང་ནག་འཕྲོས། བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ཐུགས་རྒྱུད་བསྐུལ། མཐུ་སྟོབས་བྱིན་རླབས་ནུས་པ་ཐམས་ཅད་བསྡུས་ཏེ་བདག་ནུས་ལྡན་བྱས། དམ་ཅན་སྲུང་མའི་ཚོགས་ལ་ཕོག་ལས་ལ་བསྐུལ། གཟས་པོ་རང་དབང་མེད་པར་བཀུག་ནས་ལིངྒ་ལ་ཐིམ། ཚེ་ནུས་བདག་ལ་ཐིམ། སྲུང་མ་དམ་ཅན་གྱི་ཚོགས་བྱ་གཅན་ཤ་ལ་རུབ་པ་བཞིན་བསྒྲལ་བར་བསམ་སྟེ་སྤུ་གྲིའི་སྔགས་དྲུག་བཟླས། འདི་གཉིས་ནི་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་རོ། །དཔེར་ན་གསེར་ཞུན་བཟོ་ཉན་པ་ལྟར་བསྙེན་སྒྲུབ་ཀྱི་མཚན་མ་ཐོན་ཕན་ཆོད་ཤམ་བུ་ཅི་འདོད་བསྒྱུར་བས་འགྲུབ། བཟླ་བྱའི་སྔགས་ནི་སྲོག་སྔགས་འབྲུ་དགུ། ལས་སྔགས་འབྲུ་ལྔ། འཕྱོང་སྔགས་འབྲུ་གསུམ་སྟེ་བཅུ་བཞི་ཡིན་ལ། བསྙེན་སྒྲུབ་ཆིག་ཆོད་དྲག་སྔགས་འདུས་པ་ཡི་གེ་དྲུག་བསྙེན་སྔགས་བསྒྲིལ་ནས་བཟླ་བར་བྱའོ། །དེ་ལྟར་བཟླ་དུས་སྐྱོན་དྲུག་སྤང་སྟེ། མ་འདྲེས་པ་མ་བྱེ་བ་གསལ་བར་བཟླ། ཆད་ལྷག་མེད་པར་དག་པར་བཟླ། རྒྱུན་མི་ཆད་པར་རྩོལ་བས་བཟླའོ། །ཡིག་འབྲུ་བཅོ་ལྔ་མན་འབྲུ་འབུམ་དང་སུམ་ཅུ་ཚུན་ཆད་གསུམ་འབུམ། ཕར་བཅད་ལ་ཁྲི་ཕྲག་གིས་རྫོགས་ཤིང་དབང་པོ་དང་སྦྱར་ན། རབ་བདུན་འབུམ་ཉི་ཁྲི། འབྲིང་བྱེ་བ་ཆིག་འབུམ། ཐ་མ་བྱེ་བ་ལྔ་དང་འབུམ། དུས་ལ་སྦྱར་ན་རྩོད་དུས་འདིར་བྱེ་བ་ཕྲག་གསུམ་འབུམ་ཕྲག་བཞིས་བསྙེན་པ་རྫོགས། མཚན་བསྙེན་ནི་དུས་གྲངས་ཚད་མ་འཁྱོལ་ཡང་མཚན་མ་ནམ་ཐོན་བསྙེན་པ་རྫོགས་པའོ། །སྐུའི་མཚན་རྟགས་ཀྱང་ཕུར་པ་འགུལ། འཕར། ལྡིང་། མེ་སྟག །འོད། དུ་བ། བཞད་པ་སོགས་འབྱུང་། གསུང་ལ་ཕུར་པ་ལས་སྒྲ་སྙན་པ། སྔགས་དང་། གནམ་ལྕགས། འབྲུག །རྔ། ཅེ་སྤྱང་། སྲིན་པོའི་ངུར་སྒྲ་དང་བདུན་འབྱུང་། ཐུགས་ཀྱི་ཏིང་ངེ་འཛིན་ལས་སུ་རུང་། ལས་བཞི་དང་ཚེ་ལ་དབང་། རིགས་ལྔ་མངོན་གྱུར་ལྷ་རྣམས་གསལ། སྲུང་མ་བྲན་བཞིན་ལས་བྱེད། ཡང་དག་རྟོགས་པ་འཆར་རོ། །དེ་ལྟར་མ་གྲུབ་ན་སྤོག་པའི་ཆོ་ག་ནི། སྔོན་དུ་དམ་ཚིག་ཉམས་ཆགས་བཤགས། བསྐང་བ་དང་ཚོགས་བསགས་རྟེན་རྫས་ལ་ཁྲུས་དང་རབ་གནས་བྱ། བརྩོན་འགྲུས་དྲག་པོས་ལན་གསུམ་མམ་བདུན་གྱིས་འགྲུབ། བསྙེན་སྒྲུབ་ཀྱི་མཚན་རྟགས་དེ་ལྟར་ཐོན་ཀྱང་ལས་སྦྱོར་ཕྲ་མོ་རྟགས་མ་ཐོན་ན་དམ་བཅས་དགོས་སྒྲུབ་མངོན་མཚན་ཐུང་གིས་སྤོག་པར་བྱའོ།།  ༈  །།གསུམ་པ་རྗེས་ཀྱི་བྱ་བ་ལ། དང་པོ་ཚོགས་མཆོད་ནི། སྤྱིར་ཚོགས་པ་གསུམ། གསགས་པ་གསུམ། གསང་བ་གསུམ། སྦྱང་བ་གསུམ། བསླབ་པ་གསུམ། བསྐྱེད་པ་གསུམ། ཡུལ་གསུམ། དམ་ཚིག་གསུམ་བཅས་ཕུར་པ་བཀའ་མའི་འགྲེལ་ཆེན་དུ་གསུངས་པ་ལྟར། དགའ་ལྡན་ལྷ་ཡི་ཚོགས་གསང་སྔགས་ནང་གི་ལྷ་མཐུན་པ། དགྱེས་ལྡན་མིའི་ཚོགས་དམ་ཚིག་རྩ་བ་གཅིག་པ། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་བཟང་ལ་གྱ་ནོམ་པའོ། །གནས་དུར་ཁྲོད་ལྷ་ཡི་ཚོགས་ཁང་དུ། གྲུབ་པ་ཐོབ་པའི་བླ་མ། ལྷ་གྲངས་མཉམ་པའི་རྣལ་འབྱོར་ཕོ་མོ། འདོད་ཡོན་ལྷ་ཡི་ལོངས་སྤྱོད་ཚང་བར་གསོག་པ་གསུམ་མོ། །བདག་ཉིད་ཀྱི་ཉེས་སྐྱོན། མཆེད་ལྕམ་གྱི་ཉམས་གྲིབ། ཚོགས་ཀྱི་མ་དག་པའོ། །སྦྱང་པ་གསུམ་ནི་རྃ་ཡྃ་ཁྃ་ལས་མེ་རླུང་ཆུ་བྱུང་སྟེ་དམེ་བཙོག་སྦྱང་བའོ། །འབྲུ་གསུམ་གྱིས་བདུད་རྩིའི་རང་བཞིན་དུ་བརླབ་པའོ། །མཆོད་པའི་དུས་འདོད་ཡོན་ལྔ། བཤགས་དུས་ཡེ་ཤེས་ལྔ། བསྟབ་པའི་དུས་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བསྐྱེད། ཡུལ་གསུམ་ནི་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་འབུལ་ལོ། །དམ་ཚིག་གསུམ་ལ་ཚན་བཞི་ལས། མི་བྱ་བ་གསུམ་ནི། རང་སེམས་འཁྲུགས་པའི་རྩོད་པ། གཟུང་འཛིན་སྐྱེ་བའི་འཁྲུལ་གཏམ། ཐེག་པ་འོག་མའི་འབག་བཙོག་གི་རྟོག་པ་མི་བྱའོ། །མི་སྨྲ་བ་གསུམ་ནི། ཚོགས་རྫས་གཞན་ལ་ཆེ་སྟེ་བདག་ལ་ཆུང་། ན་ནིང་བཟང་སྟེ་ད་ལོ་ངན། ཁ་སང་མང་སྟེ་དེ་རིང་ཉུང་ཞེས་མི་སྨྲའོ། །མི་བསམ་པ་གསུམ་ནི། ཚོགས་རྫས་མཐོང་བའི་ཚེ་བཟའ་སྙམ་བཏུང་སྙམ་ཞིམ་སྙམ་མི་བསམ་པའོ། །མི་འབྲལ་བ་གསུམ་ནི། ལུས་ལྷ། ངག་སྔགས། སེམས་ཏིང་འཛིན་དང་མི་འབྲལ་བར་བྱའོ། །དེ་ལྟར་སྔོན་དུ་ངེས་པར་བྱས་ནས། ལག་ལེན་དངོས་ལ་གསུམ་ལས། དང་པོ་བྱིན་རླབས་ནི། དམ་རྫས་སུ་འོས་པའི་ཡོ་བྱད་ཅི་འབྱོར་བ་བཤམས་ལ་སྔགས་ཀྱིས་སྤྱིར་སྦྱངས། བྱེ་བྲག་བྷྲཱུཾ་ལས་ཚོགས་གཞོང་རིན་པོ་ཆེ་མཆོད་སྡོང་འདབ་མ་སྟོང་ལྡན་གྱི་སྙིང་པོ་ཚོགས་རྫས་རྣམས་མ་ལས་ཉི་མ། ཨཱཿལས་ཟླ་བ་པྃ་ལས་པདྨའི་དཀྱིལ་འཁོར་ལ་གནས་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ངོ་བོ་ཧཱུྃ་མཐིང་ནག །དེ་ལས་རྃ་ཡྃ་ཁྃ་བྱུང་ཡེ་ཤེས་ཀྱི་མེ་རླུང་ཆུས་མ་དག་པའི་དངོས་པོ་ཐམས་ཅད་བསྲེགས་གཏོར་བཀྲུས། སླར་ཡང་ས་བོན་ལྔ་འཕྲོས་པས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅི་ཡང་འཆར་བར་མོས་སོ། །གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། དགོས་པ་གང་ཕྱིར་སྲིད་གསུམ་གྱི་སེམས་ཅན་ཐམས་ཅད་རྡོ་རྗེ་ཕུར་པ་སྒྲུབ་པ་དང་། རིག་པ་རྩལ་གྱི་དབང་། ཁམས་གསུམ་སྒྲོལ་བའི་དབང་། དྲག་པོ་ལས་ཀྱི་དབང་རྣམས་དང་། རབ་སངས་རྒྱས། འབྲིང་ཏིང་འཛིན། ཐ་མ་མིག་སྨན་སོགས་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པའི་ཕྱིར། གང་དུ་འདྲེན་ན་ཞལ་ཟས་ཚོགས་ཀྱི་དགའ་སྟོན་ལ། གང་སྤྱན་འདྲེན་ན་སྤྱིར་ཁྲོ་བོ་ལ་མུ་བཞི་ཡོད་པ་ལས་འདིར་ཡེ་ཤེས་ཀྱང་ཡིན་ལ། ཁྲོ་བོ་ཡང་ཡིན་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཚོགས། དེ་ལྟར་སྤྱན་དྲངས་པའི་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱང་ནམ་མཁར་བྱོན་པར་དམིགས་སོ། །གསུམ་པ་མཆོད་པ་ནི། ཏིང་འཛིན་ནམ་མཁའི་མཛོད་ལས་འདོད་ཡོན་ལོངས་སྤྱོད་འཛད་མེད་སྤྲོ་བ་སྟེ། གཟུགས་རྡོ་རྗེ་མ་མེ་ལོང་འཛིན་པ་སོགས་དཔག་ཏུ་མེད་པར་སྤྲོས་ཏེ་འབུལ་ལམ། ཚོགས་རྫས་ཐུན་མོང་དུ་བཏེག་སྟེ། བླ་ན་མེད་པ་དམ་རྫས་ཡེ་ཤེས་ལྔ་ཡི་དངོས་པོ། འདོད་ཡོན་ལྔ་དང་ལྡན་པར་སྤྲུལ་ཏེ་རྩ་བ་གསུམ་གྱི་ལྷ་ཚོགས་ལ་འབུལ་ཞིང་། སྤྲོ་ན་བསྐང་བའི་ལས་རིམ་གསུམ་ཡང་བྱ་སྟེ། མཆེད་ལྕམ་རྣམས་ཀྱི་བདུད་རྩི། གཏོར་མ། རཀྟ། མར་མེ། ཛ་གད། མཾ་ས། ཚེ་རྫས། ཟླ་རྒྱས། བཾ་གཙང་མའི་རྫས། གསུར་ཆེན། བཟའ་བཅའ་སྣ་ཚོགས་པ་ཐོགས་ནས་རོལ་མོ་དང་སྙན་པའི་དབྱངས་ཀྱིས་མཚན་དོན་ནས་བསྐང་བ་དང་བསྐང་རྫས་བསྔོ་བ་དང་བཟློག་པའི་ཕྲིན་ལས་གསོལ་བ་རྣམས་གཞུང་བཞིན་དུ་བྱའོ། །བྱེ་བྲག་མཆོད་པ་ལ་མཆོད་བཤགས་བསྒྲལ་བསྟབ་གསུམ་སྟེ། ཚོགས་ཕུད་རིམ་པ་གསུམ་སྤྲོས་ལ་དང་པོ་མཆོད་པ་ནི། དམ་ཚིག་ཆེན་པོ་སོགས་བརྗོད་ཅིང་ཚོགས་རྫས་འདོད་ཡོན་ལྔའི་རང་བཞིན་དུ་དམིགས་ནས་ཕུལ་བས་ཐུགས་མཉེས་པར་བསམ་མོ། །བར་པ་བཤགས་པ་ནི། ཡེ་ཤེས་ལྷ་ལ་བཟང་ངན་མཚན་རྟོག་མི་མངའ་ཡང་བཀའ་འཁོར་ན་གནས་པའི་ལྷ་སྲིན་སྡེ་བརྒྱད་དང་། མཁའ་འགྲོའི་ཚོགས་ཀྱིས་བཀའ་ཡི་གཉེར་འཛིན་ལེགས་ཉེས་རྗེས་གཅོད་པས། སྒྲུབ་པ་པོའི་གསང་མཚམས་འདྲལ་བ་དང་། ཀུན་རྟོག་ཕྲ་མོའི་སྐྱོན་གཟིགས་ཤིང་བཀའ་ཆད་དང་དངོས་གྲུབ་ཀྱི་བར་གཅོད་པས་ན། བདག་ཅག་མ་རིག་མ་གུས་བག་མེད་གྱུར་པ་དང་འདོད་ཆགས་ཉོན་མོངས་དབང་ཆེ་བའི་སྐྱོན་གྱིས་རྩ་བ་དང་ཡན་ལག་གི་དམ་ཚིག་འགལ་བའི་ནོངས་པ་མ་ལུས་པ་སྙིང་ནས་འགྱོད་པས་བཤགས་ཤིང་། ཚོགས་རྫས་མཆོད་པས་ཐུགས་དམ་གཉེན་པོ་བསྐང་བ་ལགས་ན། ཉེས་ལྟུང་སྒྲིབ་པའི་ཚོགས་བྱང་ཞིང་དག་ནས་དབང་དང་དངོས་གྲུབ་མ་ལུས་པ་སྩོལ་བར་མཛོད་ཅིག་བརྗོད་དོ། །ཐ་མ་བསྒྲལ་བ་ནི། སྤྱིར་སྒྲོལ་བ་ལ་གང་བསྒྲལ་བའི་ཡུལ། སྒྲོལ་བྱེད་ཀྱི་སློབ་དཔོན། ཇི་ལྟར་སྒྲོལ་ཚུལ། མ་བསྒྲལ་བའི་ཉེས་དམིགས། བསྒྲལ་བའི་ཕན་ཡོན། འབྲས་བུ་བཅས་ཞིབ་ཀྱིས་ཤེས་པ་གལ་ཆེ་ཞིང་བྲུབ་ཁུང་དུ་ལིངྒ་བཅས་ལ། སྔགས་བརྗོད་པའི་རྐྱེན་གྱིས། རང་ཉིད་དཔལ་ཆེན་དངོས་གསལ་བའི་ཐུགས་སྲོག་ཧཱུྃ་ལས་འོད་ལྗང་ནག་བ་ཐག་ལྟ་བུ་ཕྱོགས་བཅུར་འཕྲོས་པའི་རྩེ་ལས། སྲས་མཆོག་ལྟ་བུ་ཁྲོ་བོས་སྟོང་གསུམ་གང་། དངོས་སྣང་སྐུ། སྒྲ་གྲགས་གསུང་། རྟོག་ཚོགས་ཐུགས་སྒྲོལ་བྱེད་དུ་གསལ་བས་བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐུལ་བ་སོགས། ཁྱད་པར་བསྒྲལ་བྱའི་གནས་སུ་འཕྲོས། དབང་མེད་བཀུག་སྟེ་ལིངྒ་ལ་བསྟིམ། འོད་ཟེར་ཚུར་འདུས་རང་དང་གདབ་ཕུར་ལ་ཐིམ་པས། སྟོད་ནས་བྱིན་རླབས་ཀྱི་འབྲུག་ལྡིར། སྐེད་ནས་ཡེ་ཤེས་ཀྱི་གློག་འཁྱུག །དབལ་རྩེ་ནས་ནུས་མཐུའི་ཐོག་ཆེན་འཕྲོ་བས་ནུས་སྟོབས་དཔག་མེད་གྱུར་པར་བསམ་ལ། བདེན་འགུག་སྤྱི་ལྟར་བྱས་ནས། ཕོ་ཉ་བསྐུལ། གཙོ་བོ་གཞོན་ནུ། ཁྲོ་བཅུ། ཟ་གསོད། སྲས་མཆོག་སོགས་ཐུགས་དམ་གནད་ནས་བསྐུལ་བས་སྒྲོལ་བའི་ལས་མཛད་པར་མོས་ནས། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དུས་གསུམ་རྒྱལ་བའི་གདུང་འཚོབ་ལ་དངོས་སུ་བར་དུ་གཅོད་པ་དང་། ཉམས་པ་བདུན་དང་། ཞིང་བཅུ་ཚང་བ་མདོར་ན་བསྟན་དང་སེམས་ཅན་ཡོངས་ལ་གནོད་པའི་གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་བདུད་དང་དམ་སྲི་བར་གཅོད་འབྱུང་པོའི་ཚོགས། ཁྲོ་ཚོགས་རྡོ་རྗེ་གཞོན་ནུ་དང་། སྲས་འཁོར་སྤྲུལ་པའི་བྱིན་རླབས་བདེན་མཐུའི་སྟོབས་ཀྱིས་ལས་བྱེད་ཕོ་ཉའི་ཚོགས་ཀྱིས་དེ་དག་དབང་མེད་ཤ་ཁྱིས་རི་དྭགས་དེད་པ་བཞིན་སྐད་ཅིག་བཀུག་སྟེ་ལིངྒ་ལ་བསྟིམ། མངོན་སྤྱོད་དྲག་པོས་བསྒྲལ། རྣམ་ཤེས་དབྱིངས་སུ་སྤར་ལུས་ངག་རྡུལ་ཕྲན་དུ་བརླག་པར་མཛོད་ཅིག །དེའང་གནས་ལུགས་ཀྱི་ལྟ་བ་རྟོགས་ཤིང་ཡེངས་མེད་བསྒོམས་པས་བདག་རྒྱུད་གྲོལ་ཞིང་ཐུགས་རྗེས་གཞན་སྒྲོལ་ནུས་པའི་གདེང་དང་། རང་འདོད་ཀྱི་འཁྲི་བ་བྲལ། བསྟན་འགྲོར་ཕན་པའི་ལྷག་བསམ་དང་། བུ་གཅིག་པོའི་མ་ལྟར་སྙིང་རྗེ་ཆེན་པོས་བསྒྲལ་བར་བྱེད་པ་ནི་ཐེག་པ་ཆེན་པོའི་ལམ་སྲོལ་རྨད་དུ་བྱུང་བ་ཡིན་པས་ངེས་པར་བྱས་ནས་བསྒྲལ་བ་དངོས་ཀྱི་སྐབས། ཐོག་མར་ལོག་རྡུགས་འབྱམས་གསུམ་གྱི་ཉེས་པ་མི་འབྱུང་བའི་ཕྱིར། བདག་དཔལ་ཆེན་པོ། སྲས་མཆོག་ཡཀྴ་ཀྲོ་དྷ། ལིངྒ་གནོད་བྱེད་ཀུན་འདུས་ཏེ་གསལ་བ་གསུམ་གྱི་ངང་ནས་ལུང་གསུམ་གྱི་དགོངས་པས་བསྒྲལ་བར་བྱ་དགོས། ཨོཾ་ལྃ་སོགས་བརྗོད་པས། བསྒྲལ་བྱའི་ཡིད་དང་རྣམ་ཤེས་ཀྱི་སྒོ་བཀག །ཉོན་ཡིད་བག་ཆགས་གཅོད། ཀུན་གཞིའི་བག་ཆགས་རྩད་ནས་གཅོད་དེ། ཉོན་ཡིད་ལུས་བཅས་རྡུལ་ཕྲན་དུ་བཤིག་པས་འཁོར་བ་རྩད་ནས་གཅོད་དེ་ཆོས་དབྱིངས་ལ་འགོད་པའི་མོས་པ་བསྐྱེད། བྷ་ག་ཝན་སོགས་བརྗོད་པས་བཅོམ་ལྡན་འདས་བདུད་ལས་རྒྱལ་བ། ཐབས་དང་ཤེས་རབ་རྡོ་རྗེ་གཞོན་ནུ་སྟེང་གི་ཁྲོ་བོས་ཐོག་དྲངས་ཟ་གསོད་བཅས་བསྐུལ། ཧཱུྃ་ཧཱུྃ་ཞེས་བརྗོད་པས་དགྲ་བགེགས་དབང་དུ་བསྡུས། སྒྲོལ་ཞིག །ཕུར་པ་གསོ་ཞིང་གཟི་བྱིན་བསྐྱེད། ཛཿསོགས་བརྗོད་པས་ལྕགས་ཀྱུས་བཟུང་། ཞགས་པས་བཅིང་། ལྕགས་སྒྲོག་གིས་བསྡམ། དྲིལ་བུས་རྡུལ་དུ་བརླག །བག་ཆགས་ཡོངས་སུ་སྦྱངས། ཕུར་པས་སྲིད་པ་ཐམས་ཅད་སྒྲོལ་ཞིང་ཚར་གཅོད་དབང་དུ་བསྡུས། རྡུལ་དུ་རློག་ཅིག་ཅེས་དང་། བཛྲ་ཧཱུྃ་ཀ་ར་སོགས་བརྗོད་ནས་དང་པོ་དག་བྱེད་ཁྲུས་ལུང་ནི། དཀྱིལ་འཁོར་གསུམ་གྱི་གནས་གསུམ་ཨཱཿདཀར་དེ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ཐམས་ཅད་ཨཱཿདཀར་དུ་གྱུར། དཀྱིལ་འཁོར་གསུམ་ལ་ཐིམ་པས། སྒོ་གསུམ་དང་ཤེས་བྱའི་སྒྲིབ་པ་སྦྱངས། གཟུང་འཛིན་ལས་གྲོལ། བདེ་ཆེན་བྱང་ཆུབ་སེམས་ཀྱི་ངང་ལས་སྐུ་གསུང་ཐུགས་གསལ་བར་བྱ་བ་ནི་བདག་གི་ཁྲུས་ལུང་ངོ་། །ཡང་སྔར་བཞིན་ཨཱཿལས་འོད་འཕྲོས་དོན་གཉིས་བྱས་སྒྲིབ་པ་སྦྱངས། གཟས་པོའི་གནས་གསུམ་ལ་ཐིམ་སྒྲིབ་པ་སྦྱངས་བསྒྲལ་བའི་སྐལ་པ་དང་ལྡན། སྙིང་ནང་ཀུན་གཞི་ཨཱཿདཀར་དུ་གནས་འགྱུར་བ་གཟས་པོའི་ཁྲུས་ལུང་སྟེ། དེ་ལྟར་བདག་གཟས་ཕུར་གསུམ་དགོངས་དང་དམ་ཚིག་ཆོས་ཉིད་གཅིག་གིས་འབྲེལ་བ་ནི་ཐུགས་རྗེ་འབྲེལ་ཐག་གི་དགོངས་པའོ། །སྤྱིར་སེམས་ཅན་སྒོས་གཟས་པོ་འཁོར་བ་མི་གཏོང་བའི་སྙིང་རྗེ་བསྐྱེད་པ་ནི་གདུང་བ་ལུག་རྒྱུད་ཀྱི་དགོངས་པ་སྟེ་དེ་གསུམ་ཁྲུས་ལུང་ངོ་། །ཚེ་ལུང་ནི་བསྒྲལ་བྱའི་སྙིང་དཀར་ནག་གི་མཚམས་སྲོག་གི་ངོ་བོ་ཁྲག་གི་ཐིག་ལེ་མཐེ་བོང་ཙམ་གྱི་དབུས་སུ་ཚེ་རྟེན་ཨཱཿའོད་ཀྱི་དབུས་སུ། ཀུན་གཞི་ནྲྀ་དུད་ཁའི་གཟུགས་སུ་གནས་པར་ཕུར་རྩེ་གཟིར་བས་ཧཱུྃ་གིས་སྒོ་ལྔའི་རྣམ་ཤེས་སྙིང་ནང་དུ་འུབས་ཀྱིས་བསྡུས་པས་བྱུང་ཚོར་གྱི་སྒོ་འགག །ཡང་འོད་ཚོན་གང་བ་ཐལ་གྱིས་བྱུང་ཉོན་མོངས་རྡོ་ཚན་ལ་ཁ་བ་བབས་པ་བཞིན་སངས་ཤིང་། མ་རིག་པའི་སྒྲིབ་པ་ཐམས་ཅད་མ་བྱུང་མ་སྐྱེས་ཆོས་ཉིད་སྟོང་པར་གྱུར་པས་ཀུན་གཞི་རྩད་ཆོད་དེ་སྙིང་དཀར་ནག་འབྲེལ་མཚམས་ཕྲལ་ནས་ནྲྀ་ཐིག་ཨཱཿབཅས་ཧཱུྃ་ལ་བསྡུས་པས་སེམས་དབྱིངས་སུ་ཕྱུང་བའོ། །ཕུར་སྲོག་ཨཱཿདཀར་དེ་བདག་ཡེ་ཤེས་སེམས་དཔའི་ཐུགས་སྲོག་ལ་ཐིམ་གཉིས་མེད་བྱང་ཆུབ་སེམས་སུ་གྱུར་ཏེ་བདག་བཀྲག་དང་གཟི་མདངས་སྔར་བས་རྒྱས་པས་བདག་མི་ཕམ་སྟེ་འཚེང་། གསུམ་པ་གནས་སྤར་བའི་ལུང་ལ་གསོ་བ་གསུམ་ལས། ཕྱག་རྒྱའི་ལྷ་རྣམས་གཟིར་མནན་གྱིས་མེ་བའི་ལས་ལ་སྦྱར་བའི་ཕྱིར་ཕུར་པ་གསོ་བ་ནི། ཀཱི་ལ་ཡ་བཟླ་ཞིང་ཕུར་པའི་དབལ་ནས་བཟུང་ཀླད་ལ་བསྐོར་བས་ཁམས་གསུམ་ཕུར་པས་གང་། དེ་ལས་འཕྲོ་འདུས་གཟི་བྱིན་ལྡན་པར་བསྒོམ། དྲག་ལས་ཀྱི་རྣམ་སྨིན་གྱིས་མི་གོས་པའི་ཕྱིར་བདག་གསོ་བ་ནི། ཧཱུྃ་གསུམ་བརྗོད་རྩ་བརྒྱད་བཟླས་བདག་ཐུགས་ཧཱུྃ་ལས་འོད་འཕྲོས་ཁམས་གསུམ་ཕུར་བུས་གང་། མཉེས་མཆོད་ཕུལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པ་བདག་ལ་ཐིམ་པར་དམིགས། སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཟིན་པས་བསྒྲལ་བྱ་ལ་ཕན་གདགས་ཕྱིར་གཟས་པོ་གསོ་བ་ནི། ཧཱུྃ་གསུམ་བརྗོད་པས། བདག་ཐུགས་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱི་རྩེ་ལས་དམིགས་བྱའི་རྣམ་ཤེས་ཨཱཿགཟུགས་འོག་མིན་དུ་སྤར། ཕཊ་གསུམ་གྱིས་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་བསྟིམས་པས་རྒྱལ་བའི་སྲས་སུ་སངས་རྒྱས་པར་དམིགས་ལ། དེ་ལྟ་བུའི་དགོངས་པ་ལྡན་ན་ནུབ་གཅིག་ལ་གཟས་པོ་བརྒྱ་བསྒྲལ་ཡང་རྣམ་སྨིན་གྱིས་མི་གོས་ཤིང་ཚོགས་ཆེན་རྫོགས། ལུང་གསུམ་གྱི་དགོངས་པ་མ་ལྡན་ན་ཤན་པ་དང་ཁྱད་པར་མེད་པ་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་སྔ་ནས་འདོམ་པ་ཡིན་པས་གལ་ཆེན་ལག་ལེན་དུ་མཛོད། དེ་ལྟར་ཕྱིར་མི་ལྡོག་པའི་བག་ཆགས་ཀྱི་རྟེན་གཞི་བསྒྲལ་ལ། དཔའ་རྟགས་ཀྱི་ཚུལ་དུ་བསྐུལ་བ་ནི། དངོས་གྲུབ་ལ་བར་ཆད་བྱེད་པ་རྣམས་ཟུངས་ཤིག །རྒྱོབ་ཅིག །རྣམ་པར་ཆིངས་ཤིག །གཏོར་ཞིག །གྲོགས་དང་བྲལ་བར་གྱིས་ཤིག་སོགས་བརྗོད་དེ། གདབ་པ་དངོས་ནི། གཙོ་ཕུར་བླངས་ནས་ཡི་གེ་གསུམ་གྱིས་བྱིན་རླབས་མཆོད་བསྟོད་བཞུགས་གསོལ་གྱིས་གཙོ་ཕུར་ལས་ལ་བསྐུལ་མི་རུང་། གདབ་ཕུར་དངོས་ནི་ཁྲོ་བཅུའི་ཕུར་པ་སོགས་གནས་བཅུ་ལ་རིམ་པར་གདབ་པའི་གཞུག་ཏུ་བྲན་བཀའ་ཉན་ཕོ་ཉའི་ཚོགས་བསྐུལ་འདོན་ཅིང་རལ་གྲིས་གཏུབ། ཕུར་པས་སྤྱི་བོ་ནས་རྐང་མཐིལ་བར་ཐལ་བར་ཕུག་ནས་རྡུལ་དུ་བརླག །ཐོ་བས་བརྡུངས་ཤིང་སྙིགས་མའི་ལུས་དེ་ཉིད་བདུད་རྩིར་སྤར་བ་གཏོར་མར་བསྟབ་ལ་དཔལ་ཆེན་ཡབ་ཡུམ་ཁྲོ་བཅུ་སྲས་མཆོག་ཟ་གསོད་སྒོ་སྐྱོང་མཁའ་འགྲོ་གིང་ལང་དབང་ཕྱུག་སོགས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཞལ་གནམ་ས་ཙམ་གདངས་པའི་ནང་དུ་ཕུལ་ཞིང་བཞེས་པས་རྡུལ་ཕྲན་ཙམ་མེད་པར་རོལ་པའི་མོས་པ་མཛོད་ཅིག །ཅེས་པས་ལྷ་ཚོགས་དགྱེས་པས་རོལ་ཏེ་ཧ་ཧ་ཞེས་བཞད། ཧཱུཾ་ཧཱུཾ་ཧཱུཾ་གིས་དངོས་གྲུབ་སྩལ་ནས་འོད་གསལ་དུ་ཞུ། ཕཊ་གསུམ་གྱིས་དེ་ལས་སད་པའི་སྣང་ཆ་ཆོས་ཉིད་བདེན་པའི་ངང་བསྐྱང་རྟག་ཆད་ཀྱི་མཐའ་བསལ་ལོ། །དེ་ནས་ཐབས་ཤེས་ཀྱི་རྫས་རྣམས་བརྡ་དང་བརྡ་ཡི་འབུལ་ལེན་གྱི་བླངས་ནས་བདག་རྩ་བའི་དཀྱིལ་འཁོར་གསུམ་འདུས་གསལ་ནས། ཐ་མལ་ཞེན་འཛིན་བྲལ་བའི་བདེ་བ་ཆེན་པོར་རོལ་ཞིང་ནང་གི་སྦྱིན་སྲེག་གི་ཚུལ་དུ་ལོངས་སྤྱོད་པར་བྱའོ། །གསུམ་པ་ལྷག་མ་ནི། ལྷག་མ་གསོག་འཇོག་མེད་པ་ཕྱོགས་གཅིག་བསྡུས་ཏེ། ཕུད་ལྷག་མཆོད་པའི་རས་མ་བཅས་བཤམ་ལ་སྨན་རག་གིས་བྲན། སྤྱི་ལྟར་དམ་བསྒྲགས་ནས་གཅིག་ཏུ་བསྲེ་སློབ་དཔོན་གྱི་ལྕེ་རྟ་མགྲིན་ཡབ་ཡུམ་དུ་གསལ་བྱང་སེམས་བབ་པར་མོས་པས་ཁ་ཕྲུ་གདབ་སྟེ་དཀྱིལ་འཁོར་གྱི་བྱང་ཤར་དུ་བཤམ། དཔལ་ཆེན་པོའི་བྲན་དང་བཀའ་ཉན་མངག་གཞུག་ཕོ་ཉའི་ཚོགས་སུ་གྱུར་པ་དབང་ཕྱུག་ཉེར་བརྒྱད། མཁའ་འགྲོ་སུམ་ཅུ་རྩ་གཉིས་གིང་དང་ལང་ཀ་མ་སྲིང་འབར་མའི་ཚོགས་དང་གཞན་ཕྲ་མེན་ཤུགས་འགྲོ་གནོད་སྦྱིན་གྱི་རིགས་སུ་གྱུར་པ་རྣམས་སྔོན་དཔལ་ཆེན་པོའི་སྤྱན་སྔར་རྡོ་རྗེའི་བྲོ་བོར་ཞིང་། ཇི་ལྟར་དམ་བཅས་པའི་ཞི་རྒྱས་དབང་དང་མངོན་སྤྱོད་དྲག་པོའི་ཕྲིན་ལས་མ་ལུས་པ་འགྲུབ་པར་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་ནས་ལྷག་གཏོར་གོམས་པ་བདུན་ཅུའི་སར་བསྐྱལ་ལོ། །བཞི་པ་སྨོན་ལམ་ནི། གཞི་ལམ་འབྲས་བུ་ཆོས་ཐམས་ཅད་ངོ་བོ་དབྱེར་མེད་མི་བསླུ་བའི་ཕྱིར་ཆོས་ཉིད་ཀྱི་བདེན་པ། དེ་ལྟར་རྟོགས་ལ་ཐེག་དམན་བློ་ཆུང་ལ་གསང་ཞིང་གསང་སྔགས་བླ་མེད་ལ་རག་ལས་པས་གསང་སྔགས་ཀྱི་བྱིན་བརླབ་བོ། །དེའང་བླ་མའི་བྱིན་རླབས་དང་མན་ངག་གིས་རྟོགས་པར་བྱེད་དགོས་པས་སངས་རྒྱས་ཀྱི་མཐུའོ། །ཉམས་ལེན་སྐབས་སྨིན་གྲོལ་གྱི་ལམ་ལ་ཞུགས་དགོས་པ་ཨ་བྷི་ཙརྻའི་དུས་ལ་བབས། དེ་ནི་འཁོར་བའི་སྡུག་བསྔལ་དང་ཐེག་དམན་གྱི་འབྲས་བུ་ལས་འབྱིན་པས་ན་བརྣག་པ་དེ་ཁོ་ན་ལའོ། །དེ་ལྟར་གསང་སྔགས་ཀྱི་སྤྱོད་པའི་མཐུས་བྱིན་གྱིས་བཅོམ་ལྡན་འདས་ཀྱི་སྐུ་གསུང་སོགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་པའི་སྐལ་པ་དང་མཉམ་པར་གྱུར་ཅིག་ཅེས་པ་བརྗོད། ལྔ་པ་བཟོད་གསོལ་ནི། དཔལ་ཆེན་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། བདག་ཉམ་ཆུང་དགོངས་སྤྱོད་གདེང་དུ་མ་གྱུར་པ་སོགས་རྩ་བའི་སྐུ་གསུང་ཐུགས་དང་ཡན་ལག་ཉེར་ལྔ་ཐུན་མོང་སྤྱིའི་དམ་ཚིག་དང་། སྒྲུབ་པ་ཁྱད་པར་གྱི་ཉི་ཤུ། སྤྱོད་པ་རྒྱུན་གྱི་བཞི། གལ་མདོ་ངེས་པའི་དམ་ཚིག་གསུམ་སོགས་བག་མེད་དང་ཉོན་མོངས་དབང་གིས་ཉམས་ཆག་ཏུ་གྱུར་པ་ཅི་མཆིས་ཐམས་ཅད་མི་གསང་མི་སྦེད་གནོང་འགྱོད་དྲག་པོས་བཤགས་ན་བཟོད་པ་དམ་པ་གསོལ། ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པར་མི་འགྱུར་བར་དག་ཅིང་ཚངས་པ་ཆེན་པོས་དངོས་གྲུབ་སྩོལ་ཞེས་ཡིག་བརྒྱ་བརྗོད། དྲུག་པ་གཏོར་མ་ལ་གསུམ་ལས། དང་པོ་བརྟན་མ་བསྐྱང་བ་ནི། གཏོར་མ་ཕྱིར་བསྣུར་སྨན་རཀ་གིས་བྲན། བརྟན་ཞིང་ཆགས་པའི་བརྟན་མ་སྟེ་བོད་ཁམས་སྐྱོང་བའི་གཙོ་མོ་བཅུ་གཉིས་ནི། བདུད་མོ་བཞི། གནོད་སྦྱིན་མ་བཞི། སྨན་མོ་བཞི་སྟེ་རང་རང་གི་གཡོག་འཁོར་སྨན་ཕྲན་འབུམ་ཕྲག་དང་བཅས། ཕྱི་ལྟར་ཞིང་སྐྱོང་ཌཱ་ཀི། ནང་ལྟར་རྩ་རླུང་ཐིག་ལེ། གསང་ལྟར་རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་བདེན་དོན་བཅུ་གཉིས་ཀྱི་ངོ་བོ་སྟེ་ཁྱེད་ཅག་སྔོན་གྱི་ཐ་ཚིག་ལ་གནས་པའི་ཡལ་གམ་ཅན་ཏེ་སློབ་དཔོན་པདྨ་ཐོད་ཕྲེང་དང་། སློབ་མ་གླང་ཆེན་དཔལ་སེང་གིས་མོན་ཁ་ནེ་རིང་རྫོང་གསུམ་དུ་ཞིང་ཆེན་པགས་པའི་གདན་བཏིང་། དབང་བསྐུར་ནས་རྣལ་འབྱོར་གྱི་གྲལ་ལ་བཞག་ཐར་པ་ཐོབ་པའི་ལུང་བསྟན་གསང་མཚན་བཏགས། ཕྱི་རབས་སྒྲུབ་པ་པོ་རྣམས་ལ་ཕན་གདགས་ཕྱིར་བྲན་གཡོག་མངག་གཞུག་ཚུལ་དུ་ཁས་བླངས་པ་ཡིན་ན་སྔོན་གྱི་དམ་ལས་མ་འདའ་བར་འདིར་བྱོན་ཏེ། བཀའ་ཡི་གཏོར་མ་ལོངས་ལ། བོད་ཁམས་མཐའ་དམག་གདུག་པའི་རྒྱུ་འགྲུལ་གཅོད་པ་སོགས་ཇི་ལྟར་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད་ཅིག །ཅེས་གཏོར་མ་གཟའ་རྒྱུ་ཕྱོགས་དང་བསྟུན་ཏེ་བཏང་ངོ་། །གཉིས་པ་ཟོར་བསྐུལ་བ་ནི། དཔེར་ན་ཕ་རོལ་གྱི་གཡུལ་ལས་རྒྱལ་བའི་ཕྱིར། དམག་བསྡུས། གོ་བསགས། མཚོན་བརྡར་བའི་སྒོ་ནས་འཐབ་པའི་སྦྱོར་ཆོག་ཐམས་ཅད་ཟིན་པའི་འོག་ཏུ་གང་གཡུལ་བཀྱེ་བའི་སར་སོང་སྟེ་དགྲ་དང་གཡུལ་སྤྲད་པ་ལྟ་བུ་སྟེ། དགྲ་བགེགས་བྱད་མའི་མཐུ་སྟོབས་གཞོམ་ཕྱིར་དུ་རྫས་སྔགས་དམིགས་པའི་འཕྲུལ་འཁོར་ཐམས་ཅད་ཚོགས་པར་བྱས་ནས་ལས་ལ་སྦྱར་བ་ཡིན་ཀྱང་། དཀྱུས་ཙམ་དུ་གཏོར་མ་དེ་ཉིད་ནད་དུག་མཚོན་ཆའི་ཕུང་པོར་དམིགས་ཏེ་དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པའི་དམག་དཔུང་དང་བཅས་པས་བཏེག་སྟེ་གང་ལ་དམིགས་པའི་དགྲ་དང་བགེགས་ཀྱི་ཕྱོགས་སུ་འཕང་བར་མོས་ལ་ཟོར་བསྐུལ་དང་སྔགས་བཟླས། དགྲ་བགེགས་དམ་སྲི་རྒྱབ་རྟེན་ལྷ་སྲུང་དང་བཅས་པའི་ལྔ་ཕུང་རྡུལ་དུ་བརླགས་ནས་རྣམ་ཤེས་བདེ་བ་ཆེན་པོ་ལ་སྦྱོར་བར་མོས་པའོ། །གསུམ་པ་བྲོ་བརྡུང་བ་ནི། གཏོར་གཞོང་རི་རབ་གསལ་བའི་འོག་ཏུ་གནོད་བྱེད་དམ་སྲི་རྒབ་འདྲེ་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་བཀུག་ནས། རྣལ་འབྱོར་པ་རྣམས་དཀྱིལ་འཁོར་གསུམ་དུ་གསལ་ཞིང་ལག་པ་ལུག་རྒྱུད་དུ་སྦྲེལ་ལ། རྡོ་རྗེ་རྒྱ་མདུད་ཀྱི་བྲོ་དངོས་སུ་འཁྲབ་བམ་ཡིད་ཀྱིས་མོས་པས། དཔལ་ཆེན་པོའི་ལྷ་ཚོགས་སྟོང་གསུམ་གང་བར་བྱོན་ནས་ཞལ་ནས་ཕུར་པའི་འཛབ་དབྱངས་བཅས་ཐབས་ཤེས་དབྱེར་མེད་ཀྱི་བྲོ་བརྡུངས་པས་དགྲ་བགེགས་དམ་སྲིའི་ཚོགས་རྣམས་ཕྱེ་མར་བརླགས་པས་བྱང་ཆུབ་ཀྱི་སེམས་མ་སྐྱེས་ཀྱི་བར་དུ་དེ་ཉིད་ནམ་ཡང་ལྡང་བ་མེད་པར་མོས་ལ་གནས་ལུགས་ལྟ་བའི་རྒྱས་གདབ་པས་སྣང་སྲིད་གཡོ་འགུལ་མེད་པར་བསམ་མོ། །བདུན་པ་དཀྱིལ་འཁོར་བསྡུ་བ་ནི། སྣང་སྲིད་ཐམས་ཅད་འོད་དུ་ཞུ། གཞལ་ཡས་ཁང་ལ་ཐིམ་པ་སོགས་མཐར་མི་དམིགས་པའི་ངང་ལ་བཞག་པས་རྟག་མཐའ་བསལ་ཏེ། ཕྱི་བཟུང་བའི་ཡུལ་གྱི་སྣང་གྲགས་སོགས་བདེན་འཛིན་མེད་པས་རང་བཞིན་གྱིས་སྟོང་པ། ནང་འཛིན་སེམས་ལ་བལྟས་པས་གཞི་མེད་རྩ་བྲལ། རྟོགས་མཁན་རིག་པ་ལ་བལྟས་ཀྱང་མཐོང་བྱ་མཐོང་བྱེད་གཉིས་མེད་སོ་སོར་རང་རིག་ལས་ཅུང་ཟད་ཙམ་ཡང་མེད་པ་འདི་ནི་ལྟ་བ་རང་བྱུང་གི་ཡེ་ཤེས་ཡིན་པར་ཐག་ཆོད་ལ༑ དེའི་ངང་ལ་གནས་པ་སྒོམ་པ། མི་འབྲལ་བ་སྤྱོད་པ། མངོན་གྱུར་འབྲས་བུ་སྟེ་དེ་བཞིན་དབྱེར་མེད་ཆོས་ཉིད་མཉམ་ཀློང་ཡངས་པའི་ངང་དུ་གཟུང་འཛིན་ཐམས་ཅད་རང་ཤར་རང་གྲོལ་བར་འགྱུར་རོ། །བརྒྱད་པ་རྒྱུན་གྱི་ཏིང་འཛིན་ནི། ཕཊ་གསུམ་བརྗོད་པས་སྟོང་གསལ་གྱི་ངང་ལས་ཆུ་ལས་ཉ་ལྡང་བའི་ཚུལ་དུ་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཐུགས་སྲོག་སེམས་དཔའ་ས་བོན་དང་བཅས་པ་ལམ་གྱིས་གསལ་བཏབ་པས་ཆད་མཐའ་བསལ་ཞིང་། ཕྱི་ནང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་སོགས་དོན་དམ་པར་སྐྱེ་མེད་ཆོས་སྐུའི་རང་བཞིན་ལ། ཀུན་རྫོབ་ཏུ་གཞལ་ཡས་ཁང་ལྷ་དང་ལྷ་མོའི་རང་བཞིན་བདེན་གཉིས་དབྱེར་མེད་ཆོས་ཉིད་ལ་ཆོས་ཉིད་དམ། ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་ཟ་ཉལ་འགྲོ་འདུག་སོགས་སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་ལམ་ཁྱེར་བྱའོ། །དེ་ལྟར་བརྩོན་པས་བྱང་ཆུབ་སྒྲུབ་པའི་བར་ཆད་ཞི་ཞིང་ལས་བཞི་གྲུབ་པ་བརྒྱད་སོགས་ཐུན་མོང་དང་མཆོག་གི་དངོས་གྲུབ་གཞི་འབྲས་དབྱེར་མེད་སྐུ་ལྔ་ཡེ་ཤེས་དགུ་ལྡན་དཔལ་རྡོ་རྗེ་གཞོན་ནུའི་དགོངས་པ་མངོན་དུ་བྱེད་པར་འགྱུར་རོ། །དེ་ལྟར་སྤྱི་དོན་གྱི་རྣམ་བཞག་དང་། ལས་བྱང་གི་བསྒོམ་དོན་ཅུང་ཟད་བཀོད་པ་འདི་ལ་ལས་དང་པོ་པ་རྣམས་ཀྱིས་ཐོག་མར་འདི་ཙམ་གོམས་འདྲིས་ཐོན་པར་བྱས་ནས་སླད་ནས་རྒྱུད་གཞུང་མན་ངག་རྣམས་ལ་ཡོངས་སུ་གོམས་འདྲིས་ཐོན་པར་བྱ་བ་གལ་ཆེའོ། །ཞེས་པ་འདིའང་ཐོས་བསམ་ཁོ་ནས་འཆད་རྩོད་རྩོམ་པ་མཛུབ་མོས་རི་སྟོན་ལྟ་བུ་མ་ཡིན་པར་སྒོམ་བྱུང་གི་ཤེས་རབ་ཟབ་མོ་གོམས་སྟོབས་ཀྱིས་ཉམས་མྱོང་སྒོམ་ཁྲིད་དང་གོ་བསྟུན་ཏེ་དེང་སང་མཁས་གྲུབ་ཡོངས་ཀྱི་དཔལ་དུ་གྱུར་པ། ༧ཟེ་ཆེན་རྒྱལ་ཚབ་རིན་པོ་ཆེས་མཛད་པའི་ཕུར་པ་ཡང་གསང་སྤུ་གྲིའི་རྣམ་བཤད་རིག་འཛིན་ཞལ་ལུང་ནང་གསལ་ལྟར་མཆེད་གྲོགས་རྣམས་ལ་ཅུང་ཟད་འཆད་ཁུལ་རློམ་པའི་སྐབས་མི་བརྗེད་དྲན་འཛིན་ཐོབ་ཕྱིར་འདི་ལྟར་བྲི་དགོས་ཞེས་རྣམ་རིག་མཆོག་ཏུ་བཀྲ་བ་ཉམས་རྟོགས་ཡོན་ཏན་གྱི་གེ་སར་གསར་དུ་བཞད་པ་སྒྲུབ་གྲྭ་སངས་རྒྱས་རྡོ་རྗེ་ལགས་ནས་ལྷ་རྫས་རབ་དཀར་རྡོར་དྲིལ་ཆུང་ངུ་བཅས་དུས་ཚེས་དགེ་བའི་ཉིན་བསྐུལ་ངོ་མ་ལྡོག་ཙམ་དུ། ༧གྲུབ་སྲས་ཨ་བུ་ཧྲལ་པོས་བྱ་རྫོགས་སྐད་ཅིག་གིས་ཟིན་བྲིས་སུ་བཏབ་པ་ཡིན་པས་ཁྱེད་རྣམས་ཀྱི་ཡིད་ལ་ངེས་ཤིང་། བདུད་བཞིའི་བར་ཆད་ཞི་ནས་བསྐྱེད་རྫོགས་ཀྱི་བརྟན་པ་ཐོབ་པའི་མཐུན་རྐྱེན་དུ་འགྱུར་བར་ཤོག་ཅིག། །།  [[Category:Wyckibaat]]
རིགས་ལྔ་ཁྲག་འཐུང་འདུས་པའི་སྤྱི་དཔལ་ཆེ། །ཉོན་མོངས་དགྲ་བགེགས་འཇོམས་མཛད་ཕྲིན་ལས་རིགས། །གང་འདུལ་ཁྲོ་བོའི་རྣམ་རོལ་ཉམས་བརྒྱས་སྒེག །རྡོ་རྗེ་གཞོན་ནུ་ཁྲོ་བཅུ་སྲས་འཁོར་བཅས། །མི་ཕྱེད་དད་པས་ལྷག་པའི་ལྷ་རུ་བཟུང་། །མཆོག་ཐུན་གྲུབ་པ་བརྙེས་པའི་དགེ་ལེགས་སྩོལ། དེའང་དང་པོ་སྒྲུབ་དགོས་པའི་དོན་སྤྱི་ནི། ལྷ་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་བདུད་དགའ་རབ་དབང་ཕྱུག་དང་བཙུན་མོ་པདྨའི་ཕྲེང་བ་ཅན་གཉིས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དེ་ཡིས་སེམས་ཅན་མང་པོ་བྱང་ཆུབ་ལམ་ལ་བཀོད་ནས་འཁོར་འབངས་ཟད་ཀྱིས་དོགས་ནས་མཆོག་ཐུན་གྱི་གྲུབ་པ་བརྙེས་པ་ལ་བར་ཆད་རྩོམ་པར་བྱེད་དེ་རྣལ་འབྱོར་པ་ལམ་གྱི་རྟགས་ཐོན་པ་རྣམས་ལའང་དངོས་སུ་བར་ཆད་རྩོམ། དེ་མན་ཆད་ལ་བདུད་ཀྱིས་བྱིན་གྱིས་བརླབས་ཤིང་བློ་བསྒྱུར་བར་བྱེད་དེ་བླ་མ་མཆེད་དང་། དད་པ་དམ་ཚིག་ཆོས་དང་ལྟ་སྒོམ་སྤྱོད་པ་སོགས་ལ་བློ་ལྡོག་པར་བྱེད་ནས་སྡིག་གྲོགས་དང་འདུ་འཛི་རྣམ་གཡེང་ལ་དགའ། རྒྱུ་འབྲས་འཆོལ་བར་སྤྱོད་དེ་ལས་ཀྱི་མཐའ་ལོག་འོང་། གཞན་བརླབས་ཏེ་གཉེན་འདུན་དང་འཁོར་སློབ། ཡོན་བདག་ཏུ་བརྫུས་ཏེ་ཆོས་ལས་ལྡོག་པ་དང་། དགྲ་ཀུན་དང་མི་མ་ཡིན་རྣམས་ལ་གནོད་འཚེ་བྱེད་དུ་འཇུག་པ་སོགས་ཆོས་སྒྲུབ་པ་ལ་བར་དུ་གཅོད་པ་སྒོ་དུ་མ་ནས་འབྱུང་སྟེ། དེ་བཟློག་པ་ལ་དང་པོ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་ལ་ཞི་དུལ་སྤྱོད་པས་གྲོལ་ལོ། །དེས་མ་གྲོལ་ན་བདུད་དུ་བལྟས་ཏེ་འདུལ་བ་ལ་རྡོ་རྗེ་ཕུར་པ་ལས་ལྷག་པ་གཞན་མེད་པས་ཡི་དམ་མམ་སྲུང་མའི་ཚུལ་དུ་སྒྲུབ་དགོས་ཤིང་། དེ་ལྟར་བསྒྲུབ་བྱ་ལྷ་ཡི་ངོ་བོ་སོགས་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཆོས་ཀྱི་དབྱིངས་སུ་མི་དམིགས་པ་ཡིན་ལ། ངེས་ཚིག་ནི་རྡོ་རྗེ་ཅེས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པ་སྟེ། གཞན་གྱིས་ཚུར་མི་ཆོད་པ། མི་ཤིགས་པ། རྐྱེན་གྱིས་མི་འགྱུར་བས་བདེན་པ། སྲ་བ། བརྟན་པ། མཚན་འཛིན་རྟོག་པ་ཐམས་ཅད་ཕར་འཇོམས་པ་ལ་ཐོགས་པ་མེད་པ་ཐམས་ཅད་ཀྱིས་ཕམ་པར་མི་ནུས་པའི་མཐུ་དང་ལྡན་པའོ། །གཞོན་ནུ་ནི་གཞི་ལམ་འབྲས་བུ་གང་གི་སྐབས་སུའང་ངོ་བོ་ལ་འཕོ་འགྱུར་བགྲེས་རྒུད་མེད་པ། སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་རང་བཞིན་དུ་གནས་པའི་དོན་ནོ། །དེའི་ཡབ་ནི་སངས་རྒྱས་ཐམས་ཅད་འདུས་པའི་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །ཡུམ་ནི་ཀུན་བཟང་རྣམ་ཞལ་དབྱིངས་ཕྱུག་མ་ཡིན། རིགས་ནི་སྤྱིར་རིགས་ལྔ་ཁྲག་འཐུང་ཐམས་ཅད་འདུས་པའི་སྤྱི་དཔལ་ཡིན་ཞིང་བདག་འཛིན་ཉོན་མོངས་དང་རུ་ཏྲ་བདུད་སོགས་འཇོམས་པའི་ཕྱིར་ཁྲོ་བོ་ཀརྨ་ཧེ་རུ་ཀ་སྟེ་ཕྲིན་ལས་ཀྱི་རིགས་སུ་གཏོགས། སྐུ་ཡང་ཞི་བའི་དུས་རྡོ་རྗེ་སེམས་དཔའ། ཕྱི་ཀྲི་ཡོག་དུས་རྣམ་འཇོམས། བྱང་སེམས་དུས་ཕྱག་རྡོར་ཡིན་ལ། བྱེ་བྲག་ཏུ་སྐུ་ཡི་འདུལ་བར་གཤིན་རྗེ། གསུང་གི་པདྨ་དབང་ཆེན། ཐུགས་ཀྱི་བཛྲ་ཧེ་རུ་ཀ །ཡོན་ཏན་ཆེ་མཆོག །ཕྲིན་ལས་ཀཱི་ལ་ཡ། གཟི་བརྗིད་བླ་མེད་མངོན་རྫོགས། དྲག་པོ་དྲེགས་པ་ཀུན་འདུལ། སྟོབས་ཀྱི་སྟོབས་ལྡན་ནག་པོ། བྱིན་རླབས་བླ་མ་རིག་འཛིན། འདོད་ཡོན་ཨ་པ་ར་ཛི་ཏ། སྲུང་བ་མི་གཡོ་དཀར་པོ། བཟློག་པ་གཙུག་ཏོར་རྣམ་རྒྱལ་མ་སོགས་གང་ལ་གང་འདུལ་དུ་སྣང་བར་མཛད་ཅིང་། སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཀྱང་། གསང་རྒྱུད་ལས། དབུ་སྟོང་ཕྱག་སྟོང་སྤྱན་བྱེ་བ་མངའ་བ། མྱང་འདས་ལས་དབུ་དགུ་ཕྱག་བཅོ་བརྒྱད། རྩ་རྒྱུད་རྡོ་རྗེ་ཁྲོས་པ་སོགས་ལས་ཞལ་གསུམ་ཕྱག་དྲུག་གམ། ཞལ་བཞིའམ། ཞལ་གཅིག་ཕྱག་གཉིས་སོགས་ངེས་མེད་གདུལ་བྱའི་དབང་གིས་སོ་སོར་སྣང་བའོ། །དེ་ལྟར་སྒྲུབ་པ་ལ་དང་པོ་དགོས་དོན་རྣམ་པ་དྲུག་གི་ཁོག་དབུབ་པ་ལ། དང་པོ་ནི་ད་ལྟར་གྱི་སྣང་བ་སྣ་ཚོགས་འདི་ཡེ་ཤེས་རིག་པའི་རང་རྩལ་ཡིན་པའི་ཕྱིར་རྟགས་ལྷ་ཡི་ཕྱག་རྒྱར་རྫོགས། སྣང་བའི་དུས་ཉིད་ངོ་བོ་སྟོང་པ་སྤྲོས་བྲལ་ལས་མ་གཡོས་པའི་དབྱིངས་ཏེ་དོན་ཆོས་ཉིད་དུ་རྫོགས། སྣང་སྟོང་ཐ་མི་དད་པ་ངོ་བོ་དབྱེར་མེད་བརྗོད་བྲལ་མཉམ་ཉིད་དུ་གནས་པ་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་སུ་རྫོགས་ཏེ་དེ་ནི་དབྱིངས་ཡེ་དབྱེར་མེད་ཨ་ཏི་ཡོ་གའི་ལྟ་བ་མཐར་ཐུག་ཡིན་ནོ། །གཉིས་པ་སྒོམ་པའི་དྲོད་བཙལ་བ་ནི། ཏིང་འཛིན་གསུམ་གྱི་འོད་འཕྲོས། ཕྱི་ཡུལ་འབྱུང་ལྔ་ཡུལ་ལྔའི་རང་བཞིན་གཞལ་ཡས་ཁང་དང་། བྱེ་བྲག་ཕྱི་ཕུར་པ་ལ་ནང་གཞལ་ཡས་ཁང་སྟེ། དབལ་ངན་སོང་གསུམ། རྒྱ་མདུད་གོང་མར་འདོད་ཁམས་གནས་རིགས། ལྕུམ་གཞོག་སྨད་གཟུགས་ཁམས། སྟོད་གཟུགས་མེད་ཁམས། རྒྱ་མདུད་འོག་མར་ཆེ་མཆོག་ཁྲོ་བོའི་བཞུགས་གནས་དང་། ནང་བཅུད་སེམས་ཅན་ཐམས་ཅད་ཀྱང་རྡོ་རྗེ་གཞོན་ནུ་རྩ་བའི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོ། ཕུར་པ་སྲས་ཀྱི་དཀྱིལ་འཁོར་ཏེ། དེ་དག་གི་སྲོག་སྙིང་གི་དཀྱིལ་དུ་ཡེ་ཤེས་སེམས་དཔའ་ཐུགས་སྲོག་ས་བོན་ཙིཏྟའི་སྒོ་སྲུང་དང་བཅས་པ་བསྒོམ། གསུམ་པ་སྤྱོད་པའི་བོགས་དབྱུང་བ་ནི། ཕྱི་ནང་འབྱུང་བ་བསྡུས་པའི་སྣང་བ་ཐམས་ཅད་ཆེ་མཆོག་སྐུ་ཡི་དཀྱིལ་འཁོར་ཡིན་པར་ཤེས་པས། ཆགས་སྡང་གཟུང་འཛིན་གྱི་ཡུལ་མེད། སྒྲ་སྐད་ཀཱི་ལ་ཡ་ཆོས་ཉིད་ཀྱི་རང་སྒྲ་ཤེས་པས་སྙན་མི་སྙན་གྱི་འཛིན་པ་ལས་གྲོལ། དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་རང་རྩལ་ཤེས་པས་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ་མི་འཁྲུགས་ཤིང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་བྱམས་དང་སྙིང་རྗེས་གང་ལ་གང་འདུལ་ཕྲིན་ལས་ཐབས་ལ་མཁས་པའི་སྤྱོད་པ་ལ་བསླབ་པར་བྱའོ། །བཞི་པ་དབང་གི་གདེང་བཙལ་བ་ནི། གོང་སྨོས་ལྟ་སྒོམ་སྤྱོད་གསུམ་རྒྱུད་ཐོག་ཏུ་ཁེལ་བས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་དུས་གཅིག་ཏུ་རྫོགས་ཏེ་དབང་དང་བྱིན་རླབས་ཐམས་ཅད་ཀྱི་མཆོག་ཡིན་ཞིང་གཞན་དག་ཕྱི་ནས་བསྐུས་པ་དང་འདྲ་བར་གསུངས་སོ། །ལྔ་པ་དམ་ཚིག་གི་དོན་ལས་མི་འདའ་བ་ནི། རྟོགས་གོམས་གདེང་དུ་གྱུར་པའི་ཀུན་ཁྱབ་སྙིང་རྗེ་ཆེན་པོས་མཚམས་སྦྱར་ཏེ་གདུལ་དཀའི་སེམས་ཅན་རྣམས་དྲག་པོ་མངོན་སྤྱོད་ཀྱིས་བསྒྲལ་ཏེ་ཕུང་པོ་ལྷར་བསྐྱེད། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྲེ་ཞིང་སྟོང་ཉིད་སྙིང་རྗེ་འབྲེལ་བའི་ལས་གང་རྩོམ་དོན་ཆེན་པོ་དང་ལྡན་ཞིང་ཕར་ཐེབ་ལ་ཚུར་མི་ལྡོག་པའི་མན་ངག་དམ་ཚིག་ཐམས་ཅད་ཀྱི་མཆོག་ཡིན་ནོ། །དྲུག་པ་འབྲས་བུ་ལ་བཟླ་བ་ནི། ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་རང་གསལ་བས་སྤྲུལ་སྐུ། གསལ་དུས་ཉིད་ནས་སྤྲོས་དང་བྲལ་བས་ཆོས་སྐུ། དབྱེར་མེད་བདེ་བ་ཆེན་པོ་ལོངས་སྐུ། ཡེ་ནས་མ་བཅོས་རང་བཞིན་དུ་བཞུགས་པ་ངོ་བོ་ཉིད་སྐུ། དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཕོ་འགྱུར་མེད་པར་གནས་པས་མི་འགྱུར་རྡོ་རྗེའི་སྐུ་སྟེ་རྟོགས་གོམས་མཐར་ཕྱིན་པའི་འབྲས་བུའོ། །དེས་ནི་དཔེ་ཡིད་བཞིན་གྱི་ནོར་བུ་ལག་ཏུ་ལོན་པ་ལྟར་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །གཉིས་པ་ཐལ་འབྱིན་རྣམ་བཞིའི་སྤྱི་དོན། གདབ་པར་བྱ་བའི་རྫས་བཞི། འདེབས་བྱེད་གང་ཟག་བཞི། གདབ་པར་བྱ་བའི་ཐབས་བཞི། གདབ་བྱའི་ཡུལ་བཞི། ཐེབས་པའི་རྟགས་དང་ཕན་ཡོན་བཞི། མ་ཐེབས་པའི་སྐྱོན་བཞི་བཤད་པ་ནི། ཕུར་ནི་སྐྱེ་བ་མེད་པ། པ་ནི་འགག་པ་མེད་པ། ཕར་ཐེབ་ལ་ཚུར་མི་ལྡོག་པས་ཕུར་པ་ཅེས་བྱ་སྟེ། དེ་འདེབས་མཁན་གྱི་གང་ཟག་བློ་ཡངས་ཤིང་ཤེས་རབ་ཆེ་བས། རྒྱུ་ནི་རང་རིག་ཡེ་ཤེས་ཀྱི་ཕུར་པ། གདབ་པའི་ཡུལ་ཆོས་ཀྱི་དབྱིངས། ཐེབས་པའི་ཚད་འཁྲུལ་སྣང་ཐལ་འབྱིན་དུ་ཕུག་ཅིང་དབྱིངས་ཡེ་དབྱེར་མེད་ཆོས་སྐུ་ཐོབ་བོ། །མ་ཐེབས་པའི་སྐྱོན་འཁོར་བར་འཁྱམ་མོ། །འདོད་ཆགས་ཆེ་ཞིང་བརྩོན་འགྲུས་ལྡན་པས། རྒྱུ་ནི་ཡབ་ཀྱི་བྱང་སེམས་ཀྱི་ཕུར་པ། གདབ་ཡུལ་ཡུམ་གྱི་མཁའ་གསང་། ཐེབས་པའི་ཚད་སྣང་སེམས་མ་དག་དབྱིངས་སུ་ནུབ་ཅིང་སྤྲུལ་པའི་སྲས་མཆོག་འབྱིན་ནས་བདེ་སྟོང་དབྱེར་མེད་ལོངས་སྐུ་ཐོབ། མ་ཐེབས་འཁོར་བའི་རྨང་རྡོ་བྱེད་དོ། །དད་པ་དང་སྙིང་རྗེ་ཆེ་བས་རྒྱུ་ནི་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཕུར་པ། གདབ་ཡུལ་རིགས་དྲུག་གི་སེམས་ཅན། ཐེབས་པའི་ཚད་རང་འདོད་ཀྱི་འཁྲི་བ་ཆོད་ཅིང་སྲིད་པར་མི་གནས་ཞི་བར་མི་གོལ་བའི་འགྲོ་དོན་ནུས་པའི་སྤྲུལ་སྐུ་ཐོབ། མ་ཐེབས་པའི་སྐྱོན་ལས་ཀྱི་སྲིན་པོར་གོལ་བའོ། །ཞེ་སྡང་དང་གནག་པ་ཆེ་བས། རྒྱུ་ནི་གསེར་དངུལ་ཟངས་ལྕགས་ཀྱི་ཕུར་པ། གདབ་ཡུལ་ནད་གདོན་དབུལ་ཕོངས་དགྲ་བགེགས་དང་ཉམས་པ་བདུན་ལྡན་ཞིང་བཅུ་ཚང་བའི་ཚོགས་ལ། ཐེབས་པའི་ཚད་རྣམ་སྨིན་ལས་ངན་གྱི་སྐྱེ་རྒྱུན་ཆད་ཅིང་སྒྲོལ་བར་ནུས་པ་དང་། སྣང་སྲིད་ཕུར་པའི་དཀྱིལ་འཁོར་མངོན་དུ་གྱུར། མ་ཐེབས་པའི་སྐྱོན་བསྟན་པ་སྲུང་བར་མི་ནུས་པའོ། །དེ་ལྟར་སྒྲུབ་ཅིང་གདབ་པའི་དགོས་ཆེད་དང་ཕན་ཡོན་ནི་བར་ཆད་ཐམས་ཅད་ཞི་ཞིང་ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པ་དང་འབྲས་བུ་སྐུ་བཞི་སོགས་ཐོབ་པར་བྱེད་དོ།།  ༈  །།སྒྲུབ་ཐབས་ལས་ཀྱི་རིམ་པའི་སྒོམ་དོན་སྙིང་པོ་མདོར་བསྡུས་བརྗོད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་སྟེ། དང་པོ་སྔོན་འགྲོ་ལ་བདུན་ལས། ཕྱི་མཚམས་རྒྱལ་ཆེན་གྱི་ཐོ་བཙུགས་པས་རྣམ་གཡེང་ཞི། ནང་མཚམས་སྐྱབས་སེམས་ནས་རང་སེམས་ཆོས་སྐུའི་ངང་ལས་སྐད་ཅིག་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་ཚོགས་འཕྲོས་པས་བདུད་བགེགས་ལོག་འདྲེན་ཚར་བཅད། སླར་འདུས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་གཏམས་པས་བསྐལ་པའི་རླུང་ཡང་མི་ཐར་བར་བསམ་པས་བར་ཆད་ཞི། གསང་མཚམས་བར་དུ་བཅད་བྱ་གཅོད་བྱེད་གཅོད་པ་པོ་ཐམས་ཅད་རང་སེམས་འཁྲུལ་བའི་རྣམ་རྟོག་ཏུ་ཐག་ཆོད་དེ་སེམས་ཉིད་སྟོང་གསལ་ཆོས་སྐུའི་ངང་དུ་བཞག་པས་མི་ཤིགས་རྡོ་རྗེའི་མཚམས་ཏེ་རང་སེམས་ཆོས་སྐུར་གནས་པའི་དགོས་པ་ཡོད་དོ། །གཉིས་པ་ལྷ་དང་འཁོན་གཅུགས་སྦྱང་བའི་བཤགས་པ་ནི། བླ་མ་རིག་འཛིན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་མདུན་མཁར་གསལ་ལ་ཐོག་མེད་ནས་བདག་འཛིན་དབང་གིས་རྩ་བ་ཡན་ལག་གི་དམ་ཚིག་འགལ་ཉམས་སོགས་གནོང་འགྱོད་དྲག་པོས་བཤགས་པས་བྱང་ཞིང་དག་ནས་ཐུགས་ཀྱིས་དགོངས་ནས་བྱིན་གྱིས་རློབ་པའི་གནས་སུ་རུང་བར་མོས། གསུམ་པ་གནས་ངན་གྱི་རྟོག་པ་བསལ་ཕྱིར་བརྡ་སྒོ་དབྱེ་བ་ནི། སྔགས་བརྗོད་པའི་རྐྱེན་གྱིས་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དབྱིངས་སུ་སྦྱངས་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ཤག་གིས་བྱེ་ནས་ཞུགས་པས་རང་བྱུང་གདོད་མའི་ལྷ་དང་མཇལ་བར་མོས། བཞི་པ་ཆེ་ཆུང་བཟང་ངན་གྱི་རྟོག་པ་བསལ་ཕྱིར་བརྡའ་ཕྱག་ནི། ཀུན་རྫོབ་ཏུ་ལྷ་དང་སློབ་དཔོན་རྡོ་རྗེའི་མཆེད་དཀྱིལ་འཁོར་སོགས་ལ་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཞིང་། དོན་དམ་པར་ཕྱག་འཚལ་ཡུལ་འཚལ་མཁན་གཉིས་སུ་མེད་པར་མོས། ལྔ་པ་རྒྱལ་བའི་གདུང་འཚོབ་པའི་ཕྱིར་དམ་བཅའ་བ་ནི། ལྷག་པའི་ལྷ་ཡི་སྤྱན་སྔར་དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གཟུགས་ཀྱི་སྐུ་གཉིས་ཀྱིས་འགྲོ་དོན་རྩོམ་པའི་དམ་བཅའ་བཟུང་བར་མོས། དྲུག་པ་བྱིན་དབབ་པ་ནི། གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་སྒྲུབ་པ་དང་། དབྱིངས་ཡེ་དབྱེར་མེད་ཆོས་སྐུ་མཉམ་པ་ཆེན་པོའི་ངང་ལས། གང་འདུལ་ལྷ་ཡི་ཚོགས་ཀྱི་ཐུགས་དམ་གནད་ནས་བསྐུལ་ཏེ་སྦྱོར་མཚམས་རྣམས་ནས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་དཔག་ཏུ་མེད་པ་བབས་པས་སྒོ་གསུམ་གྱི་དྲི་མ་དག །དབང་དང་བྱིན་རླབས་དངོས་གྲུབ་ཐོབ། དབང་ཆེན་རྣམས་ཀྱིས༴ བྱིན་ཆེན་རྣམས་ཀྱིས༴ མཐུ་ཆེན་རྣམས་ཀྱིས་སྒྲུབ་པ་པོའི་རྟགས་དང་མཚན་མ་ཐམས་ཅད་མྱུར་དུ་བསྟན་ནས་མཐར་བདག་གནས་ཡོ་བྱད་ཐམས་ཅད་ལ་ཐིམ་པ་མོས། བདུན་པ་མཆོད་རྫས་བྱིན་རླབས་ནི། བདག་ལྷར་གསལ་བའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་གསུམ་འཕྲོས་མཆོད་རྫས་ཀྱི་དངོས་འཛིན་བག་ཆགས་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་དག་པར་བྱས། སླར་ཡང་ཨོཾ་དཀར་པོ་འཕྲོས་རྫས་རང་ག་མའི་རྟོག་པ་སྦྱངས། ཨཱཿདམར་པོ་འཕྲོས་གཟུང་འཛིན་གྱི་བག་ཆགས་ངན་རྟོག་བསྲེགས། ཧཱུྃ་མཐིང་ག་འཕྲོས་མཆོད་རྫས་ཐམས་ཅད་ཟག་མེད་བདུད་རྩིའི་རང་བཞིན་དུ་བྱིན་བརླབས། བྱེ་བྲག་ཏུ་དམ་རྫས་ཤ་ལྔ་བདུད་རྩི་ལྔ་རིགས་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ཟག་མེད་བདུད་རྩིའི་རྒྱ་མཚོ་དང་། རྒྱུ་དྲུག་འཁོར་བ་དབྱིངས་སུ་བསྒྲལ་བའི་ཆགས་མེད་རཀྟའི་རྒྱ་མཚོ་ཤ་ཆེན་གྱི་ལྷུ་དུམ་གྱིས་བརྒྱན་པ། ཕྱི་འདོད་ཡོན་ལྔ་ལྡན་གྱི་གཏོར་མ། ནང་གཞལ་ཡས་ཁང་དང་ལྷར་གསལ་བ། གསང་བ་ཆོས་ཀྱི་དབྱིངས་ཀྱི་གཏོར་གཞོང་དུ་ཉོན་མོངས་རྣམ་རྟོག་གི་གཏོར་མ། རིག་པ་ཡེ་ཤེས་ཀྱི་རྒྱན་གྱིས་བརྒྱན་པ། སྒྲུབ་དུས་ལྷར་ཤེས་པ། མཆོད་དུས་འདོད་ཡོན། ཟོར་དུས་མཚོན་ཆར་ཤེས་པས་སོ་སོའི་སྔགས་བརྗོད་ནས་བྱིན་གྱིས་བརླབས་ཤིང་ཕྱི་མཆོད་རྣམས་ཀྱང་འབྲུ་གསུམ་གྱིས་འདོད་ཡོན་གྱི་ལྷ་མོ་མཆོད་རྫས་ཐོགས་པ་དཔག་ཏུ་མེད་པར་སྤྲུལ་ནས་བརླབ་བོ།།  ༈  །།གཉིས་པ་དངོས་གཞི་ལ། ཆོས་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་མོ། །དེའང་སྟོང་པ་རང་རིག་པས་ཉོན་མོངས་རྣམ་རྟོག་གནས་སུ་གཅོད་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། གནས་ལུགས་ཟབ་མོ་དེ་ལྟར་མ་རྟོགས་པའི་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་རྩ་བ་ནས་བཅད་པར་བྱའོ་སྙམ་པ་ནི་སྙིང་རྗེ་ཡོངས་ཁྱབ་ཀུན་སྣང་གི་ཏིང་ངེ་འཛིན་དང་། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ནམ་མཁའི་དབྱིངས་སུ་སེམས་ཀྱི་རྟེན་དྭངས་མའི་སྲོག་ཧཱུྃ་སྔོན་པོ་བསྐྱེད་པ་རྒྱུ་ཡི་ཏིང་ངེ་འཛིན་ཏེ། དེ་ལས་ཨེ་ཡྃ་སོགས་འཕྲོ་འདུས་གྱུར་པ་ལས་འབྱུང་ལྔ་རིམ་བརྩེགས་གསལ་བའི་སྟེང་། གསུམ་པ་གཞལ་ཡས་ཁང་བསྐྱེད་པ་ནི། ཧཱུྃ་དེ་ལས་བྷྲཱུྃ་ཁ་དོག་ལྔ་ལྡན་འཕྲོས། དེ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ལྔ་ཡི་རང་བཞིན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི། སྒོ་བཞི། སྒོ་ཁྱུད་གློ་འབུར་ཚུར་ཅན། ཕོ་བྲང་ནང་མར་ཐོད་པ་སྐམ་རློན་རྙིད་པའི་རྩིག་པ་སུམ་རིམ་གནམ་ལྕགས་ཀྱི་གཟེར་གྱིས་བཏབ་པ། སྒོ་ཁྱུད་སྤངས་པ་སྒོ་བཞི། གཞལ་ཡས་ཁང་ཕྱི་མ་ལ་ཐོད་པས་དཀྲིག་པ་སོགས་དང་། བཞི་པ་གདན་བསྐྱེད་པ་ནི། བཛྲ་ཏ་ཏཾ་སོགས་བརྗོད་པས་ལྷ་གནས་ཐམས་ཅད་དུ་རྡོ་རྗེ་བྲག་ཆེན་གཏམ་པའི་ས་གཞི། ཧཱུྃ་ལས་འོད་འཕྲོས་ཕྱོགས་སྐྱོང་བཅུ་ཆུང་མ་དང་བཅས་པ་བཀུག །དེ་སྟེང་མ་སཱུརྻ་སོགས་བརྗོད་པས་པད་ཉི་ཟླ་བའི་གདན་རེ་རེའི་སྟེང་དུ། ལྔ་པ་རྩ་བའི་དཀྱིལ་འཁོར་བསྐྱེད་པ་ནི། སྤྱིར་སྐྱེ་གནས་བཞིའི་བག་ཆགས་སྦྱང་བའི་ཕྱིར་བསྐྱེད་ལུགས་མང་རུང་འདིར་བསྡུས་པ་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ནི། ཧཱུྃ་དེ་དབུས་ཀྱི་གདན་ལ་བབ་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་སླར་རྡོ་རྗེ་རྩེ་དགུ་གྱུར། དེ་ལས་འཕྲོ་འདུས་ཚོགས་གཉིས་ཡོངས་རྫོགས་དཔལ་ཆེན་པོའི་སྐུར་གྱུར། དེའང་སྐུ་གསུམ་མམ་རྣམ་ཐར་གསུམ་མཚོན་པའི་དབུ་གསུམ། ཡེ་ཤེས་དྲུག་གི་མཚོན་ཕྱག་དྲུག །རྫུ་འཕྲུལ་བཞི་མཚོན་ཞབས་བཞི་བརྐྱང་བསྐུམ་གྱིས་བཞུགས་པ། ཉེས་སྐྱོན་མ་གོས་པའི་གཡས་ཞལ་དཀར་བཞད། འགྲོ་ལ་རྗེས་ཆགས་གཡོན་ཞལ་དམར་གཤེ། ཆོས་ཉིད་འགྱུར་མེད་དབུས་མཐིང་དྲག་ཏུ་རྔམ་ཞིང་འབར་བ། ཁམས་གསུམ་ས་དགུ་དབྱེར་མེད་གཟིགས་རྟགས་སྤྱན་དགུ་སྡང་མིག་བསྒྲད་ཅིང་ཁྲོ་གཉེར་གློག་སྟོང་འཁྱུག་པ། ཤངས་ནས་ཧཱུྃ་འབྱིན་ཞལ་ནས་ཕཊ་སྒྲ་སྒྲོགས། སྐྱེ་བཞི་རྩད་གཅོད་རྣོ་དབལ་མཆེ་བ་ཟུར་གསུམ་པོ་བཞི་གཙིགས་པ། དབུ་སྐྲ་ཉི་ཁྲི་ཆིག་སྟོང་ཁམ་ནག་ཟུར་གསུམ་གྱེན་དུ་འཁྱིལ། བ་སྤུ་བྱེ་བ་ཐེར་འབུམ་རྡོ་རྗེའི་བ་སྤུས་གཏམས་པ། ཕྱག་གཡས་ཐེག་པ་རིམ་དགུ་རྫོགས་བརྡར་རྡོ་རྗེ་རྩེ་དགུ་གདེངས། ཡེ་ཤེས་ལྔ་མཚོན་རྡོ་རྗེ་རྩེ་ལྔ་འཕྱར་སྟབས་འཛིན། གཡོན་གྱིས་ཉོན་མོངས་བསྲེགས་པའི་ཡེ་ཤེས་མེ་དཔུང་འབར་བ་བསྣམས། དུག་གསུམ་རྩད་གཅོད་ཁ་ཊྭཱཾ་འཁྲོལ། ཐ་མའི་ཕྱག་གཉིས་རི་རབ་ལྟ་བུའི་ཕུར་པ་འདྲིལ། དུག་ལྔ་ཡེ་ཤེས་ལྔ་དག་རྟགས་སུ་རིགས་ལྔའི་རྩེ་ཕྲན་ཐོད་སྐམ་དང་ཐོད་ཚལ་གྱི་དབུ་རྒྱན། སྐུ་གསུམ་མཚོན་བྱེད་ཐོད་པ་ཚར་གསུམ་གྱི་ག་ཤལ་ཅན། ཞེ་སྡང་འཇོམས་བྱེད་ཀླུ་ཆེན་རིགས་བཞིས་བརྒྱན་པ་སྟེ་འདོག་པའི་རྒྱན་གཉིས་དང་། ཐལ་ཆེན་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས་སྟེ་བྱུག་པའི་རྩི་གསུམ་གྱིས་བརྗིད་པ་དང་། ཐེག་ཆེན་དོན་རྟོགས་གླང་ཆེན་ཀོ་རློན་གྱི་ཕྱི་གོས། མཐའ་གཉིས་སྤང་ཕྱིར་མི་ལྤགས་ཀྱི་གཡང་གཞི་ནང་གོས། ཕྲིན་ལས་ཡོངས་རྫོགས་སྟག་ལྤགས་གྱི་ཤམ་ཐབས་ཏེ་བསྒོ་བའི་གོས་གསུམ་མནབས་པ། སྲིད་གསུམ་ཟིལ་གནོན་རྡོ་རྗེའི་ཁྱུང་གཤོག་བར་སྣང་ཁྱབ་པར་གདེངས། མཐིང་ནག་ཅོད་པན་དང་རྡོ་རྗེའི་གོ་ཁྲབ་གསོལ་བ་སྟེ་དཔལ་གྱི་ཆས་བཅུ་དང་གར་གྱི་ཉམས་དགུ་སོགས་དང་ལྡན་པའོ། །ཐབས་ཤེས་དབྱེར་མེད་པའི་ཡུམ་འཁོར་ལོ་རྒྱས་འདེབས་མའི་ཕྱག་གཡས་འཁོར་བའི་ཉེས་སྐྱོན་གྱིས་མ་གོས་པའི་བརྡར་ཨུཏྤལ་འཛིན་ནས་ཡབ་ལ་འཁྱུད་པ། གཡོན་སྲིད་རྩ་ཉོན་མོངས་བསྒྲལ་ཞིང་དབྱིངས་སུ་སྦྱོར་བའི་བརྡར་བྷནྡྷ་དམར་གྱིས་བཀང་བ་སྟོབ་པ། རིགས་ལྔ་དང་རུས་པའི་རྒྱན་དྲུག་གཟིག་གི་ཤམ་ཐབས་ཅན། ཡབ་ཡུམ་བདེ་སྟོང་མཉམ་སྦྱོར་བ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །དེ་ལྟར་སྐུ་འབར་ཁྲོ་རྔམ་པའི་ཚུལ་དུ་བཞུགས་ཀྱང་ཐུགས་ཞི་བ་ལས་མ་གཡོས་པའི་རྟགས་སུ་ཡབ་ཀྱི་ཐུགས་རིན་ཆེན་ཟུར་བརྒྱད་གུར་ཕུབ་པ་ལྟ་བུའི་ནང་སྲོག་གི་སྒོར་པད་དཀར་འདབ་བརྒྱད་ཀྱི་སྟེང་དུ་ཡེ་ཤེས་སེམས་དཔའ་རྡོར་སེམས་ཚོན་གང་བ་ཞབས་ཅུང་ཟད་བརྐྱང་བསྐུམ་དུ་བཞུགས་པའི་ཐུགས་ཀར་རིན་ཆེན་ཆ་བརྒྱད་ཁ་དོག་སྨུག་པོ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་སུ་སྲན་མ་བཀས་པ་ཙམ་གྱི་ཉི་མ་ལ་གསེར་གྱི་རྡོ་རྗེ་ནས་འབྲས་ཙམ་གྱི་ལྟེ་བར་ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་ག་ཡུངས་འབྲུ་ཙམ་ཤིན་ཏུ་ཕྲ་བ་འོད་འབར་བའི་མཐའ་སྐོར་སྲོག་ཡིག་འབྲུ་དགུས་བསྐོར་བ། རྟ་མགྲིན་དམར་པོ་པདྨ་བྷནྡྷ་འཛིན་པ་རང་འོད་ཀྱི་ཡུམ་ཕག་མོ་དང་གཉིས་མེད་དུ་འཁྲིལ་བས་སྲུང་བ་བཅས་བསྒོམ་ཞིང་། དྲུག་པ་ཁྲོ་བཅུ་བསྐྱེད་པ་ནི། དེའང་ངང་ཁྲོ་ཤུགས་ཁྲོ་འབར་ཁྲོ་སོགས་གསུངས་ཏེ། སྔགས་རྣམས་བརྗོད་པས། གཙོ་བོ་ཡབ་ཡུམ་སྦྱོར་བས་བརྡའ་བཞིས་བསྐུལ་ཞིང་སྙོམས་པར་ཞུགས་པའི་མཁའ་གསང་ནས་ཧཱུྃ་བཅུ་འཕྲོས་སྔར་བསྐྱེད་པའི་ཕྱོགས་སྐྱོང་བཅུ་སོགས་རང་རང་གི་གདན་དུ་བབས། འཕྲོ་འདུ་ཡོངས་སུ་གྱུར་པ་ལས་ཁྲོ་བཅུ་བསྐྱེད་དེ་ཡབ་རྣམས་ཞལ་གསུམ་ཕྱག་དྲུག་སྐུ་མདོག་ཆ་ལུགས་གཙོ་བོ་དང་མཚུངས་ཤིང་། ཕྱག་མཚན་ཡང་ཕྱག་དང་པོས་རྡོ་རྗེ་བྷན་དམར་དང་། བར་པས་ཕྱོགས་སྐྱོང་བཅུའི་ཕྱག་མཚན་རྣམས་དང་། ཐ་མས་རི་རབ་ཕུར་པ་འདྲིལ། རྡོ་རྗེའི་གཤོག་པ་སོགས་དཔལ་གྱི་ཆས་བརྒྱད། ཞབས་བཞི་བརྐྱང་བསྐུམ་དགྲ་བགེགས་ཀྱི་སྟེང་དུ་འགྱིང་། ཡུམ་རྣམས་ཆ་ལུགས་གཙོ་མོ་དང་མཚུངས་ཤིང་གཡས་དྲིལ་བུ་གཡོན་དུང་དམར་སྟོབ་པ། སྐུ་མདོག་རང་རང་གི་ཡབ་དང་མཚུངས་ཤིང་། ཕྲ་ཕྱག་ཉི་ཤུ་ནི་དཔེ་དོན་རྟགས་ཀྱི་ཕྲ་མེན་སོགས་ཏེ། མདོར་ན་གཡས་མཆེ་བ་ཅན་བཅུ་ལ་ཡབ་ཀྱི་ཕྱག་བརྙན། གཡོན་གཤོག་པ་ཅན་བཅུ་ལ་ཡུམ་གྱི་ཕྲ་མེན་དང་། ཟ་བྱེད་གསོད་བྱེད་གཏུམ་རྔམས་ཀྱི་ཚོགས་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པ་བཞུགས་པ་དང་། བདུན་པ་ཕུར་པ་སྲས་ཀྱི་དཀྱིལ་འཁོར་ནི། སྲས་ཡིན་ལ་མཆོག་མ་ཡིན་པ། མཆོག་ཡིན་ལ་སྲས་མ་ཡིན་པ། དེ་གཉིས་ཀ་ཡིན་པ་དང་མ་ཡིན་པ་མུ་བཞི་ལས། འདི་ནི་སྲས་ཀྱང་ཡིན་ལ་མཆོག་ཀྱང་ཡིན་པ་སྟེ། སླར་གཙོ་བོ་ཡབ་ཡུམ་མཉམ་པར་སྦྱོར་བ་ལས། མདུན་དང་གཡས་གཡོན་གྱི་གདན་བདུན་གྱི་སྟེང་དུ། ཧཱུྃ་བདུན་རེ་འཕྲོས་པའི་རྩེ་ལས་ཧཱུྃ་ཡིག་དང་ཕུར་བུ་ཕྲ་མོ་དཔག་མེད་འཕྲོ་འདུས་ཀྱིས་མདུན་དུ་ཐུགས་ཀྱི་སྲས་བདུན་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་ཞལ། གཡས་སུ་སྐུ་ཡི་སྲས་བདུན་ལྗང་དཀར་དམར་བའི་ཞལ། གཡོན་དུ་གསུང་གི་སྲས་བདུན་དམར་ནག །དམར་དཀར་ལྗང་བའི་ཞལ། ཕྱག་དང་པོ་རྡོ་རྗེ་རྩེ་དགུ་པ་དང་མེ་དཔུང་། བར་པས་རྒྱ་གྲམ་དང་ཁ་ཊྭཱྃ། ཐ་མས་ཕུར་པ་སོགས་དཀྱིལ་འཁོར་གསུམ་དང་མཚུངས་ཤིང་། སྐུ་སྨད་ཆུ་སྲིན་གྱི་ཁ་ནས་ཐོན་པའི་གནམ་ལྕགས་ཕུར་པ་མེ་སྟག་ཚྭ་ཚྭ་འཕྲོ་བ་དང་ལོག་འདྲེན་བགེགས་ཀྱི་སྙིང་དཀར་ནག་མཚམས་སུ་ཟུག་པའོ། །བརྒྱད་པ་སྒོ་སྐྱོང་སྲུང་མ་ནི། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས། ཛཿལས་རྟ་གདོང་དཀར་མོ་གཡས་ཕུར་པ་དང་གཡོན་ལྕགས་ཀྱུ་འཛིན། ལྷོ་སྒོར་ཕག་གདོང་སེར་མོ་གཡས་ཕུར་པ་དང་གཡོན་ཞགས་པ་འཛིན། ནུབ་སྒོར་ཉི་ཟླ་དམར་མོ་དྲེད་ཀྱི་གདོང་ཅན་གཡས་ཕུར་བུ་དང་གཡོན་ལྕགས་སྒྲོག་འཛིན། བྱང་སྒོར་སྤྱང་གདོང་ལྗང་གུ་གཡས་ཕུར་པ་དང་གཡོན་དྲིལ་བུ་འཁྲོལ་བ། དྲག་མོ་དུར་ཁྲོད་ཀྱི་ཆས་ཅན། དེ་དག་གི་བར་ཁྱམས་རྣམས་སུ་ཕུར་སྲུང་བཅུ་གཉིས་སྲིང་མོ་དང་བཅས་པ་ཕྱིའི་དུར་ཁྲོད་དང་ལྕགས་རི་རྣམས་སུ་མ་མོ་བདུན། སྲིང་མོ་བཞི། དབང་ཕྱུག་ཉེར་བརྒྱད་སོགས་རྗེ་འབངས། ཉི་མ་ལས་ཟེར་གྱི་ཚུལ་དུ་མ་འདྲེས་ཡོངས་རྫོགས་བསྐྱེད་པར་བྱའོ། །རྩ་བའི་གཉིས་པ་ལས། དང་པོ་དགོངས་གསོལ་ནི། རྡོ་རྗེ་གཞོན་ནུ་དང་རིག་པ་འཛིན་པ་རྣམས་ཀྱིས་ཕྱི་ནང་གི་སྲིད་པ་ཐམས་ཅད་དོན་དམ་རྡོ་རྗེ་གྲུབ་མཛོད་ཅིག །གནས་ཚུལ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བཞིན། སྣང་ཚུལ་དུ་ཡེ་ཤེས་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་སུམ་གྲུབ་པར་མཛོད། གཉིས་པ་དེ་ལྟར་སྤྱན་འདྲེན་པ་ནི། དམ་ཡེ་དབྱེར་མེད་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་སྩོལ་ཕྱིར་གཤེགས་སུ་གསོལ་བརྗོད་ཅིང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་མེ་རི་འདབ་འབྱར་གྱི་ཚུལ་དུ་བཞུགས་པར་མོས་ལ། གསུམ་པ་ཕྱག་འཚལ་བ་ནི། ཞི་བས་མི་ཐུལ་གདུག་པས་འདུལ་བ་དང་། ཡེ་ཤེས་ལྷའི་ཕྱག་རྒྱ་བརྟེན་པའི་ཕྱིར་རྩེ་གཅིག་ཡིད་ཀྱིས་ཕྱག་འཚལ་བའི་མོས་པ་བྱའོ། །བཞི་པ་དབང་ཞུ་བའི་ཕྱིར། ཐབས་སྤྱོད་པ་དང་བྱམས་སྙིང་རྗེས་གང་ལ་གང་འདུལ་གྱིས་སངས་རྒྱས་ཕྲིན་ལས་རྫོགས་པར་མཛད་ནས། བདག་དམ་ཚིག་པ་ལ་ཡེ་ཤེས་པས་ཕྱི་དབང་སྣང་བ་ལྷར་ཤེས། ནང་དབང་སྣང་སྲིད་སེམས་སུ་ཤེས་པ། གསང་དབང་སེམས་ཉིད་སྟོང་པར་རྟོགས་པའི་ཕྱིར་དབང་དང་བྱིན་རླབས་མ་ལུས་སྩོལ་ཅིག་བརྗོད་པས། གནས་གསུམ་འབྲུ་གསུམ་གྱིས་བྱིན་རླབས། ཡེ་ཤེས་ལྔའི་ས་བོན་ལས་རིགས་ལྔས་དབུ་བརྒྱན་པར་མོས། ལྔ་པ་བསྟིམ་པ་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཡེ་ཤེས་པ་རྣམས་དམ་ཚིག་པར་དབྱེར་མེད་ཐིམ་ནས་ཇི་སྲིད་བར་བཞུགས་པར་མོས། དྲུག་པ་སྨན་མཆོད་ནི། ངོ་བོ་རྩ་བརྒྱད་ཡན་ལག་སྟོང་སྦྱར་བདེ་བཤེགས་རིགས་ལྔ་སྒྲུབ་པའི་དམ་ཚིག་གི་རྫས་བྱེད་ལས་རྒྱུ་དྲུག་འཁོར་བའི་སྡུག་བསྔལ་སེལ་བའི་སྨན། དཔའ་བོ་ཡབ་ཡུམ་ཐབས་ཤེས་རོལ་པའི་བྱང་སེམས་གྱི་རྣམ་པ་རང་བྱུང་བྷནྡྷའི་སྣོད་དུ་བསྐུལ་ཏེ། མཐེབ་སྲིན་ཉི་ཟླའི་གའུས་བཅུས་ལ་རྩ་བརྒྱུད་བླ་མ་ཡི་དམ་རྡོ་རྗེ་གཞོན་ནུ་སོགས་ལ་ཕུལ་བས་ཐམས་ཅད་མཉེས་ནས་འབྲུ་གསུམ་འཕྲོས། བདུད་རྩི་མྱང་བས་གསང་བ་གསུམ་གྱི་དངོས་གྲུབ་ཐོབ་པར་མོས། བདུན་པ་གཏོར་མ་ནི་ཆོས་ཉིད་སྐྱེ་མེད་ཀྱི་ཀློང་ལས་སྤྲུལ་པ་དམ་རྫས་རྨད་བྱུང་འདོད་ཡོན་ལྔ་ལྡན་གྱི་ཕུང་པོ་ལོངས་སྤྱོད་ཟད་མི་ཤེས་པ་ཕུལ་བས་ལྷ་རྣམས་ཀྱིས་ཐུགས་དམ་བསྐང་བར་བསམ། བརྒྱད་པ་དུང་ཆེན་གྱི་སྣོད་དུ་རཀྟ་དམར་གྱི་རྒྱ་མཚོ་བསྐྱིལ་བ། བྱེད་ལས་དཀྱིལ་འཁོར་ལྷ་ལ་ཕུལ་བས་སྲིད་རྩ་ཉོན་མོངས་དག་ནས་འཁོར་བ་སྟོང་པར་མོས་པའོ། །དགུ་པ་དུག་གསུམ་གྱི་མཆོད་པ་ནི། གཏི་མུག་ཤ་ཡི་ཕུང་པོ། འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་གྲམ་ཁྲོད་དུ་དམིགས་ནས་འབུལ་བས་དུག་གསུམ་རང་དག་ཏུ་གྱུར་པར་མོས། བཅུ་པ་སྦྱོར་སྒྲོལ་ནི། ངོ་བོ་ཆོས་དབྱིངས་སྐྱེ་མེད་གཏུན་ཁུང་དུ། རིག་པ་ཡེ་ཤེས་རྡོ་རྗེའི་ཐོ་བས། གཟུང་འཛིན་མཚན་རྟོག་རྡུལ་ཕྲན་དུ་བརླག་ཅིང་རིག་སྟོང་མཉམ་ཉིད་ཀྱི་ཀློང་དུ་སྦྱོར་བ་སྟེ། རྣམ་པ་ཡབ་ཡུམ་ཐབས་ཤེས་རོལ་བའི་མཁའ་གསང་ནས་བདེ་སྟོང་ཟག་མེད་ཀྱི་མཆོད་སྤྲིན་དཔག་ཏུ་མེད་པ་སྤྲོས་ཏེ་ཕུལ་བའམ། ཡང་ན་མཁའ་གསང་དུ་དགྲ་བགེགས་བཀུག་སྟེ་རོལ་བའི་སྟབས་ཀྱིས་བརྡུང་། བྱང་སེམས་ཀྱི་མེ་ལྕེས་བསྲེགས། དུག་གསུམ་གྱི་ངོ་བོ་ཤ་ཁྲག་རུས་གསུམ་ཕུལ་བས། ལོག་ལྟའི་དགྲ་བགེགས་བསྒྲལ་ཞིང་རྟོག་ཚོགས་དབྱིངས་སུ་ཞི་བར་མོས་པའོ། །བཅུ་གཅིག་པ་བསྟོད་པ་ནི། དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་གཅིག་ཏུ་འདུས་པའི་སྤྱི་དཔལ་རྡོ་རྗེ་གཞོན་ནུ། སྐྱེ་མེད་རྣམ་དག་ཡུམ་འཁོར་ལོ་རྒྱས་འདེབས། ས་བཅུའི་མངའ་བདག་ཁྲོ་བཅུ། ཕ་རོལ་ཕྱིན་བཅུའི་རང་བཞིན་ཁྲོ་མོ་བཅུ། ཉོན་མོངས་ཉི་ཤུ་སྒྲོལ་མཛད་ཁྲ་ཐབས་ཉི་ཤུ། ཐུགས་རྗེའི་ཤུགས་ཀྱིས་གནོད་གདུག་སྒྲོལ་མཛད་སྲས་མཆོག་ཉེར་གཅིག །ཕྱི་ནང་བར་ཆད་སྲུང་མཛད་སྒོ་མ་བཞི། རྒྱལ་བའི་སྤྱན་སྔར་ཁས་བླངས་ཕུར་སྐྱོང་སྲུང་མའི་ཚོགས་བཅས་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པས་བསྟོད་པར་བྱའོ། །བཅུ་གཉིས་པ་བཟླས་པ་ནི། ངོ་བོ་བདེ་བར་གཤེགས་པའི་ཐུགས་ཡིག་འབྲུར་སྣང་བ། ངེས་ཚིག་བྱིན་རླབས་མངོན་དུ་འབྱིན་པའི་སྔགས། དབྱེ་ན་རྒྱུ་མ་ནོར་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་གསུམ་ལས་ཕྱི་མ་སྟེ། དོན་ནི་ཨོཾ་ཁྲག་འཐུང་རིགས་ལྔའམ་ཡེ་ཤེས་སམ་ཆོས་སྐུའོ། །བཛྲ་རྡོ་རྗེ་ཡབ་ཡུམ་མཉམ་སྦྱོར་དབྱིངས་ཡེ་དབྱེར་མེད་ལོངས་སྤྱོད་རྫོགས་སྐུའོ། །ཀཱི་ནི་སྤྲུལ་པ་ཁྲོ་ཆེན་ཡབ་བཅུ། ལི་ནི་ཁྲོ་མོ་བཅུ། དེ་གཉིས་ཐབས་ཤེས་དབྱེར་མེད་ཟུང་དུ་འབྲེལ་བས་འགྲོ་བའི་མི་དགེ་བ་བཅུ་ཚར་གཅོད། དགེ་བཅུ་མཐར་ཕྱིན་དབྱིངས་རིག་དབྱེར་མེད་སྦྱོར་བས་སྤྲུལ་སྐུའོ། །ཀཱི་ནི་ཡང་སྤྲུལ་ཟ་བྱེད་དེ་འཁོར་བའི་ཉོན་མོངས་ཟ་ཞིང་སྟོང་པར་བྱེད། ལ་ནི་སྤྲུལ་པ་གསོ་བྱེད་དེ་སྲིད་གསུམ་དབྱིངས་སུ་སྦྱོར་བའི་དོན་མཛད་པའོ། །ཡ་ནི་སྲས་མཆོག་ཉེར་གཅིག །སརྦ་ནི་ཁྲོ་བོ་བཅུ་གསུམ་སྦྲུལ་སྒོ་མ་དང་བཅས་པ། བིགྷཱ་ནི་བཀའ་སྡོད་ཤྭ་ན་མཆེད་བཞི་དང་མིང་པོ་སྲོག་བདག །ནན་ནི་རེ་ཏི་མཆེད་བཞི་དང་རེ་ལྡེ་མགོ་ཉག །བཾ་ནི་ས་བདག་མཆེད་བཞི་དང་བསེ་ཡི་སྐྱེས་བུ་སྟེ་དམ་ཅན་སྲུང་མའི་ཚོགས། ཧཱུྃ་ནི་ཁྲོ་འདུས་རིག་འཛིན། ཕཊ་ནི་དགྲ་བགེགས་དམ་སྲི་ཚར་གཅོད་པའི་གསུང་། ཛཿནི་བསྒྲུབ་བྱ་གང་ཡོད་ཐམས་ཅད་ཚུར་བཀུག་པར་བྱེད་པ། ཧཱུྃ་ནི་བསྒྲུབ་བྱ་ཐམས་ཅད་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པ། ཨ་ནི་དངོས་གྲུབ་ཐམས་ཅད་མྱུར་དུ་འགུགས་ཤིང་བསྟིམ་པར་བྱེད་པའི་སྔགས་སུ་ངེས་པར་བྱས་ནས། བསྙེན་དམིགས་དངོས་ལ་ལྔ་ལས། དང་པོ་སྐུ་ཕྱག་རྒྱ་ལ་དམིགས་པའི་འཛབ་དགོངས་ནི། བདག་རྩ་བ་ཕྱོགས་བཅུའི་ཁྲོ་བོ། ཕུར་པ་སྲས་ཀྱི་དཀྱིལ་འཁོར་གསུམ་སྤྱི་དང་། ཁྱད་པར་བདག་རྩ་བའི་དཀྱིལ་འཁོར་རྡོ་རྗེ་གཞོན་ནུའི་རྣམ་པ་ཆུ་ཟླ་ལྟར་མ་འདྲེས་པ་སྤྱན་དཀར་ནག་ཚུན་ཆད་གསལ་ལ་རང་གི་སེམས་ཉིད་ཐུགས་ཀྱི་ངོ་བོ་དཔལ་རྡོ་རྗེ་གཞོན་ནུ་ཡིན་པར་ཤེས་པའི་ངེས་ཤེས་རྐྱེན་གཞན་གྱིས་མི་འཕྲོག་པའི་ང་རྒྱལ་བརྟན། གོང་དུ་ཤེས་པ་ལྟར་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པ་དྲན་པར་བྱས་ཏེ། འདི་ནི་བསྐྱེད་པ་ལྷ་ཡི་གཟེར་རོ། །གཉིས་པ་གསུང་ཡིག་འབྲུའི་དམིགས་པ་ནི། ཐུགས་ཡེ་ཤེས་སེམས་དཔའ་སྐུ། ཡིག་འབྲུ་གསུང་རྡོ་རྗེ་ཐུགས། འོད་ཡོན་ཏན། ཟེར་ཕྲིན་ལས་སུ་ངེས་པར་བྱས་ནས་ཐུགས་སྲོག་ཧཱུྃ་དང་མཐར་སྔགས་འཁོར་སྤུས་བྲིས་པ་ཙམ་གསལ། ཧཱུྃ་ལས་འོད་ཉི་ཟེར་ལྟར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སོགས་ལ་ཕོག །མཉེས་མཆོད་འབུལ་ཐུགས་རྒྱུད་བསྐུལ། རིགས་དྲུག་ལ་ཕོག་ལས་ཉོན་སོགས་སྦྱངས་ཤིང་དག་ཞིང་ལ་བཀོད། དམ་ཅན་ཚོགས་ལ་ཕོག་ལས་ལ་བཙུད། བླ་མ་མཆེད་ལ་ཕོག་ཐུགས་དམ་བསྐང་། དགྲ་བགེགས་ལ་ཕོག་གནོད་འཚེ་གདུག་རྩུབ་ཚར་བཅད། སླར་འདུས་དཀྱིལ་འཁོར་གསུམ་ལ་ཐིམ་པས་བདག་གི་སྒྲིབ་པ་སྦྱངས། མཐུ་བསྐྱེད། དབང་ཐོབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ནས་གྲགས་སྟོང་རྡོ་རྗེ་སྲིན་པོའི་ངར་སྒྲས་བཟླ་བར་བྱ་སྟེ་བཟླས་པ་སྔགས་ཀྱི་གཟེར་རོ། །གསུམ་པ་ཐུགས་ཆོས་ཉིད་ལ་དམིགས་པ་ནི། ཐུགས་དམིགས་མེད་ནམ་མཁའི་དཀྱིལ་ལྟར་དག་པའི་ངང་ནས་རིག་རྩལ་འགག་མེད་དཀྱིལ་འཁོར་གསུམ་སོགས་རྟོག་མེད་དུ་ཤར། ཤར་དུས་ཉིད་ནས་རང་བཞིན་མེད་པར་དག །སྐྱེ་མེད་ཀྱི་ངང་ནས་འཛིན་མེད་དུ་ལ་བཟླ་བ་ནི་དགོངས་པ་མི་འགྱུར་བའི་གཟེར་རོ། །བཞི་པ་ཡོན་ཏན་ལ་དམིགས་པའི་འཛབ་དགོངས་ནི། འཛབ་ཁང་ཕྱེས་ཏེ་ཐུགས་སྲོག་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དང་། སྔགས་ཕྲེང་མང་པོ་རང་གི་ཐུགས་ལས་འཕྲོས། ཕྱོགས་བཅུའི་བདེ་གཤེགས་རྩ་གསུམ་སྲུང་མ་དང་བཅས་པའི་ཐུགས་ཀར་ཐིམ། མཉེས་མཆོད་ཕུལ། ཐུགས་རྒྱུད་བསྐུལ། སྐུ་སོགས་བྱིན་རླབས་དངོས་གྲུབ་ཐམས་ཅད་སྔགས་ཕྲེང་དམར་པོའི་རྣམ་པ་ལྟེ་བ་ནས་བྱུང་། ལྟེ་བ་ནས་ཐུགས་ཀའི་སྔགས་ལ་ཐིམ། གཉིས་སུ་མེད་པའི་དངོས་གྲུབ་ཐོབ། ཡང་འཕྲོས་ཕྱི་སྣོད་འཇིག་རྟེན་ལ་ཁྱབ། འབྱུང་བཞི་དང་རིན་ཆེན་སྨན་རྫས་ཚེ་རིང་བ་དང་ནད་གདོན་ཞི་བྱེད་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་ཐིམ། གཟི་བརྗིད་བཀྲག་མདངས་ཆེར་རྒྱས། ཡང་སྤྲོས་བཅུད་ལ་ཕོག །ལས་ཉོན་རྣམ་སྨིན་སྦྱངས། རྡོ་རྗེ་གཞོན་ནུའི་རང་བཞིན་དུ་གྱུར། ཡང་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྐུ་སོགས་འབྲུ་གསུམ་རྣམ་པར་བསྡུས་སྐུ་སོགས་ཀྱི་དབང་དང་བྱིན་རླབས་མ་ལུས་པར་ཐོབ་པར་བསམ། ལྔ་པ་དྲག་པོའི་ཕྲིན་ལས་དགྲ་བགེགས་སྒྲོལ་བའི་འཛབ་དགོངས་ནི། སྔགས་ཀྱི་འོད་ཟེར་ལྗང་ནག་འཕྲོས། བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ཐུགས་རྒྱུད་བསྐུལ། མཐུ་སྟོབས་བྱིན་རླབས་ནུས་པ་ཐམས་ཅད་བསྡུས་ཏེ་བདག་ནུས་ལྡན་བྱས། དམ་ཅན་སྲུང་མའི་ཚོགས་ལ་ཕོག་ལས་ལ་བསྐུལ། གཟས་པོ་རང་དབང་མེད་པར་བཀུག་ནས་ལིངྒ་ལ་ཐིམ། ཚེ་ནུས་བདག་ལ་ཐིམ། སྲུང་མ་དམ་ཅན་གྱི་ཚོགས་བྱ་གཅན་ཤ་ལ་རུབ་པ་བཞིན་བསྒྲལ་བར་བསམ་སྟེ་སྤུ་གྲིའི་སྔགས་དྲུག་བཟླས། འདི་གཉིས་ནི་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་རོ། །དཔེར་ན་གསེར་ཞུན་བཟོ་ཉན་པ་ལྟར་བསྙེན་སྒྲུབ་ཀྱི་མཚན་མ་ཐོན་ཕན་ཆོད་ཤམ་བུ་ཅི་འདོད་བསྒྱུར་བས་འགྲུབ། བཟླ་བྱའི་སྔགས་ནི་སྲོག་སྔགས་འབྲུ་དགུ། ལས་སྔགས་འབྲུ་ལྔ། འཕྱོང་སྔགས་འབྲུ་གསུམ་སྟེ་བཅུ་བཞི་ཡིན་ལ། བསྙེན་སྒྲུབ་ཆིག་ཆོད་དྲག་སྔགས་འདུས་པ་ཡི་གེ་དྲུག་བསྙེན་སྔགས་བསྒྲིལ་ནས་བཟླ་བར་བྱའོ། །དེ་ལྟར་བཟླ་དུས་སྐྱོན་དྲུག་སྤང་སྟེ། མ་འདྲེས་པ་མ་བྱེ་བ་གསལ་བར་བཟླ། ཆད་ལྷག་མེད་པར་དག་པར་བཟླ། རྒྱུན་མི་ཆད་པར་རྩོལ་བས་བཟླའོ། །ཡིག་འབྲུ་བཅོ་ལྔ་མན་འབྲུ་འབུམ་དང་སུམ་ཅུ་ཚུན་ཆད་གསུམ་འབུམ། ཕར་བཅད་ལ་ཁྲི་ཕྲག་གིས་རྫོགས་ཤིང་དབང་པོ་དང་སྦྱར་ན། རབ་བདུན་འབུམ་ཉི་ཁྲི། འབྲིང་བྱེ་བ་ཆིག་འབུམ། ཐ་མ་བྱེ་བ་ལྔ་དང་འབུམ། དུས་ལ་སྦྱར་ན་རྩོད་དུས་འདིར་བྱེ་བ་ཕྲག་གསུམ་འབུམ་ཕྲག་བཞིས་བསྙེན་པ་རྫོགས། མཚན་བསྙེན་ནི་དུས་གྲངས་ཚད་མ་འཁྱོལ་ཡང་མཚན་མ་ནམ་ཐོན་བསྙེན་པ་རྫོགས་པའོ། །སྐུའི་མཚན་རྟགས་ཀྱང་ཕུར་པ་འགུལ། འཕར། ལྡིང་། མེ་སྟག །འོད། དུ་བ། བཞད་པ་སོགས་འབྱུང་། གསུང་ལ་ཕུར་པ་ལས་སྒྲ་སྙན་པ། སྔགས་དང་། གནམ་ལྕགས། འབྲུག །རྔ། ཅེ་སྤྱང་། སྲིན་པོའི་ངུར་སྒྲ་དང་བདུན་འབྱུང་། ཐུགས་ཀྱི་ཏིང་ངེ་འཛིན་ལས་སུ་རུང་། ལས་བཞི་དང་ཚེ་ལ་དབང་། རིགས་ལྔ་མངོན་གྱུར་ལྷ་རྣམས་གསལ། སྲུང་མ་བྲན་བཞིན་ལས་བྱེད། ཡང་དག་རྟོགས་པ་འཆར་རོ། །དེ་ལྟར་མ་གྲུབ་ན་སྤོག་པའི་ཆོ་ག་ནི། སྔོན་དུ་དམ་ཚིག་ཉམས་ཆགས་བཤགས། བསྐང་བ་དང་ཚོགས་བསགས་རྟེན་རྫས་ལ་ཁྲུས་དང་རབ་གནས་བྱ། བརྩོན་འགྲུས་དྲག་པོས་ལན་གསུམ་མམ་བདུན་གྱིས་འགྲུབ། བསྙེན་སྒྲུབ་ཀྱི་མཚན་རྟགས་དེ་ལྟར་ཐོན་ཀྱང་ལས་སྦྱོར་ཕྲ་མོ་རྟགས་མ་ཐོན་ན་དམ་བཅས་དགོས་སྒྲུབ་མངོན་མཚན་ཐུང་གིས་སྤོག་པར་བྱའོ།།  ༈  །།གསུམ་པ་རྗེས་ཀྱི་བྱ་བ་ལ། དང་པོ་ཚོགས་མཆོད་ནི། སྤྱིར་ཚོགས་པ་གསུམ། གསགས་པ་གསུམ། གསང་བ་གསུམ། སྦྱང་བ་གསུམ། བསླབ་པ་གསུམ། བསྐྱེད་པ་གསུམ། ཡུལ་གསུམ། དམ་ཚིག་གསུམ་བཅས་ཕུར་པ་བཀའ་མའི་འགྲེལ་ཆེན་དུ་གསུངས་པ་ལྟར། དགའ་ལྡན་ལྷ་ཡི་ཚོགས་གསང་སྔགས་ནང་གི་ལྷ་མཐུན་པ། དགྱེས་ལྡན་མིའི་ཚོགས་དམ་ཚིག་རྩ་བ་གཅིག་པ། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་བཟང་ལ་གྱ་ནོམ་པའོ། །གནས་དུར་ཁྲོད་ལྷ་ཡི་ཚོགས་ཁང་དུ། གྲུབ་པ་ཐོབ་པའི་བླ་མ། ལྷ་གྲངས་མཉམ་པའི་རྣལ་འབྱོར་ཕོ་མོ། འདོད་ཡོན་ལྷ་ཡི་ལོངས་སྤྱོད་ཚང་བར་གསོག་པ་གསུམ་མོ། །བདག་ཉིད་ཀྱི་ཉེས་སྐྱོན། མཆེད་ལྕམ་གྱི་ཉམས་གྲིབ། ཚོགས་ཀྱི་མ་དག་པའོ། །སྦྱང་པ་གསུམ་ནི་རྃ་ཡྃ་ཁྃ་ལས་མེ་རླུང་ཆུ་བྱུང་སྟེ་དམེ་བཙོག་སྦྱང་བའོ། །འབྲུ་གསུམ་གྱིས་བདུད་རྩིའི་རང་བཞིན་དུ་བརླབ་པའོ། །མཆོད་པའི་དུས་འདོད་ཡོན་ལྔ། བཤགས་དུས་ཡེ་ཤེས་ལྔ། བསྟབ་པའི་དུས་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བསྐྱེད། ཡུལ་གསུམ་ནི་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་འབུལ་ལོ། །དམ་ཚིག་གསུམ་ལ་ཚན་བཞི་ལས། མི་བྱ་བ་གསུམ་ནི། རང་སེམས་འཁྲུགས་པའི་རྩོད་པ། གཟུང་འཛིན་སྐྱེ་བའི་འཁྲུལ་གཏམ། ཐེག་པ་འོག་མའི་འབག་བཙོག་གི་རྟོག་པ་མི་བྱའོ། །མི་སྨྲ་བ་གསུམ་ནི། ཚོགས་རྫས་གཞན་ལ་ཆེ་སྟེ་བདག་ལ་ཆུང་། ན་ནིང་བཟང་སྟེ་ད་ལོ་ངན། ཁ་སང་མང་སྟེ་དེ་རིང་ཉུང་ཞེས་མི་སྨྲའོ། །མི་བསམ་པ་གསུམ་ནི། ཚོགས་རྫས་མཐོང་བའི་ཚེ་བཟའ་སྙམ་བཏུང་སྙམ་ཞིམ་སྙམ་མི་བསམ་པའོ། །མི་འབྲལ་བ་གསུམ་ནི། ལུས་ལྷ། ངག་སྔགས། སེམས་ཏིང་འཛིན་དང་མི་འབྲལ་བར་བྱའོ། །དེ་ལྟར་སྔོན་དུ་ངེས་པར་བྱས་ནས། ལག་ལེན་དངོས་ལ་གསུམ་ལས། དང་པོ་བྱིན་རླབས་ནི། དམ་རྫས་སུ་འོས་པའི་ཡོ་བྱད་ཅི་འབྱོར་བ་བཤམས་ལ་སྔགས་ཀྱིས་སྤྱིར་སྦྱངས། བྱེ་བྲག་བྷྲཱུཾ་ལས་ཚོགས་གཞོང་རིན་པོ་ཆེ་མཆོད་སྡོང་འདབ་མ་སྟོང་ལྡན་གྱི་སྙིང་པོ་ཚོགས་རྫས་རྣམས་མ་ལས་ཉི་མ། ཨཱཿལས་ཟླ་བ་པྃ་ལས་པདྨའི་དཀྱིལ་འཁོར་ལ་གནས་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ངོ་བོ་ཧཱུྃ་མཐིང་ནག །དེ་ལས་རྃ་ཡྃ་ཁྃ་བྱུང་ཡེ་ཤེས་ཀྱི་མེ་རླུང་ཆུས་མ་དག་པའི་དངོས་པོ་ཐམས་ཅད་བསྲེགས་གཏོར་བཀྲུས། སླར་ཡང་ས་བོན་ལྔ་འཕྲོས་པས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅི་ཡང་འཆར་བར་མོས་སོ། །གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། དགོས་པ་གང་ཕྱིར་སྲིད་གསུམ་གྱི་སེམས་ཅན་ཐམས་ཅད་རྡོ་རྗེ་ཕུར་པ་སྒྲུབ་པ་དང་། རིག་པ་རྩལ་གྱི་དབང་། ཁམས་གསུམ་སྒྲོལ་བའི་དབང་། དྲག་པོ་ལས་ཀྱི་དབང་རྣམས་དང་། རབ་སངས་རྒྱས། འབྲིང་ཏིང་འཛིན། ཐ་མ་མིག་སྨན་སོགས་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པའི་ཕྱིར། གང་དུ་འདྲེན་ན་ཞལ་ཟས་ཚོགས་ཀྱི་དགའ་སྟོན་ལ། གང་སྤྱན་འདྲེན་ན་སྤྱིར་ཁྲོ་བོ་ལ་མུ་བཞི་ཡོད་པ་ལས་འདིར་ཡེ་ཤེས་ཀྱང་ཡིན་ལ། ཁྲོ་བོ་ཡང་ཡིན་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཚོགས། དེ་ལྟར་སྤྱན་དྲངས་པའི་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱང་ནམ་མཁར་བྱོན་པར་དམིགས་སོ། །གསུམ་པ་མཆོད་པ་ནི། ཏིང་འཛིན་ནམ་མཁའི་མཛོད་ལས་འདོད་ཡོན་ལོངས་སྤྱོད་འཛད་མེད་སྤྲོ་བ་སྟེ། གཟུགས་རྡོ་རྗེ་མ་མེ་ལོང་འཛིན་པ་སོགས་དཔག་ཏུ་མེད་པར་སྤྲོས་ཏེ་འབུལ་ལམ། ཚོགས་རྫས་ཐུན་མོང་དུ་བཏེག་སྟེ། བླ་ན་མེད་པ་དམ་རྫས་ཡེ་ཤེས་ལྔ་ཡི་དངོས་པོ། འདོད་ཡོན་ལྔ་དང་ལྡན་པར་སྤྲུལ་ཏེ་རྩ་བ་གསུམ་གྱི་ལྷ་ཚོགས་ལ་འབུལ་ཞིང་། སྤྲོ་ན་བསྐང་བའི་ལས་རིམ་གསུམ་ཡང་བྱ་སྟེ། མཆེད་ལྕམ་རྣམས་ཀྱི་བདུད་རྩི། གཏོར་མ། རཀྟ། མར་མེ། ཛ་གད། མཾ་ས། ཚེ་རྫས། ཟླ་རྒྱས། བཾ་གཙང་མའི་རྫས། གསུར་ཆེན། བཟའ་བཅའ་སྣ་ཚོགས་པ་ཐོགས་ནས་རོལ་མོ་དང་སྙན་པའི་དབྱངས་ཀྱིས་མཚན་དོན་ནས་བསྐང་བ་དང་བསྐང་རྫས་བསྔོ་བ་དང་བཟློག་པའི་ཕྲིན་ལས་གསོལ་བ་རྣམས་གཞུང་བཞིན་དུ་བྱའོ། །བྱེ་བྲག་མཆོད་པ་ལ་མཆོད་བཤགས་བསྒྲལ་བསྟབ་གསུམ་སྟེ། ཚོགས་ཕུད་རིམ་པ་གསུམ་སྤྲོས་ལ་དང་པོ་མཆོད་པ་ནི། དམ་ཚིག་ཆེན་པོ་སོགས་བརྗོད་ཅིང་ཚོགས་རྫས་འདོད་ཡོན་ལྔའི་རང་བཞིན་དུ་དམིགས་ནས་ཕུལ་བས་ཐུགས་མཉེས་པར་བསམ་མོ། །བར་པ་བཤགས་པ་ནི། ཡེ་ཤེས་ལྷ་ལ་བཟང་ངན་མཚན་རྟོག་མི་མངའ་ཡང་བཀའ་འཁོར་ན་གནས་པའི་ལྷ་སྲིན་སྡེ་བརྒྱད་དང་། མཁའ་འགྲོའི་ཚོགས་ཀྱིས་བཀའ་ཡི་གཉེར་འཛིན་ལེགས་ཉེས་རྗེས་གཅོད་པས། སྒྲུབ་པ་པོའི་གསང་མཚམས་འདྲལ་བ་དང་། ཀུན་རྟོག་ཕྲ་མོའི་སྐྱོན་གཟིགས་ཤིང་བཀའ་ཆད་དང་དངོས་གྲུབ་ཀྱི་བར་གཅོད་པས་ན། བདག་ཅག་མ་རིག་མ་གུས་བག་མེད་གྱུར་པ་དང་འདོད་ཆགས་ཉོན་མོངས་དབང་ཆེ་བའི་སྐྱོན་གྱིས་རྩ་བ་དང་ཡན་ལག་གི་དམ་ཚིག་འགལ་བའི་ནོངས་པ་མ་ལུས་པ་སྙིང་ནས་འགྱོད་པས་བཤགས་ཤིང་། ཚོགས་རྫས་མཆོད་པས་ཐུགས་དམ་གཉེན་པོ་བསྐང་བ་ལགས་ན། ཉེས་ལྟུང་སྒྲིབ་པའི་ཚོགས་བྱང་ཞིང་དག་ནས་དབང་དང་དངོས་གྲུབ་མ་ལུས་པ་སྩོལ་བར་མཛོད་ཅིག་བརྗོད་དོ། །ཐ་མ་བསྒྲལ་བ་ནི། སྤྱིར་སྒྲོལ་བ་ལ་གང་བསྒྲལ་བའི་ཡུལ། སྒྲོལ་བྱེད་ཀྱི་སློབ་དཔོན། ཇི་ལྟར་སྒྲོལ་ཚུལ། མ་བསྒྲལ་བའི་ཉེས་དམིགས། བསྒྲལ་བའི་ཕན་ཡོན། འབྲས་བུ་བཅས་ཞིབ་ཀྱིས་ཤེས་པ་གལ་ཆེ་ཞིང་བྲུབ་ཁུང་དུ་ལིངྒ་བཅས་ལ། སྔགས་བརྗོད་པའི་རྐྱེན་གྱིས། རང་ཉིད་དཔལ་ཆེན་དངོས་གསལ་བའི་ཐུགས་སྲོག་ཧཱུྃ་ལས་འོད་ལྗང་ནག་བ་ཐག་ལྟ་བུ་ཕྱོགས་བཅུར་འཕྲོས་པའི་རྩེ་ལས། སྲས་མཆོག་ལྟ་བུ་ཁྲོ་བོས་སྟོང་གསུམ་གང་། དངོས་སྣང་སྐུ། སྒྲ་གྲགས་གསུང་། རྟོག་ཚོགས་ཐུགས་སྒྲོལ་བྱེད་དུ་གསལ་བས་བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐུལ་བ་སོགས། ཁྱད་པར་བསྒྲལ་བྱའི་གནས་སུ་འཕྲོས། དབང་མེད་བཀུག་སྟེ་ལིངྒ་ལ་བསྟིམ། འོད་ཟེར་ཚུར་འདུས་རང་དང་གདབ་ཕུར་ལ་ཐིམ་པས། སྟོད་ནས་བྱིན་རླབས་ཀྱི་འབྲུག་ལྡིར། སྐེད་ནས་ཡེ་ཤེས་ཀྱི་གློག་འཁྱུག །དབལ་རྩེ་ནས་ནུས་མཐུའི་ཐོག་ཆེན་འཕྲོ་བས་ནུས་སྟོབས་དཔག་མེད་གྱུར་པར་བསམ་ལ། བདེན་འགུག་སྤྱི་ལྟར་བྱས་ནས། ཕོ་ཉ་བསྐུལ། གཙོ་བོ་གཞོན་ནུ། ཁྲོ་བཅུ། ཟ་གསོད། སྲས་མཆོག་སོགས་ཐུགས་དམ་གནད་ནས་བསྐུལ་བས་སྒྲོལ་བའི་ལས་མཛད་པར་མོས་ནས། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དུས་གསུམ་རྒྱལ་བའི་གདུང་འཚོབ་ལ་དངོས་སུ་བར་དུ་གཅོད་པ་དང་། ཉམས་པ་བདུན་དང་། ཞིང་བཅུ་ཚང་བ་མདོར་ན་བསྟན་དང་སེམས་ཅན་ཡོངས་ལ་གནོད་པའི་གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་བདུད་དང་དམ་སྲི་བར་གཅོད་འབྱུང་པོའི་ཚོགས། ཁྲོ་ཚོགས་རྡོ་རྗེ་གཞོན་ནུ་དང་། སྲས་འཁོར་སྤྲུལ་པའི་བྱིན་རླབས་བདེན་མཐུའི་སྟོབས་ཀྱིས་ལས་བྱེད་ཕོ་ཉའི་ཚོགས་ཀྱིས་དེ་དག་དབང་མེད་ཤ་ཁྱིས་རི་དྭགས་དེད་པ་བཞིན་སྐད་ཅིག་བཀུག་སྟེ་ལིངྒ་ལ་བསྟིམ། མངོན་སྤྱོད་དྲག་པོས་བསྒྲལ། རྣམ་ཤེས་དབྱིངས་སུ་སྤར་ལུས་ངག་རྡུལ་ཕྲན་དུ་བརླག་པར་མཛོད་ཅིག །དེའང་གནས་ལུགས་ཀྱི་ལྟ་བ་རྟོགས་ཤིང་ཡེངས་མེད་བསྒོམས་པས་བདག་རྒྱུད་གྲོལ་ཞིང་ཐུགས་རྗེས་གཞན་སྒྲོལ་ནུས་པའི་གདེང་དང་། རང་འདོད་ཀྱི་འཁྲི་བ་བྲལ། བསྟན་འགྲོར་ཕན་པའི་ལྷག་བསམ་དང་། བུ་གཅིག་པོའི་མ་ལྟར་སྙིང་རྗེ་ཆེན་པོས་བསྒྲལ་བར་བྱེད་པ་ནི་ཐེག་པ་ཆེན་པོའི་ལམ་སྲོལ་རྨད་དུ་བྱུང་བ་ཡིན་པས་ངེས་པར་བྱས་ནས་བསྒྲལ་བ་དངོས་ཀྱི་སྐབས། ཐོག་མར་ལོག་རྡུགས་འབྱམས་གསུམ་གྱི་ཉེས་པ་མི་འབྱུང་བའི་ཕྱིར། བདག་དཔལ་ཆེན་པོ། སྲས་མཆོག་ཡཀྴ་ཀྲོ་དྷ། ལིངྒ་གནོད་བྱེད་ཀུན་འདུས་ཏེ་གསལ་བ་གསུམ་གྱི་ངང་ནས་ལུང་གསུམ་གྱི་དགོངས་པས་བསྒྲལ་བར་བྱ་དགོས། ཨོཾ་ལྃ་སོགས་བརྗོད་པས། བསྒྲལ་བྱའི་ཡིད་དང་རྣམ་ཤེས་ཀྱི་སྒོ་བཀག །ཉོན་ཡིད་བག་ཆགས་གཅོད། ཀུན་གཞིའི་བག་ཆགས་རྩད་ནས་གཅོད་དེ། ཉོན་ཡིད་ལུས་བཅས་རྡུལ་ཕྲན་དུ་བཤིག་པས་འཁོར་བ་རྩད་ནས་གཅོད་དེ་ཆོས་དབྱིངས་ལ་འགོད་པའི་མོས་པ་བསྐྱེད། བྷ་ག་ཝན་སོགས་བརྗོད་པས་བཅོམ་ལྡན་འདས་བདུད་ལས་རྒྱལ་བ། ཐབས་དང་ཤེས་རབ་རྡོ་རྗེ་གཞོན་ནུ་སྟེང་གི་ཁྲོ་བོས་ཐོག་དྲངས་ཟ་གསོད་བཅས་བསྐུལ། ཧཱུྃ་ཧཱུྃ་ཞེས་བརྗོད་པས་དགྲ་བགེགས་དབང་དུ་བསྡུས། སྒྲོལ་ཞིག །ཕུར་པ་གསོ་ཞིང་གཟི་བྱིན་བསྐྱེད། ཛཿསོགས་བརྗོད་པས་ལྕགས་ཀྱུས་བཟུང་། ཞགས་པས་བཅིང་། ལྕགས་སྒྲོག་གིས་བསྡམ། དྲིལ་བུས་རྡུལ་དུ་བརླག །བག་ཆགས་ཡོངས་སུ་སྦྱངས། ཕུར་པས་སྲིད་པ་ཐམས་ཅད་སྒྲོལ་ཞིང་ཚར་གཅོད་དབང་དུ་བསྡུས། རྡུལ་དུ་རློག་ཅིག་ཅེས་དང་། བཛྲ་ཧཱུྃ་ཀ་ར་སོགས་བརྗོད་ནས་དང་པོ་དག་བྱེད་ཁྲུས་ལུང་ནི། དཀྱིལ་འཁོར་གསུམ་གྱི་གནས་གསུམ་ཨཱཿདཀར་དེ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ཐམས་ཅད་ཨཱཿདཀར་དུ་གྱུར། དཀྱིལ་འཁོར་གསུམ་ལ་ཐིམ་པས། སྒོ་གསུམ་དང་ཤེས་བྱའི་སྒྲིབ་པ་སྦྱངས། གཟུང་འཛིན་ལས་གྲོལ། བདེ་ཆེན་བྱང་ཆུབ་སེམས་ཀྱི་ངང་ལས་སྐུ་གསུང་ཐུགས་གསལ་བར་བྱ་བ་ནི་བདག་གི་ཁྲུས་ལུང་ངོ་། །ཡང་སྔར་བཞིན་ཨཱཿལས་འོད་འཕྲོས་དོན་གཉིས་བྱས་སྒྲིབ་པ་སྦྱངས། གཟས་པོའི་གནས་གསུམ་ལ་ཐིམ་སྒྲིབ་པ་སྦྱངས་བསྒྲལ་བའི་སྐལ་པ་དང་ལྡན། སྙིང་ནང་ཀུན་གཞི་ཨཱཿདཀར་དུ་གནས་འགྱུར་བ་གཟས་པོའི་ཁྲུས་ལུང་སྟེ། དེ་ལྟར་བདག་གཟས་ཕུར་གསུམ་དགོངས་དང་དམ་ཚིག་ཆོས་ཉིད་གཅིག་གིས་འབྲེལ་བ་ནི་ཐུགས་རྗེ་འབྲེལ་ཐག་གི་དགོངས་པའོ། །སྤྱིར་སེམས་ཅན་སྒོས་གཟས་པོ་འཁོར་བ་མི་གཏོང་བའི་སྙིང་རྗེ་བསྐྱེད་པ་ནི་གདུང་བ་ལུག་རྒྱུད་ཀྱི་དགོངས་པ་སྟེ་དེ་གསུམ་ཁྲུས་ལུང་ངོ་། །ཚེ་ལུང་ནི་བསྒྲལ་བྱའི་སྙིང་དཀར་ནག་གི་མཚམས་སྲོག་གི་ངོ་བོ་ཁྲག་གི་ཐིག་ལེ་མཐེ་བོང་ཙམ་གྱི་དབུས་སུ་ཚེ་རྟེན་ཨཱཿའོད་ཀྱི་དབུས་སུ། ཀུན་གཞི་ནྲྀ་དུད་ཁའི་གཟུགས་སུ་གནས་པར་ཕུར་རྩེ་གཟིར་བས་ཧཱུྃ་གིས་སྒོ་ལྔའི་རྣམ་ཤེས་སྙིང་ནང་དུ་འུབས་ཀྱིས་བསྡུས་པས་བྱུང་ཚོར་གྱི་སྒོ་འགག །ཡང་འོད་ཚོན་གང་བ་ཐལ་གྱིས་བྱུང་ཉོན་མོངས་རྡོ་ཚན་ལ་ཁ་བ་བབས་པ་བཞིན་སངས་ཤིང་། མ་རིག་པའི་སྒྲིབ་པ་ཐམས་ཅད་མ་བྱུང་མ་སྐྱེས་ཆོས་ཉིད་སྟོང་པར་གྱུར་པས་ཀུན་གཞི་རྩད་ཆོད་དེ་སྙིང་དཀར་ནག་འབྲེལ་མཚམས་ཕྲལ་ནས་ནྲྀ་ཐིག་ཨཱཿབཅས་ཧཱུྃ་ལ་བསྡུས་པས་སེམས་དབྱིངས་སུ་ཕྱུང་བའོ། །ཕུར་སྲོག་ཨཱཿདཀར་དེ་བདག་ཡེ་ཤེས་སེམས་དཔའི་ཐུགས་སྲོག་ལ་ཐིམ་གཉིས་མེད་བྱང་ཆུབ་སེམས་སུ་གྱུར་ཏེ་བདག་བཀྲག་དང་གཟི་མདངས་སྔར་བས་རྒྱས་པས་བདག་མི་ཕམ་སྟེ་འཚེང་། གསུམ་པ་གནས་སྤར་བའི་ལུང་ལ་གསོ་བ་གསུམ་ལས། ཕྱག་རྒྱའི་ལྷ་རྣམས་གཟིར་མནན་གྱིས་མེ་བའི་ལས་ལ་སྦྱར་བའི་ཕྱིར་ཕུར་པ་གསོ་བ་ནི། ཀཱི་ལ་ཡ་བཟླ་ཞིང་ཕུར་པའི་དབལ་ནས་བཟུང་ཀླད་ལ་བསྐོར་བས་ཁམས་གསུམ་ཕུར་པས་གང་། དེ་ལས་འཕྲོ་འདུས་གཟི་བྱིན་ལྡན་པར་བསྒོམ། དྲག་ལས་ཀྱི་རྣམ་སྨིན་གྱིས་མི་གོས་པའི་ཕྱིར་བདག་གསོ་བ་ནི། ཧཱུྃ་གསུམ་བརྗོད་རྩ་བརྒྱད་བཟླས་བདག་ཐུགས་ཧཱུྃ་ལས་འོད་འཕྲོས་ཁམས་གསུམ་ཕུར་བུས་གང་། མཉེས་མཆོད་ཕུལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པ་བདག་ལ་ཐིམ་པར་དམིགས། སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཟིན་པས་བསྒྲལ་བྱ་ལ་ཕན་གདགས་ཕྱིར་གཟས་པོ་གསོ་བ་ནི། ཧཱུྃ་གསུམ་བརྗོད་པས། བདག་ཐུགས་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱི་རྩེ་ལས་དམིགས་བྱའི་རྣམ་ཤེས་ཨཱཿགཟུགས་འོག་མིན་དུ་སྤར། ཕཊ་གསུམ་གྱིས་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་བསྟིམས་པས་རྒྱལ་བའི་སྲས་སུ་སངས་རྒྱས་པར་དམིགས་ལ། དེ་ལྟ་བུའི་དགོངས་པ་ལྡན་ན་ནུབ་གཅིག་ལ་གཟས་པོ་བརྒྱ་བསྒྲལ་ཡང་རྣམ་སྨིན་གྱིས་མི་གོས་ཤིང་ཚོགས་ཆེན་རྫོགས། ལུང་གསུམ་གྱི་དགོངས་པ་མ་ལྡན་ན་ཤན་པ་དང་ཁྱད་པར་མེད་པ་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་སྔ་ནས་འདོམ་པ་ཡིན་པས་གལ་ཆེན་ལག་ལེན་དུ་མཛོད། དེ་ལྟར་ཕྱིར་མི་ལྡོག་པའི་བག་ཆགས་ཀྱི་རྟེན་གཞི་བསྒྲལ་ལ། དཔའ་རྟགས་ཀྱི་ཚུལ་དུ་བསྐུལ་བ་ནི། དངོས་གྲུབ་ལ་བར་ཆད་བྱེད་པ་རྣམས་ཟུངས་ཤིག །རྒྱོབ་ཅིག །རྣམ་པར་ཆིངས་ཤིག །གཏོར་ཞིག །གྲོགས་དང་བྲལ་བར་གྱིས་ཤིག་སོགས་བརྗོད་དེ། གདབ་པ་དངོས་ནི། གཙོ་ཕུར་བླངས་ནས་ཡི་གེ་གསུམ་གྱིས་བྱིན་རླབས་མཆོད་བསྟོད་བཞུགས་གསོལ་གྱིས་གཙོ་ཕུར་ལས་ལ་བསྐུལ་མི་རུང་། གདབ་ཕུར་དངོས་ནི་ཁྲོ་བཅུའི་ཕུར་པ་སོགས་གནས་བཅུ་ལ་རིམ་པར་གདབ་པའི་གཞུག་ཏུ་བྲན་བཀའ་ཉན་ཕོ་ཉའི་ཚོགས་བསྐུལ་འདོན་ཅིང་རལ་གྲིས་གཏུབ། ཕུར་པས་སྤྱི་བོ་ནས་རྐང་མཐིལ་བར་ཐལ་བར་ཕུག་ནས་རྡུལ་དུ་བརླག །ཐོ་བས་བརྡུངས་ཤིང་སྙིགས་མའི་ལུས་དེ་ཉིད་བདུད་རྩིར་སྤར་བ་གཏོར་མར་བསྟབ་ལ་དཔལ་ཆེན་ཡབ་ཡུམ་ཁྲོ་བཅུ་སྲས་མཆོག་ཟ་གསོད་སྒོ་སྐྱོང་མཁའ་འགྲོ་གིང་ལང་དབང་ཕྱུག་སོགས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཞལ་གནམ་ས་ཙམ་གདངས་པའི་ནང་དུ་ཕུལ་ཞིང་བཞེས་པས་རྡུལ་ཕྲན་ཙམ་མེད་པར་རོལ་པའི་མོས་པ་མཛོད་ཅིག །ཅེས་པས་ལྷ་ཚོགས་དགྱེས་པས་རོལ་ཏེ་ཧ་ཧ་ཞེས་བཞད། ཧཱུཾ་ཧཱུཾ་ཧཱུཾ་གིས་དངོས་གྲུབ་སྩལ་ནས་འོད་གསལ་དུ་ཞུ། ཕཊ་གསུམ་གྱིས་དེ་ལས་སད་པའི་སྣང་ཆ་ཆོས་ཉིད་བདེན་པའི་ངང་བསྐྱང་རྟག་ཆད་ཀྱི་མཐའ་བསལ་ལོ། །དེ་ནས་ཐབས་ཤེས་ཀྱི་རྫས་རྣམས་བརྡ་དང་བརྡ་ཡི་འབུལ་ལེན་གྱི་བླངས་ནས་བདག་རྩ་བའི་དཀྱིལ་འཁོར་གསུམ་འདུས་གསལ་ནས། ཐ་མལ་ཞེན་འཛིན་བྲལ་བའི་བདེ་བ་ཆེན་པོར་རོལ་ཞིང་ནང་གི་སྦྱིན་སྲེག་གི་ཚུལ་དུ་ལོངས་སྤྱོད་པར་བྱའོ། །གསུམ་པ་ལྷག་མ་ནི། ལྷག་མ་གསོག་འཇོག་མེད་པ་ཕྱོགས་གཅིག་བསྡུས་ཏེ། ཕུད་ལྷག་མཆོད་པའི་རས་མ་བཅས་བཤམ་ལ་སྨན་རག་གིས་བྲན། སྤྱི་ལྟར་དམ་བསྒྲགས་ནས་གཅིག་ཏུ་བསྲེ་སློབ་དཔོན་གྱི་ལྕེ་རྟ་མགྲིན་ཡབ་ཡུམ་དུ་གསལ་བྱང་སེམས་བབ་པར་མོས་པས་ཁ་ཕྲུ་གདབ་སྟེ་དཀྱིལ་འཁོར་གྱི་བྱང་ཤར་དུ་བཤམ། དཔལ་ཆེན་པོའི་བྲན་དང་བཀའ་ཉན་མངག་གཞུག་ཕོ་ཉའི་ཚོགས་སུ་གྱུར་པ་དབང་ཕྱུག་ཉེར་བརྒྱད། མཁའ་འགྲོ་སུམ་ཅུ་རྩ་གཉིས་གིང་དང་ལང་ཀ་མ་སྲིང་འབར་མའི་ཚོགས་དང་གཞན་ཕྲ་མེན་ཤུགས་འགྲོ་གནོད་སྦྱིན་གྱི་རིགས་སུ་གྱུར་པ་རྣམས་སྔོན་དཔལ་ཆེན་པོའི་སྤྱན་སྔར་རྡོ་རྗེའི་བྲོ་བོར་ཞིང་། ཇི་ལྟར་དམ་བཅས་པའི་ཞི་རྒྱས་དབང་དང་མངོན་སྤྱོད་དྲག་པོའི་ཕྲིན་ལས་མ་ལུས་པ་འགྲུབ་པར་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་ནས་ལྷག་གཏོར་གོམས་པ་བདུན་ཅུའི་སར་བསྐྱལ་ལོ། །བཞི་པ་སྨོན་ལམ་ནི། གཞི་ལམ་འབྲས་བུ་ཆོས་ཐམས་ཅད་ངོ་བོ་དབྱེར་མེད་མི་བསླུ་བའི་ཕྱིར་ཆོས་ཉིད་ཀྱི་བདེན་པ། དེ་ལྟར་རྟོགས་ལ་ཐེག་དམན་བློ་ཆུང་ལ་གསང་ཞིང་གསང་སྔགས་བླ་མེད་ལ་རག་ལས་པས་གསང་སྔགས་ཀྱི་བྱིན་བརླབ་བོ། །དེའང་བླ་མའི་བྱིན་རླབས་དང་མན་ངག་གིས་རྟོགས་པར་བྱེད་དགོས་པས་སངས་རྒྱས་ཀྱི་མཐུའོ། །ཉམས་ལེན་སྐབས་སྨིན་གྲོལ་གྱི་ལམ་ལ་ཞུགས་དགོས་པ་ཨ་བྷི་ཙརྻའི་དུས་ལ་བབས། དེ་ནི་འཁོར་བའི་སྡུག་བསྔལ་དང་ཐེག་དམན་གྱི་འབྲས་བུ་ལས་འབྱིན་པས་ན་བརྣག་པ་དེ་ཁོ་ན་ལའོ། །དེ་ལྟར་གསང་སྔགས་ཀྱི་སྤྱོད་པའི་མཐུས་བྱིན་གྱིས་བཅོམ་ལྡན་འདས་ཀྱི་སྐུ་གསུང་སོགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་པའི་སྐལ་པ་དང་མཉམ་པར་གྱུར་ཅིག་ཅེས་པ་བརྗོད། ལྔ་པ་བཟོད་གསོལ་ནི། དཔལ་ཆེན་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། བདག་ཉམ་ཆུང་དགོངས་སྤྱོད་གདེང་དུ་མ་གྱུར་པ་སོགས་རྩ་བའི་སྐུ་གསུང་ཐུགས་དང་ཡན་ལག་ཉེར་ལྔ་ཐུན་མོང་སྤྱིའི་དམ་ཚིག་དང་། སྒྲུབ་པ་ཁྱད་པར་གྱི་ཉི་ཤུ། སྤྱོད་པ་རྒྱུན་གྱི་བཞི། གལ་མདོ་ངེས་པའི་དམ་ཚིག་གསུམ་སོགས་བག་མེད་དང་ཉོན་མོངས་དབང་གིས་ཉམས་ཆག་ཏུ་གྱུར་པ་ཅི་མཆིས་ཐམས་ཅད་མི་གསང་མི་སྦེད་གནོང་འགྱོད་དྲག་པོས་བཤགས་ན་བཟོད་པ་དམ་པ་གསོལ། ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པར་མི་འགྱུར་བར་དག་ཅིང་ཚངས་པ་ཆེན་པོས་དངོས་གྲུབ་སྩོལ་ཞེས་ཡིག་བརྒྱ་བརྗོད། དྲུག་པ་གཏོར་མ་ལ་གསུམ་ལས། དང་པོ་བརྟན་མ་བསྐྱང་བ་ནི། གཏོར་མ་ཕྱིར་བསྣུར་སྨན་རཀ་གིས་བྲན། བརྟན་ཞིང་ཆགས་པའི་བརྟན་མ་སྟེ་བོད་ཁམས་སྐྱོང་བའི་གཙོ་མོ་བཅུ་གཉིས་ནི། བདུད་མོ་བཞི། གནོད་སྦྱིན་མ་བཞི། སྨན་མོ་བཞི་སྟེ་རང་རང་གི་གཡོག་འཁོར་སྨན་ཕྲན་འབུམ་ཕྲག་དང་བཅས། ཕྱི་ལྟར་ཞིང་སྐྱོང་ཌཱ་ཀི། ནང་ལྟར་རྩ་རླུང་ཐིག་ལེ། གསང་ལྟར་རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་བདེན་དོན་བཅུ་གཉིས་ཀྱི་ངོ་བོ་སྟེ་ཁྱེད་ཅག་སྔོན་གྱི་ཐ་ཚིག་ལ་གནས་པའི་ཡལ་གམ་ཅན་ཏེ་སློབ་དཔོན་པདྨ་ཐོད་ཕྲེང་དང་། སློབ་མ་གླང་ཆེན་དཔལ་སེང་གིས་མོན་ཁ་ནེ་རིང་རྫོང་གསུམ་དུ་ཞིང་ཆེན་པགས་པའི་གདན་བཏིང་། དབང་བསྐུར་ནས་རྣལ་འབྱོར་གྱི་གྲལ་ལ་བཞག་ཐར་པ་ཐོབ་པའི་ལུང་བསྟན་གསང་མཚན་བཏགས། ཕྱི་རབས་སྒྲུབ་པ་པོ་རྣམས་ལ་ཕན་གདགས་ཕྱིར་བྲན་གཡོག་མངག་གཞུག་ཚུལ་དུ་ཁས་བླངས་པ་ཡིན་ན་སྔོན་གྱི་དམ་ལས་མ་འདའ་བར་འདིར་བྱོན་ཏེ། བཀའ་ཡི་གཏོར་མ་ལོངས་ལ། བོད་ཁམས་མཐའ་དམག་གདུག་པའི་རྒྱུ་འགྲུལ་གཅོད་པ་སོགས་ཇི་ལྟར་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད་ཅིག །ཅེས་གཏོར་མ་གཟའ་རྒྱུ་ཕྱོགས་དང་བསྟུན་ཏེ་བཏང་ངོ་། །གཉིས་པ་ཟོར་བསྐུལ་བ་ནི། དཔེར་ན་ཕ་རོལ་གྱི་གཡུལ་ལས་རྒྱལ་བའི་ཕྱིར། དམག་བསྡུས། གོ་བསགས། མཚོན་བརྡར་བའི་སྒོ་ནས་འཐབ་པའི་སྦྱོར་ཆོག་ཐམས་ཅད་ཟིན་པའི་འོག་ཏུ་གང་གཡུལ་བཀྱེ་བའི་སར་སོང་སྟེ་དགྲ་དང་གཡུལ་སྤྲད་པ་ལྟ་བུ་སྟེ། དགྲ་བགེགས་བྱད་མའི་མཐུ་སྟོབས་གཞོམ་ཕྱིར་དུ་རྫས་སྔགས་དམིགས་པའི་འཕྲུལ་འཁོར་ཐམས་ཅད་ཚོགས་པར་བྱས་ནས་ལས་ལ་སྦྱར་བ་ཡིན་ཀྱང་། དཀྱུས་ཙམ་དུ་གཏོར་མ་དེ་ཉིད་ནད་དུག་མཚོན་ཆའི་ཕུང་པོར་དམིགས་ཏེ་དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པའི་དམག་དཔུང་དང་བཅས་པས་བཏེག་སྟེ་གང་ལ་དམིགས་པའི་དགྲ་དང་བགེགས་ཀྱི་ཕྱོགས་སུ་འཕང་བར་མོས་ལ་ཟོར་བསྐུལ་དང་སྔགས་བཟླས། དགྲ་བགེགས་དམ་སྲི་རྒྱབ་རྟེན་ལྷ་སྲུང་དང་བཅས་པའི་ལྔ་ཕུང་རྡུལ་དུ་བརླགས་ནས་རྣམ་ཤེས་བདེ་བ་ཆེན་པོ་ལ་སྦྱོར་བར་མོས་པའོ། །གསུམ་པ་བྲོ་བརྡུང་བ་ནི། གཏོར་གཞོང་རི་རབ་གསལ་བའི་འོག་ཏུ་གནོད་བྱེད་དམ་སྲི་རྒབ་འདྲེ་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་བཀུག་ནས། རྣལ་འབྱོར་པ་རྣམས་དཀྱིལ་འཁོར་གསུམ་དུ་གསལ་ཞིང་ལག་པ་ལུག་རྒྱུད་དུ་སྦྲེལ་ལ། རྡོ་རྗེ་རྒྱ་མདུད་ཀྱི་བྲོ་དངོས་སུ་འཁྲབ་བམ་ཡིད་ཀྱིས་མོས་པས། དཔལ་ཆེན་པོའི་ལྷ་ཚོགས་སྟོང་གསུམ་གང་བར་བྱོན་ནས་ཞལ་ནས་ཕུར་པའི་འཛབ་དབྱངས་བཅས་ཐབས་ཤེས་དབྱེར་མེད་ཀྱི་བྲོ་བརྡུངས་པས་དགྲ་བགེགས་དམ་སྲིའི་ཚོགས་རྣམས་ཕྱེ་མར་བརླགས་པས་བྱང་ཆུབ་ཀྱི་སེམས་མ་སྐྱེས་ཀྱི་བར་དུ་དེ་ཉིད་ནམ་ཡང་ལྡང་བ་མེད་པར་མོས་ལ་གནས་ལུགས་ལྟ་བའི་རྒྱས་གདབ་པས་སྣང་སྲིད་གཡོ་འགུལ་མེད་པར་བསམ་མོ། །བདུན་པ་དཀྱིལ་འཁོར་བསྡུ་བ་ནི། སྣང་སྲིད་ཐམས་ཅད་འོད་དུ་ཞུ། གཞལ་ཡས་ཁང་ལ་ཐིམ་པ་སོགས་མཐར་མི་དམིགས་པའི་ངང་ལ་བཞག་པས་རྟག་མཐའ་བསལ་ཏེ། ཕྱི་བཟུང་བའི་ཡུལ་གྱི་སྣང་གྲགས་སོགས་བདེན་འཛིན་མེད་པས་རང་བཞིན་གྱིས་སྟོང་པ། ནང་འཛིན་སེམས་ལ་བལྟས་པས་གཞི་མེད་རྩ་བྲལ། རྟོགས་མཁན་རིག་པ་ལ་བལྟས་ཀྱང་མཐོང་བྱ་མཐོང་བྱེད་གཉིས་མེད་སོ་སོར་རང་རིག་ལས་ཅུང་ཟད་ཙམ་ཡང་མེད་པ་འདི་ནི་ལྟ་བ་རང་བྱུང་གི་ཡེ་ཤེས་ཡིན་པར་ཐག་ཆོད་ལ༑ དེའི་ངང་ལ་གནས་པ་སྒོམ་པ། མི་འབྲལ་བ་སྤྱོད་པ། མངོན་གྱུར་འབྲས་བུ་སྟེ་དེ་བཞིན་དབྱེར་མེད་ཆོས་ཉིད་མཉམ་ཀློང་ཡངས་པའི་ངང་དུ་གཟུང་འཛིན་ཐམས་ཅད་རང་ཤར་རང་གྲོལ་བར་འགྱུར་རོ། །བརྒྱད་པ་རྒྱུན་གྱི་ཏིང་འཛིན་ནི། ཕཊ་གསུམ་བརྗོད་པས་སྟོང་གསལ་གྱི་ངང་ལས་ཆུ་ལས་ཉ་ལྡང་བའི་ཚུལ་དུ་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཐུགས་སྲོག་སེམས་དཔའ་ས་བོན་དང་བཅས་པ་ལམ་གྱིས་གསལ་བཏབ་པས་ཆད་མཐའ་བསལ་ཞིང་། ཕྱི་ནང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་སོགས་དོན་དམ་པར་སྐྱེ་མེད་ཆོས་སྐུའི་རང་བཞིན་ལ། ཀུན་རྫོབ་ཏུ་གཞལ་ཡས་ཁང་ལྷ་དང་ལྷ་མོའི་རང་བཞིན་བདེན་གཉིས་དབྱེར་མེད་ཆོས་ཉིད་ལ་ཆོས་ཉིད་དམ། ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་ཟ་ཉལ་འགྲོ་འདུག་སོགས་སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་ལམ་ཁྱེར་བྱའོ། །དེ་ལྟར་བརྩོན་པས་བྱང་ཆུབ་སྒྲུབ་པའི་བར་ཆད་ཞི་ཞིང་ལས་བཞི་གྲུབ་པ་བརྒྱད་སོགས་ཐུན་མོང་དང་མཆོག་གི་དངོས་གྲུབ་གཞི་འབྲས་དབྱེར་མེད་སྐུ་ལྔ་ཡེ་ཤེས་དགུ་ལྡན་དཔལ་རྡོ་རྗེ་གཞོན་ནུའི་དགོངས་པ་མངོན་དུ་བྱེད་པར་འགྱུར་རོ། །དེ་ལྟར་སྤྱི་དོན་གྱི་རྣམ་བཞག་དང་། ལས་བྱང་གི་བསྒོམ་དོན་ཅུང་ཟད་བཀོད་པ་འདི་ལ་ལས་དང་པོ་པ་རྣམས་ཀྱིས་ཐོག་མར་འདི་ཙམ་གོམས་འདྲིས་ཐོན་པར་བྱས་ནས་སླད་ནས་རྒྱུད་གཞུང་མན་ངག་རྣམས་ལ་ཡོངས་སུ་གོམས་འདྲིས་ཐོན་པར་བྱ་བ་གལ་ཆེའོ། །ཞེས་པ་འདིའང་ཐོས་བསམ་ཁོ་ནས་འཆད་རྩོད་རྩོམ་པ་མཛུབ་མོས་རི་སྟོན་ལྟ་བུ་མ་ཡིན་པར་སྒོམ་བྱུང་གི་ཤེས་རབ་ཟབ་མོ་གོམས་སྟོབས་ཀྱིས་ཉམས་མྱོང་སྒོམ་ཁྲིད་དང་གོ་བསྟུན་ཏེ་དེང་སང་མཁས་གྲུབ་ཡོངས་ཀྱི་དཔལ་དུ་གྱུར་པ། ༧ཟེ་ཆེན་རྒྱལ་ཚབ་རིན་པོ་ཆེས་མཛད་པའི་ཕུར་པ་ཡང་གསང་སྤུ་གྲིའི་རྣམ་བཤད་རིག་འཛིན་ཞལ་ལུང་ནང་གསལ་ལྟར་མཆེད་གྲོགས་རྣམས་ལ་ཅུང་ཟད་འཆད་ཁུལ་རློམ་པའི་སྐབས་མི་བརྗེད་དྲན་འཛིན་ཐོབ་ཕྱིར་འདི་ལྟར་བྲི་དགོས་ཞེས་རྣམ་རིག་མཆོག་ཏུ་བཀྲ་བ་ཉམས་རྟོགས་ཡོན་ཏན་གྱི་གེ་སར་གསར་དུ་བཞད་པ་སྒྲུབ་གྲྭ་སངས་རྒྱས་རྡོ་རྗེ་ལགས་ནས་ལྷ་རྫས་རབ་དཀར་རྡོར་དྲིལ་ཆུང་ངུ་བཅས་དུས་ཚེས་དགེ་བའི་ཉིན་བསྐུལ་ངོ་མ་ལྡོག་ཙམ་དུ། ༧གྲུབ་སྲས་ཨ་བུ་ཧྲལ་པོས་བྱ་རྫོགས་སྐད་ཅིག་གིས་ཟིན་བྲིས་སུ་བཏབ་པ་ཡིན་པས་ཁྱེད་རྣམས་ཀྱི་ཡིད་ལ་ངེས་ཤིང་། བདུད་བཞིའི་བར་ཆད་ཞི་ནས་བསྐྱེད་རྫོགས་ཀྱི་བརྟན་པ་ཐོབ་པའི་མཐུན་རྐྱེན་དུ་འགྱུར་བར་ཤོག་ཅིག། །།  }}
</onlyinclude>
{{TsagliCall}}
<headertabs/>

Revision as of 15:27, 3 June 2024

Wylie title SPCD-KABUM-02-KHA-006.pdf
Location 'phags mchog bka' 'bum
Volume 2, Text 6, Pages (Folios to )
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre
[edit]

༄༅། །དཔལ་ཆེན་རྡོ་རྗེ་ཕུར་པའི་རྣམ་བཤད་དང་ལས་བྱང་གི་སྒོམ་དོན་ཉུང་དྲིལ་བཞུགས་སོ།།

རིགས་ལྔ་ཁྲག་འཐུང་འདུས་པའི་སྤྱི་དཔལ་ཆེ། །ཉོན་མོངས་དགྲ་བགེགས་འཇོམས་མཛད་ཕྲིན་ལས་རིགས། །གང་འདུལ་ཁྲོ་བོའི་རྣམ་རོལ་ཉམས་བརྒྱས་སྒེག །རྡོ་རྗེ་གཞོན་ནུ་ཁྲོ་བཅུ་སྲས་འཁོར་བཅས། །མི་ཕྱེད་དད་པས་ལྷག་པའི་ལྷ་རུ་བཟུང་། །མཆོག་ཐུན་གྲུབ་པ་བརྙེས་པའི་དགེ་ལེགས་སྩོལ། དེའང་དང་པོ་སྒྲུབ་དགོས་པའི་དོན་སྤྱི་ནི། ལྷ་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་བདུད་དགའ་རབ་དབང་ཕྱུག་དང་བཙུན་མོ་པདྨའི་ཕྲེང་བ་ཅན་གཉིས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དེ་ཡིས་སེམས་ཅན་མང་པོ་བྱང་ཆུབ་ལམ་ལ་བཀོད་ནས་འཁོར་འབངས་ཟད་ཀྱིས་དོགས་ནས་མཆོག་ཐུན་གྱི་གྲུབ་པ་བརྙེས་པ་ལ་བར་ཆད་རྩོམ་པར་བྱེད་དེ་རྣལ་འབྱོར་པ་ལམ་གྱི་རྟགས་ཐོན་པ་རྣམས་ལའང་དངོས་སུ་བར་ཆད་རྩོམ། དེ་མན་ཆད་ལ་བདུད་ཀྱིས་བྱིན་གྱིས་བརླབས་ཤིང་བློ་བསྒྱུར་བར་བྱེད་དེ་བླ་མ་མཆེད་དང་། དད་པ་དམ་ཚིག་ཆོས་དང་ལྟ་སྒོམ་སྤྱོད་པ་སོགས་ལ་བློ་ལྡོག་པར་བྱེད་ནས་སྡིག་གྲོགས་དང་འདུ་འཛི་རྣམ་གཡེང་ལ་དགའ། རྒྱུ་འབྲས་འཆོལ་བར་སྤྱོད་དེ་ལས་ཀྱི་མཐའ་ལོག་འོང་། གཞན་བརླབས་ཏེ་གཉེན་འདུན་དང་འཁོར་སློབ། ཡོན་བདག་ཏུ་བརྫུས་ཏེ་ཆོས་ལས་ལྡོག་པ་དང་། དགྲ་ཀུན་དང་མི་མ་ཡིན་རྣམས་ལ་གནོད་འཚེ་བྱེད་དུ་འཇུག་པ་སོགས་ཆོས་སྒྲུབ་པ་ལ་བར་དུ་གཅོད་པ་སྒོ་དུ་མ་ནས་འབྱུང་སྟེ། དེ་བཟློག་པ་ལ་དང་པོ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་ལ་ཞི་དུལ་སྤྱོད་པས་གྲོལ་ལོ། །དེས་མ་གྲོལ་ན་བདུད་དུ་བལྟས་ཏེ་འདུལ་བ་ལ་རྡོ་རྗེ་ཕུར་པ་ལས་ལྷག་པ་གཞན་མེད་པས་ཡི་དམ་མམ་སྲུང་མའི་ཚུལ་དུ་སྒྲུབ་དགོས་ཤིང་། དེ་ལྟར་བསྒྲུབ་བྱ་ལྷ་ཡི་ངོ་བོ་སོགས་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཆོས་ཀྱི་དབྱིངས་སུ་མི་དམིགས་པ་ཡིན་ལ། ངེས་ཚིག་ནི་རྡོ་རྗེ་ཅེས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པ་སྟེ། གཞན་གྱིས་ཚུར་མི་ཆོད་པ། མི་ཤིགས་པ། རྐྱེན་གྱིས་མི་འགྱུར་བས་བདེན་པ། སྲ་བ། བརྟན་པ། མཚན་འཛིན་རྟོག་པ་ཐམས་ཅད་ཕར་འཇོམས་པ་ལ་ཐོགས་པ་མེད་པ་ཐམས་ཅད་ཀྱིས་ཕམ་པར་མི་ནུས་པའི་མཐུ་དང་ལྡན་པའོ། །གཞོན་ནུ་ནི་གཞི་ལམ་འབྲས་བུ་གང་གི་སྐབས་སུའང་ངོ་བོ་ལ་འཕོ་འགྱུར་བགྲེས་རྒུད་མེད་པ། སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་རང་བཞིན་དུ་གནས་པའི་དོན་ནོ། །དེའི་ཡབ་ནི་སངས་རྒྱས་ཐམས་ཅད་འདུས་པའི་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །ཡུམ་ནི་ཀུན་བཟང་རྣམ་ཞལ་དབྱིངས་ཕྱུག་མ་ཡིན། རིགས་ནི་སྤྱིར་རིགས་ལྔ་ཁྲག་འཐུང་ཐམས་ཅད་འདུས་པའི་སྤྱི་དཔལ་ཡིན་ཞིང་བདག་འཛིན་ཉོན་མོངས་དང་རུ་ཏྲ་བདུད་སོགས་འཇོམས་པའི་ཕྱིར་ཁྲོ་བོ་ཀརྨ་ཧེ་རུ་ཀ་སྟེ་ཕྲིན་ལས་ཀྱི་རིགས་སུ་གཏོགས། སྐུ་ཡང་ཞི་བའི་དུས་རྡོ་རྗེ་སེམས་དཔའ། ཕྱི་ཀྲི་ཡོག་དུས་རྣམ་འཇོམས། བྱང་སེམས་དུས་ཕྱག་རྡོར་ཡིན་ལ། བྱེ་བྲག་ཏུ་སྐུ་ཡི་འདུལ་བར་གཤིན་རྗེ། གསུང་གི་པདྨ་དབང་ཆེན། ཐུགས་ཀྱི་བཛྲ་ཧེ་རུ་ཀ །ཡོན་ཏན་ཆེ་མཆོག །ཕྲིན་ལས་ཀཱི་ལ་ཡ། གཟི་བརྗིད་བླ་མེད་མངོན་རྫོགས། དྲག་པོ་དྲེགས་པ་ཀུན་འདུལ། སྟོབས་ཀྱི་སྟོབས་ལྡན་ནག་པོ། བྱིན་རླབས་བླ་མ་རིག་འཛིན། འདོད་ཡོན་ཨ་པ་ར་ཛི་ཏ། སྲུང་བ་མི་གཡོ་དཀར་པོ། བཟློག་པ་གཙུག་ཏོར་རྣམ་རྒྱལ་མ་སོགས་གང་ལ་གང་འདུལ་དུ་སྣང་བར་མཛད་ཅིང་། སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཀྱང་། གསང་རྒྱུད་ལས། དབུ་སྟོང་ཕྱག་སྟོང་སྤྱན་བྱེ་བ་མངའ་བ། མྱང་འདས་ལས་དབུ་དགུ་ཕྱག་བཅོ་བརྒྱད། རྩ་རྒྱུད་རྡོ་རྗེ་ཁྲོས་པ་སོགས་ལས་ཞལ་གསུམ་ཕྱག་དྲུག་གམ། ཞལ་བཞིའམ། ཞལ་གཅིག་ཕྱག་གཉིས་སོགས་ངེས་མེད་གདུལ་བྱའི་དབང་གིས་སོ་སོར་སྣང་བའོ། །དེ་ལྟར་སྒྲུབ་པ་ལ་དང་པོ་དགོས་དོན་རྣམ་པ་དྲུག་གི་ཁོག་དབུབ་པ་ལ། དང་པོ་ནི་ད་ལྟར་གྱི་སྣང་བ་སྣ་ཚོགས་འདི་ཡེ་ཤེས་རིག་པའི་རང་རྩལ་ཡིན་པའི་ཕྱིར་རྟགས་ལྷ་ཡི་ཕྱག་རྒྱར་རྫོགས། སྣང་བའི་དུས་ཉིད་ངོ་བོ་སྟོང་པ་སྤྲོས་བྲལ་ལས་མ་གཡོས་པའི་དབྱིངས་ཏེ་དོན་ཆོས་ཉིད་དུ་རྫོགས། སྣང་སྟོང་ཐ་མི་དད་པ་ངོ་བོ་དབྱེར་མེད་བརྗོད་བྲལ་མཉམ་ཉིད་དུ་གནས་པ་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་སུ་རྫོགས་ཏེ་དེ་ནི་དབྱིངས་ཡེ་དབྱེར་མེད་ཨ་ཏི་ཡོ་གའི་ལྟ་བ་མཐར་ཐུག་ཡིན་ནོ། །གཉིས་པ་སྒོམ་པའི་དྲོད་བཙལ་བ་ནི། ཏིང་འཛིན་གསུམ་གྱི་འོད་འཕྲོས། ཕྱི་ཡུལ་འབྱུང་ལྔ་ཡུལ་ལྔའི་རང་བཞིན་གཞལ་ཡས་ཁང་དང་། བྱེ་བྲག་ཕྱི་ཕུར་པ་ལ་ནང་གཞལ་ཡས་ཁང་སྟེ། དབལ་ངན་སོང་གསུམ། རྒྱ་མདུད་གོང་མར་འདོད་ཁམས་གནས་རིགས། ལྕུམ་གཞོག་སྨད་གཟུགས་ཁམས། སྟོད་གཟུགས་མེད་ཁམས། རྒྱ་མདུད་འོག་མར་ཆེ་མཆོག་ཁྲོ་བོའི་བཞུགས་གནས་དང་། ནང་བཅུད་སེམས་ཅན་ཐམས་ཅད་ཀྱང་རྡོ་རྗེ་གཞོན་ནུ་རྩ་བའི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོ། ཕུར་པ་སྲས་ཀྱི་དཀྱིལ་འཁོར་ཏེ། དེ་དག་གི་སྲོག་སྙིང་གི་དཀྱིལ་དུ་ཡེ་ཤེས་སེམས་དཔའ་ཐུགས་སྲོག་ས་བོན་ཙིཏྟའི་སྒོ་སྲུང་དང་བཅས་པ་བསྒོམ། གསུམ་པ་སྤྱོད་པའི་བོགས་དབྱུང་བ་ནི། ཕྱི་ནང་འབྱུང་བ་བསྡུས་པའི་སྣང་བ་ཐམས་ཅད་ཆེ་མཆོག་སྐུ་ཡི་དཀྱིལ་འཁོར་ཡིན་པར་ཤེས་པས། ཆགས་སྡང་གཟུང་འཛིན་གྱི་ཡུལ་མེད། སྒྲ་སྐད་ཀཱི་ལ་ཡ་ཆོས་ཉིད་ཀྱི་རང་སྒྲ་ཤེས་པས་སྙན་མི་སྙན་གྱི་འཛིན་པ་ལས་གྲོལ། དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་རང་རྩལ་ཤེས་པས་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ་མི་འཁྲུགས་ཤིང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་བྱམས་དང་སྙིང་རྗེས་གང་ལ་གང་འདུལ་ཕྲིན་ལས་ཐབས་ལ་མཁས་པའི་སྤྱོད་པ་ལ་བསླབ་པར་བྱའོ། །བཞི་པ་དབང་གི་གདེང་བཙལ་བ་ནི། གོང་སྨོས་ལྟ་སྒོམ་སྤྱོད་གསུམ་རྒྱུད་ཐོག་ཏུ་ཁེལ་བས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་དུས་གཅིག་ཏུ་རྫོགས་ཏེ་དབང་དང་བྱིན་རླབས་ཐམས་ཅད་ཀྱི་མཆོག་ཡིན་ཞིང་གཞན་དག་ཕྱི་ནས་བསྐུས་པ་དང་འདྲ་བར་གསུངས་སོ། །ལྔ་པ་དམ་ཚིག་གི་དོན་ལས་མི་འདའ་བ་ནི། རྟོགས་གོམས་གདེང་དུ་གྱུར་པའི་ཀུན་ཁྱབ་སྙིང་རྗེ་ཆེན་པོས་མཚམས་སྦྱར་ཏེ་གདུལ་དཀའི་སེམས་ཅན་རྣམས་དྲག་པོ་མངོན་སྤྱོད་ཀྱིས་བསྒྲལ་ཏེ་ཕུང་པོ་ལྷར་བསྐྱེད། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྲེ་ཞིང་སྟོང་ཉིད་སྙིང་རྗེ་འབྲེལ་བའི་ལས་གང་རྩོམ་དོན་ཆེན་པོ་དང་ལྡན་ཞིང་ཕར་ཐེབ་ལ་ཚུར་མི་ལྡོག་པའི་མན་ངག་དམ་ཚིག་ཐམས་ཅད་ཀྱི་མཆོག་ཡིན་ནོ། །དྲུག་པ་འབྲས་བུ་ལ་བཟླ་བ་ནི། ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་རང་གསལ་བས་སྤྲུལ་སྐུ། གསལ་དུས་ཉིད་ནས་སྤྲོས་དང་བྲལ་བས་ཆོས་སྐུ། དབྱེར་མེད་བདེ་བ་ཆེན་པོ་ལོངས་སྐུ། ཡེ་ནས་མ་བཅོས་རང་བཞིན་དུ་བཞུགས་པ་ངོ་བོ་ཉིད་སྐུ། དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཕོ་འགྱུར་མེད་པར་གནས་པས་མི་འགྱུར་རྡོ་རྗེའི་སྐུ་སྟེ་རྟོགས་གོམས་མཐར་ཕྱིན་པའི་འབྲས་བུའོ། །དེས་ནི་དཔེ་ཡིད་བཞིན་གྱི་ནོར་བུ་ལག་ཏུ་ལོན་པ་ལྟར་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །གཉིས་པ་ཐལ་འབྱིན་རྣམ་བཞིའི་སྤྱི་དོན། གདབ་པར་བྱ་བའི་རྫས་བཞི། འདེབས་བྱེད་གང་ཟག་བཞི། གདབ་པར་བྱ་བའི་ཐབས་བཞི། གདབ་བྱའི་ཡུལ་བཞི། ཐེབས་པའི་རྟགས་དང་ཕན་ཡོན་བཞི། མ་ཐེབས་པའི་སྐྱོན་བཞི་བཤད་པ་ནི། ཕུར་ནི་སྐྱེ་བ་མེད་པ། པ་ནི་འགག་པ་མེད་པ། ཕར་ཐེབ་ལ་ཚུར་མི་ལྡོག་པས་ཕུར་པ་ཅེས་བྱ་སྟེ། དེ་འདེབས་མཁན་གྱི་གང་ཟག་བློ་ཡངས་ཤིང་ཤེས་རབ་ཆེ་བས། རྒྱུ་ནི་རང་རིག་ཡེ་ཤེས་ཀྱི་ཕུར་པ། གདབ་པའི་ཡུལ་ཆོས་ཀྱི་དབྱིངས། ཐེབས་པའི་ཚད་འཁྲུལ་སྣང་ཐལ་འབྱིན་དུ་ཕུག་ཅིང་དབྱིངས་ཡེ་དབྱེར་མེད་ཆོས་སྐུ་ཐོབ་བོ། །མ་ཐེབས་པའི་སྐྱོན་འཁོར་བར་འཁྱམ་མོ། །འདོད་ཆགས་ཆེ་ཞིང་བརྩོན་འགྲུས་ལྡན་པས། རྒྱུ་ནི་ཡབ་ཀྱི་བྱང་སེམས་ཀྱི་ཕུར་པ། གདབ་ཡུལ་ཡུམ་གྱི་མཁའ་གསང་། ཐེབས་པའི་ཚད་སྣང་སེམས་མ་དག་དབྱིངས་སུ་ནུབ་ཅིང་སྤྲུལ་པའི་སྲས་མཆོག་འབྱིན་ནས་བདེ་སྟོང་དབྱེར་མེད་ལོངས་སྐུ་ཐོབ། མ་ཐེབས་འཁོར་བའི་རྨང་རྡོ་བྱེད་དོ། །དད་པ་དང་སྙིང་རྗེ་ཆེ་བས་རྒྱུ་ནི་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཕུར་པ། གདབ་ཡུལ་རིགས་དྲུག་གི་སེམས་ཅན། ཐེབས་པའི་ཚད་རང་འདོད་ཀྱི་འཁྲི་བ་ཆོད་ཅིང་སྲིད་པར་མི་གནས་ཞི་བར་མི་གོལ་བའི་འགྲོ་དོན་ནུས་པའི་སྤྲུལ་སྐུ་ཐོབ། མ་ཐེབས་པའི་སྐྱོན་ལས་ཀྱི་སྲིན་པོར་གོལ་བའོ། །ཞེ་སྡང་དང་གནག་པ་ཆེ་བས། རྒྱུ་ནི་གསེར་དངུལ་ཟངས་ལྕགས་ཀྱི་ཕུར་པ། གདབ་ཡུལ་ནད་གདོན་དབུལ་ཕོངས་དགྲ་བགེགས་དང་ཉམས་པ་བདུན་ལྡན་ཞིང་བཅུ་ཚང་བའི་ཚོགས་ལ། ཐེབས་པའི་ཚད་རྣམ་སྨིན་ལས་ངན་གྱི་སྐྱེ་རྒྱུན་ཆད་ཅིང་སྒྲོལ་བར་ནུས་པ་དང་། སྣང་སྲིད་ཕུར་པའི་དཀྱིལ་འཁོར་མངོན་དུ་གྱུར། མ་ཐེབས་པའི་སྐྱོན་བསྟན་པ་སྲུང་བར་མི་ནུས་པའོ། །དེ་ལྟར་སྒྲུབ་ཅིང་གདབ་པའི་དགོས་ཆེད་དང་ཕན་ཡོན་ནི་བར་ཆད་ཐམས་ཅད་ཞི་ཞིང་ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པ་དང་འབྲས་བུ་སྐུ་བཞི་སོགས་ཐོབ་པར་བྱེད་དོ།། ༈ །།སྒྲུབ་ཐབས་ལས་ཀྱི་རིམ་པའི་སྒོམ་དོན་སྙིང་པོ་མདོར་བསྡུས་བརྗོད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་སྟེ། དང་པོ་སྔོན་འགྲོ་ལ་བདུན་ལས། ཕྱི་མཚམས་རྒྱལ་ཆེན་གྱི་ཐོ་བཙུགས་པས་རྣམ་གཡེང་ཞི། ནང་མཚམས་སྐྱབས་སེམས་ནས་རང་སེམས་ཆོས་སྐུའི་ངང་ལས་སྐད་ཅིག་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་ཚོགས་འཕྲོས་པས་བདུད་བགེགས་ལོག་འདྲེན་ཚར་བཅད། སླར་འདུས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་གཏམས་པས་བསྐལ་པའི་རླུང་ཡང་མི་ཐར་བར་བསམ་པས་བར་ཆད་ཞི། གསང་མཚམས་བར་དུ་བཅད་བྱ་གཅོད་བྱེད་གཅོད་པ་པོ་ཐམས་ཅད་རང་སེམས་འཁྲུལ་བའི་རྣམ་རྟོག་ཏུ་ཐག་ཆོད་དེ་སེམས་ཉིད་སྟོང་གསལ་ཆོས་སྐུའི་ངང་དུ་བཞག་པས་མི་ཤིགས་རྡོ་རྗེའི་མཚམས་ཏེ་རང་སེམས་ཆོས་སྐུར་གནས་པའི་དགོས་པ་ཡོད་དོ། །གཉིས་པ་ལྷ་དང་འཁོན་གཅུགས་སྦྱང་བའི་བཤགས་པ་ནི། བླ་མ་རིག་འཛིན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་མདུན་མཁར་གསལ་ལ་ཐོག་མེད་ནས་བདག་འཛིན་དབང་གིས་རྩ་བ་ཡན་ལག་གི་དམ་ཚིག་འགལ་ཉམས་སོགས་གནོང་འགྱོད་དྲག་པོས་བཤགས་པས་བྱང་ཞིང་དག་ནས་ཐུགས་ཀྱིས་དགོངས་ནས་བྱིན་གྱིས་རློབ་པའི་གནས་སུ་རུང་བར་མོས། གསུམ་པ་གནས་ངན་གྱི་རྟོག་པ་བསལ་ཕྱིར་བརྡ་སྒོ་དབྱེ་བ་ནི། སྔགས་བརྗོད་པའི་རྐྱེན་གྱིས་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དབྱིངས་སུ་སྦྱངས་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ཤག་གིས་བྱེ་ནས་ཞུགས་པས་རང་བྱུང་གདོད་མའི་ལྷ་དང་མཇལ་བར་མོས། བཞི་པ་ཆེ་ཆུང་བཟང་ངན་གྱི་རྟོག་པ་བསལ་ཕྱིར་བརྡའ་ཕྱག་ནི། ཀུན་རྫོབ་ཏུ་ལྷ་དང་སློབ་དཔོན་རྡོ་རྗེའི་མཆེད་དཀྱིལ་འཁོར་སོགས་ལ་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཞིང་། དོན་དམ་པར་ཕྱག་འཚལ་ཡུལ་འཚལ་མཁན་གཉིས་སུ་མེད་པར་མོས། ལྔ་པ་རྒྱལ་བའི་གདུང་འཚོབ་པའི་ཕྱིར་དམ་བཅའ་བ་ནི། ལྷག་པའི་ལྷ་ཡི་སྤྱན་སྔར་དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གཟུགས་ཀྱི་སྐུ་གཉིས་ཀྱིས་འགྲོ་དོན་རྩོམ་པའི་དམ་བཅའ་བཟུང་བར་མོས། དྲུག་པ་བྱིན་དབབ་པ་ནི། གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་སྒྲུབ་པ་དང་། དབྱིངས་ཡེ་དབྱེར་མེད་ཆོས་སྐུ་མཉམ་པ་ཆེན་པོའི་ངང་ལས། གང་འདུལ་ལྷ་ཡི་ཚོགས་ཀྱི་ཐུགས་དམ་གནད་ནས་བསྐུལ་ཏེ་སྦྱོར་མཚམས་རྣམས་ནས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་དཔག་ཏུ་མེད་པ་བབས་པས་སྒོ་གསུམ་གྱི་དྲི་མ་དག །དབང་དང་བྱིན་རླབས་དངོས་གྲུབ་ཐོབ། དབང་ཆེན་རྣམས་ཀྱིས༴ བྱིན་ཆེན་རྣམས་ཀྱིས༴ མཐུ་ཆེན་རྣམས་ཀྱིས་སྒྲུབ་པ་པོའི་རྟགས་དང་མཚན་མ་ཐམས་ཅད་མྱུར་དུ་བསྟན་ནས་མཐར་བདག་གནས་ཡོ་བྱད་ཐམས་ཅད་ལ་ཐིམ་པ་མོས། བདུན་པ་མཆོད་རྫས་བྱིན་རླབས་ནི། བདག་ལྷར་གསལ་བའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་གསུམ་འཕྲོས་མཆོད་རྫས་ཀྱི་དངོས་འཛིན་བག་ཆགས་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་དག་པར་བྱས། སླར་ཡང་ཨོཾ་དཀར་པོ་འཕྲོས་རྫས་རང་ག་མའི་རྟོག་པ་སྦྱངས། ཨཱཿདམར་པོ་འཕྲོས་གཟུང་འཛིན་གྱི་བག་ཆགས་ངན་རྟོག་བསྲེགས། ཧཱུྃ་མཐིང་ག་འཕྲོས་མཆོད་རྫས་ཐམས་ཅད་ཟག་མེད་བདུད་རྩིའི་རང་བཞིན་དུ་བྱིན་བརླབས། བྱེ་བྲག་ཏུ་དམ་རྫས་ཤ་ལྔ་བདུད་རྩི་ལྔ་རིགས་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ཟག་མེད་བདུད་རྩིའི་རྒྱ་མཚོ་དང་། རྒྱུ་དྲུག་འཁོར་བ་དབྱིངས་སུ་བསྒྲལ་བའི་ཆགས་མེད་རཀྟའི་རྒྱ་མཚོ་ཤ་ཆེན་གྱི་ལྷུ་དུམ་གྱིས་བརྒྱན་པ། ཕྱི་འདོད་ཡོན་ལྔ་ལྡན་གྱི་གཏོར་མ། ནང་གཞལ་ཡས་ཁང་དང་ལྷར་གསལ་བ། གསང་བ་ཆོས་ཀྱི་དབྱིངས་ཀྱི་གཏོར་གཞོང་དུ་ཉོན་མོངས་རྣམ་རྟོག་གི་གཏོར་མ། རིག་པ་ཡེ་ཤེས་ཀྱི་རྒྱན་གྱིས་བརྒྱན་པ། སྒྲུབ་དུས་ལྷར་ཤེས་པ། མཆོད་དུས་འདོད་ཡོན། ཟོར་དུས་མཚོན་ཆར་ཤེས་པས་སོ་སོའི་སྔགས་བརྗོད་ནས་བྱིན་གྱིས་བརླབས་ཤིང་ཕྱི་མཆོད་རྣམས་ཀྱང་འབྲུ་གསུམ་གྱིས་འདོད་ཡོན་གྱི་ལྷ་མོ་མཆོད་རྫས་ཐོགས་པ་དཔག་ཏུ་མེད་པར་སྤྲུལ་ནས་བརླབ་བོ།། ༈ །།གཉིས་པ་དངོས་གཞི་ལ། ཆོས་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་མོ། །དེའང་སྟོང་པ་རང་རིག་པས་ཉོན་མོངས་རྣམ་རྟོག་གནས་སུ་གཅོད་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། གནས་ལུགས་ཟབ་མོ་དེ་ལྟར་མ་རྟོགས་པའི་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་རྩ་བ་ནས་བཅད་པར་བྱའོ་སྙམ་པ་ནི་སྙིང་རྗེ་ཡོངས་ཁྱབ་ཀུན་སྣང་གི་ཏིང་ངེ་འཛིན་དང་། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ནམ་མཁའི་དབྱིངས་སུ་སེམས་ཀྱི་རྟེན་དྭངས་མའི་སྲོག་ཧཱུྃ་སྔོན་པོ་བསྐྱེད་པ་རྒྱུ་ཡི་ཏིང་ངེ་འཛིན་ཏེ། དེ་ལས་ཨེ་ཡྃ་སོགས་འཕྲོ་འདུས་གྱུར་པ་ལས་འབྱུང་ལྔ་རིམ་བརྩེགས་གསལ་བའི་སྟེང་། གསུམ་པ་གཞལ་ཡས་ཁང་བསྐྱེད་པ་ནི། ཧཱུྃ་དེ་ལས་བྷྲཱུྃ་ཁ་དོག་ལྔ་ལྡན་འཕྲོས། དེ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ལྔ་ཡི་རང་བཞིན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི། སྒོ་བཞི། སྒོ་ཁྱུད་གློ་འབུར་ཚུར་ཅན། ཕོ་བྲང་ནང་མར་ཐོད་པ་སྐམ་རློན་རྙིད་པའི་རྩིག་པ་སུམ་རིམ་གནམ་ལྕགས་ཀྱི་གཟེར་གྱིས་བཏབ་པ། སྒོ་ཁྱུད་སྤངས་པ་སྒོ་བཞི། གཞལ་ཡས་ཁང་ཕྱི་མ་ལ་ཐོད་པས་དཀྲིག་པ་སོགས་དང་། བཞི་པ་གདན་བསྐྱེད་པ་ནི། བཛྲ་ཏ་ཏཾ་སོགས་བརྗོད་པས་ལྷ་གནས་ཐམས་ཅད་དུ་རྡོ་རྗེ་བྲག་ཆེན་གཏམ་པའི་ས་གཞི། ཧཱུྃ་ལས་འོད་འཕྲོས་ཕྱོགས་སྐྱོང་བཅུ་ཆུང་མ་དང་བཅས་པ་བཀུག །དེ་སྟེང་མ་སཱུརྻ་སོགས་བརྗོད་པས་པད་ཉི་ཟླ་བའི་གདན་རེ་རེའི་སྟེང་དུ། ལྔ་པ་རྩ་བའི་དཀྱིལ་འཁོར་བསྐྱེད་པ་ནི། སྤྱིར་སྐྱེ་གནས་བཞིའི་བག་ཆགས་སྦྱང་བའི་ཕྱིར་བསྐྱེད་ལུགས་མང་རུང་འདིར་བསྡུས་པ་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ནི། ཧཱུྃ་དེ་དབུས་ཀྱི་གདན་ལ་བབ་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་སླར་རྡོ་རྗེ་རྩེ་དགུ་གྱུར། དེ་ལས་འཕྲོ་འདུས་ཚོགས་གཉིས་ཡོངས་རྫོགས་དཔལ་ཆེན་པོའི་སྐུར་གྱུར། དེའང་སྐུ་གསུམ་མམ་རྣམ་ཐར་གསུམ་མཚོན་པའི་དབུ་གསུམ། ཡེ་ཤེས་དྲུག་གི་མཚོན་ཕྱག་དྲུག །རྫུ་འཕྲུལ་བཞི་མཚོན་ཞབས་བཞི་བརྐྱང་བསྐུམ་གྱིས་བཞུགས་པ། ཉེས་སྐྱོན་མ་གོས་པའི་གཡས་ཞལ་དཀར་བཞད། འགྲོ་ལ་རྗེས་ཆགས་གཡོན་ཞལ་དམར་གཤེ། ཆོས་ཉིད་འགྱུར་མེད་དབུས་མཐིང་དྲག་ཏུ་རྔམ་ཞིང་འབར་བ། ཁམས་གསུམ་ས་དགུ་དབྱེར་མེད་གཟིགས་རྟགས་སྤྱན་དགུ་སྡང་མིག་བསྒྲད་ཅིང་ཁྲོ་གཉེར་གློག་སྟོང་འཁྱུག་པ། ཤངས་ནས་ཧཱུྃ་འབྱིན་ཞལ་ནས་ཕཊ་སྒྲ་སྒྲོགས། སྐྱེ་བཞི་རྩད་གཅོད་རྣོ་དབལ་མཆེ་བ་ཟུར་གསུམ་པོ་བཞི་གཙིགས་པ། དབུ་སྐྲ་ཉི་ཁྲི་ཆིག་སྟོང་ཁམ་ནག་ཟུར་གསུམ་གྱེན་དུ་འཁྱིལ། བ་སྤུ་བྱེ་བ་ཐེར་འབུམ་རྡོ་རྗེའི་བ་སྤུས་གཏམས་པ། ཕྱག་གཡས་ཐེག་པ་རིམ་དགུ་རྫོགས་བརྡར་རྡོ་རྗེ་རྩེ་དགུ་གདེངས། ཡེ་ཤེས་ལྔ་མཚོན་རྡོ་རྗེ་རྩེ་ལྔ་འཕྱར་སྟབས་འཛིན། གཡོན་གྱིས་ཉོན་མོངས་བསྲེགས་པའི་ཡེ་ཤེས་མེ་དཔུང་འབར་བ་བསྣམས། དུག་གསུམ་རྩད་གཅོད་ཁ་ཊྭཱཾ་འཁྲོལ། ཐ་མའི་ཕྱག་གཉིས་རི་རབ་ལྟ་བུའི་ཕུར་པ་འདྲིལ། དུག་ལྔ་ཡེ་ཤེས་ལྔ་དག་རྟགས་སུ་རིགས་ལྔའི་རྩེ་ཕྲན་ཐོད་སྐམ་དང་ཐོད་ཚལ་གྱི་དབུ་རྒྱན། སྐུ་གསུམ་མཚོན་བྱེད་ཐོད་པ་ཚར་གསུམ་གྱི་ག་ཤལ་ཅན། ཞེ་སྡང་འཇོམས་བྱེད་ཀླུ་ཆེན་རིགས་བཞིས་བརྒྱན་པ་སྟེ་འདོག་པའི་རྒྱན་གཉིས་དང་། ཐལ་ཆེན་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས་སྟེ་བྱུག་པའི་རྩི་གསུམ་གྱིས་བརྗིད་པ་དང་། ཐེག་ཆེན་དོན་རྟོགས་གླང་ཆེན་ཀོ་རློན་གྱི་ཕྱི་གོས། མཐའ་གཉིས་སྤང་ཕྱིར་མི་ལྤགས་ཀྱི་གཡང་གཞི་ནང་གོས། ཕྲིན་ལས་ཡོངས་རྫོགས་སྟག་ལྤགས་གྱི་ཤམ་ཐབས་ཏེ་བསྒོ་བའི་གོས་གསུམ་མནབས་པ། སྲིད་གསུམ་ཟིལ་གནོན་རྡོ་རྗེའི་ཁྱུང་གཤོག་བར་སྣང་ཁྱབ་པར་གདེངས། མཐིང་ནག་ཅོད་པན་དང་རྡོ་རྗེའི་གོ་ཁྲབ་གསོལ་བ་སྟེ་དཔལ་གྱི་ཆས་བཅུ་དང་གར་གྱི་ཉམས་དགུ་སོགས་དང་ལྡན་པའོ། །ཐབས་ཤེས་དབྱེར་མེད་པའི་ཡུམ་འཁོར་ལོ་རྒྱས་འདེབས་མའི་ཕྱག་གཡས་འཁོར་བའི་ཉེས་སྐྱོན་གྱིས་མ་གོས་པའི་བརྡར་ཨུཏྤལ་འཛིན་ནས་ཡབ་ལ་འཁྱུད་པ། གཡོན་སྲིད་རྩ་ཉོན་མོངས་བསྒྲལ་ཞིང་དབྱིངས་སུ་སྦྱོར་བའི་བརྡར་བྷནྡྷ་དམར་གྱིས་བཀང་བ་སྟོབ་པ། རིགས་ལྔ་དང་རུས་པའི་རྒྱན་དྲུག་གཟིག་གི་ཤམ་ཐབས་ཅན། ཡབ་ཡུམ་བདེ་སྟོང་མཉམ་སྦྱོར་བ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །དེ་ལྟར་སྐུ་འབར་ཁྲོ་རྔམ་པའི་ཚུལ་དུ་བཞུགས་ཀྱང་ཐུགས་ཞི་བ་ལས་མ་གཡོས་པའི་རྟགས་སུ་ཡབ་ཀྱི་ཐུགས་རིན་ཆེན་ཟུར་བརྒྱད་གུར་ཕུབ་པ་ལྟ་བུའི་ནང་སྲོག་གི་སྒོར་པད་དཀར་འདབ་བརྒྱད་ཀྱི་སྟེང་དུ་ཡེ་ཤེས་སེམས་དཔའ་རྡོར་སེམས་ཚོན་གང་བ་ཞབས་ཅུང་ཟད་བརྐྱང་བསྐུམ་དུ་བཞུགས་པའི་ཐུགས་ཀར་རིན་ཆེན་ཆ་བརྒྱད་ཁ་དོག་སྨུག་པོ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་སུ་སྲན་མ་བཀས་པ་ཙམ་གྱི་ཉི་མ་ལ་གསེར་གྱི་རྡོ་རྗེ་ནས་འབྲས་ཙམ་གྱི་ལྟེ་བར་ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་ག་ཡུངས་འབྲུ་ཙམ་ཤིན་ཏུ་ཕྲ་བ་འོད་འབར་བའི་མཐའ་སྐོར་སྲོག་ཡིག་འབྲུ་དགུས་བསྐོར་བ། རྟ་མགྲིན་དམར་པོ་པདྨ་བྷནྡྷ་འཛིན་པ་རང་འོད་ཀྱི་ཡུམ་ཕག་མོ་དང་གཉིས་མེད་དུ་འཁྲིལ་བས་སྲུང་བ་བཅས་བསྒོམ་ཞིང་། དྲུག་པ་ཁྲོ་བཅུ་བསྐྱེད་པ་ནི། དེའང་ངང་ཁྲོ་ཤུགས་ཁྲོ་འབར་ཁྲོ་སོགས་གསུངས་ཏེ། སྔགས་རྣམས་བརྗོད་པས། གཙོ་བོ་ཡབ་ཡུམ་སྦྱོར་བས་བརྡའ་བཞིས་བསྐུལ་ཞིང་སྙོམས་པར་ཞུགས་པའི་མཁའ་གསང་ནས་ཧཱུྃ་བཅུ་འཕྲོས་སྔར་བསྐྱེད་པའི་ཕྱོགས་སྐྱོང་བཅུ་སོགས་རང་རང་གི་གདན་དུ་བབས། འཕྲོ་འདུ་ཡོངས་སུ་གྱུར་པ་ལས་ཁྲོ་བཅུ་བསྐྱེད་དེ་ཡབ་རྣམས་ཞལ་གསུམ་ཕྱག་དྲུག་སྐུ་མདོག་ཆ་ལུགས་གཙོ་བོ་དང་མཚུངས་ཤིང་། ཕྱག་མཚན་ཡང་ཕྱག་དང་པོས་རྡོ་རྗེ་བྷན་དམར་དང་། བར་པས་ཕྱོགས་སྐྱོང་བཅུའི་ཕྱག་མཚན་རྣམས་དང་། ཐ་མས་རི་རབ་ཕུར་པ་འདྲིལ། རྡོ་རྗེའི་གཤོག་པ་སོགས་དཔལ་གྱི་ཆས་བརྒྱད། ཞབས་བཞི་བརྐྱང་བསྐུམ་དགྲ་བགེགས་ཀྱི་སྟེང་དུ་འགྱིང་། ཡུམ་རྣམས་ཆ་ལུགས་གཙོ་མོ་དང་མཚུངས་ཤིང་གཡས་དྲིལ་བུ་གཡོན་དུང་དམར་སྟོབ་པ། སྐུ་མདོག་རང་རང་གི་ཡབ་དང་མཚུངས་ཤིང་། ཕྲ་ཕྱག་ཉི་ཤུ་ནི་དཔེ་དོན་རྟགས་ཀྱི་ཕྲ་མེན་སོགས་ཏེ། མདོར་ན་གཡས་མཆེ་བ་ཅན་བཅུ་ལ་ཡབ་ཀྱི་ཕྱག་བརྙན། གཡོན་གཤོག་པ་ཅན་བཅུ་ལ་ཡུམ་གྱི་ཕྲ་མེན་དང་། ཟ་བྱེད་གསོད་བྱེད་གཏུམ་རྔམས་ཀྱི་ཚོགས་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པ་བཞུགས་པ་དང་། བདུན་པ་ཕུར་པ་སྲས་ཀྱི་དཀྱིལ་འཁོར་ནི། སྲས་ཡིན་ལ་མཆོག་མ་ཡིན་པ། མཆོག་ཡིན་ལ་སྲས་མ་ཡིན་པ། དེ་གཉིས་ཀ་ཡིན་པ་དང་མ་ཡིན་པ་མུ་བཞི་ལས། འདི་ནི་སྲས་ཀྱང་ཡིན་ལ་མཆོག་ཀྱང་ཡིན་པ་སྟེ། སླར་གཙོ་བོ་ཡབ་ཡུམ་མཉམ་པར་སྦྱོར་བ་ལས། མདུན་དང་གཡས་གཡོན་གྱི་གདན་བདུན་གྱི་སྟེང་དུ། ཧཱུྃ་བདུན་རེ་འཕྲོས་པའི་རྩེ་ལས་ཧཱུྃ་ཡིག་དང་ཕུར་བུ་ཕྲ་མོ་དཔག་མེད་འཕྲོ་འདུས་ཀྱིས་མདུན་དུ་ཐུགས་ཀྱི་སྲས་བདུན་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་ཞལ། གཡས་སུ་སྐུ་ཡི་སྲས་བདུན་ལྗང་དཀར་དམར་བའི་ཞལ། གཡོན་དུ་གསུང་གི་སྲས་བདུན་དམར་ནག །དམར་དཀར་ལྗང་བའི་ཞལ། ཕྱག་དང་པོ་རྡོ་རྗེ་རྩེ་དགུ་པ་དང་མེ་དཔུང་། བར་པས་རྒྱ་གྲམ་དང་ཁ་ཊྭཱྃ། ཐ་མས་ཕུར་པ་སོགས་དཀྱིལ་འཁོར་གསུམ་དང་མཚུངས་ཤིང་། སྐུ་སྨད་ཆུ་སྲིན་གྱི་ཁ་ནས་ཐོན་པའི་གནམ་ལྕགས་ཕུར་པ་མེ་སྟག་ཚྭ་ཚྭ་འཕྲོ་བ་དང་ལོག་འདྲེན་བགེགས་ཀྱི་སྙིང་དཀར་ནག་མཚམས་སུ་ཟུག་པའོ། །བརྒྱད་པ་སྒོ་སྐྱོང་སྲུང་མ་ནི། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས། ཛཿལས་རྟ་གདོང་དཀར་མོ་གཡས་ཕུར་པ་དང་གཡོན་ལྕགས་ཀྱུ་འཛིན། ལྷོ་སྒོར་ཕག་གདོང་སེར་མོ་གཡས་ཕུར་པ་དང་གཡོན་ཞགས་པ་འཛིན། ནུབ་སྒོར་ཉི་ཟླ་དམར་མོ་དྲེད་ཀྱི་གདོང་ཅན་གཡས་ཕུར་བུ་དང་གཡོན་ལྕགས་སྒྲོག་འཛིན། བྱང་སྒོར་སྤྱང་གདོང་ལྗང་གུ་གཡས་ཕུར་པ་དང་གཡོན་དྲིལ་བུ་འཁྲོལ་བ། དྲག་མོ་དུར་ཁྲོད་ཀྱི་ཆས་ཅན། དེ་དག་གི་བར་ཁྱམས་རྣམས་སུ་ཕུར་སྲུང་བཅུ་གཉིས་སྲིང་མོ་དང་བཅས་པ་ཕྱིའི་དུར་ཁྲོད་དང་ལྕགས་རི་རྣམས་སུ་མ་མོ་བདུན། སྲིང་མོ་བཞི། དབང་ཕྱུག་ཉེར་བརྒྱད་སོགས་རྗེ་འབངས། ཉི་མ་ལས་ཟེར་གྱི་ཚུལ་དུ་མ་འདྲེས་ཡོངས་རྫོགས་བསྐྱེད་པར་བྱའོ། །རྩ་བའི་གཉིས་པ་ལས། དང་པོ་དགོངས་གསོལ་ནི། རྡོ་རྗེ་གཞོན་ནུ་དང་རིག་པ་འཛིན་པ་རྣམས་ཀྱིས་ཕྱི་ནང་གི་སྲིད་པ་ཐམས་ཅད་དོན་དམ་རྡོ་རྗེ་གྲུབ་མཛོད་ཅིག །གནས་ཚུལ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བཞིན། སྣང་ཚུལ་དུ་ཡེ་ཤེས་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་སུམ་གྲུབ་པར་མཛོད། གཉིས་པ་དེ་ལྟར་སྤྱན་འདྲེན་པ་ནི། དམ་ཡེ་དབྱེར་མེད་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་སྩོལ་ཕྱིར་གཤེགས་སུ་གསོལ་བརྗོད་ཅིང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་མེ་རི་འདབ་འབྱར་གྱི་ཚུལ་དུ་བཞུགས་པར་མོས་ལ། གསུམ་པ་ཕྱག་འཚལ་བ་ནི། ཞི་བས་མི་ཐུལ་གདུག་པས་འདུལ་བ་དང་། ཡེ་ཤེས་ལྷའི་ཕྱག་རྒྱ་བརྟེན་པའི་ཕྱིར་རྩེ་གཅིག་ཡིད་ཀྱིས་ཕྱག་འཚལ་བའི་མོས་པ་བྱའོ། །བཞི་པ་དབང་ཞུ་བའི་ཕྱིར། ཐབས་སྤྱོད་པ་དང་བྱམས་སྙིང་རྗེས་གང་ལ་གང་འདུལ་གྱིས་སངས་རྒྱས་ཕྲིན་ལས་རྫོགས་པར་མཛད་ནས། བདག་དམ་ཚིག་པ་ལ་ཡེ་ཤེས་པས་ཕྱི་དབང་སྣང་བ་ལྷར་ཤེས། ནང་དབང་སྣང་སྲིད་སེམས་སུ་ཤེས་པ། གསང་དབང་སེམས་ཉིད་སྟོང་པར་རྟོགས་པའི་ཕྱིར་དབང་དང་བྱིན་རླབས་མ་ལུས་སྩོལ་ཅིག་བརྗོད་པས། གནས་གསུམ་འབྲུ་གསུམ་གྱིས་བྱིན་རླབས། ཡེ་ཤེས་ལྔའི་ས་བོན་ལས་རིགས་ལྔས་དབུ་བརྒྱན་པར་མོས། ལྔ་པ་བསྟིམ་པ་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཡེ་ཤེས་པ་རྣམས་དམ་ཚིག་པར་དབྱེར་མེད་ཐིམ་ནས་ཇི་སྲིད་བར་བཞུགས་པར་མོས། དྲུག་པ་སྨན་མཆོད་ནི། ངོ་བོ་རྩ་བརྒྱད་ཡན་ལག་སྟོང་སྦྱར་བདེ་བཤེགས་རིགས་ལྔ་སྒྲུབ་པའི་དམ་ཚིག་གི་རྫས་བྱེད་ལས་རྒྱུ་དྲུག་འཁོར་བའི་སྡུག་བསྔལ་སེལ་བའི་སྨན། དཔའ་བོ་ཡབ་ཡུམ་ཐབས་ཤེས་རོལ་པའི་བྱང་སེམས་གྱི་རྣམ་པ་རང་བྱུང་བྷནྡྷའི་སྣོད་དུ་བསྐུལ་ཏེ། མཐེབ་སྲིན་ཉི་ཟླའི་གའུས་བཅུས་ལ་རྩ་བརྒྱུད་བླ་མ་ཡི་དམ་རྡོ་རྗེ་གཞོན་ནུ་སོགས་ལ་ཕུལ་བས་ཐམས་ཅད་མཉེས་ནས་འབྲུ་གསུམ་འཕྲོས། བདུད་རྩི་མྱང་བས་གསང་བ་གསུམ་གྱི་དངོས་གྲུབ་ཐོབ་པར་མོས། བདུན་པ་གཏོར་མ་ནི་ཆོས་ཉིད་སྐྱེ་མེད་ཀྱི་ཀློང་ལས་སྤྲུལ་པ་དམ་རྫས་རྨད་བྱུང་འདོད་ཡོན་ལྔ་ལྡན་གྱི་ཕུང་པོ་ལོངས་སྤྱོད་ཟད་མི་ཤེས་པ་ཕུལ་བས་ལྷ་རྣམས་ཀྱིས་ཐུགས་དམ་བསྐང་བར་བསམ། བརྒྱད་པ་དུང་ཆེན་གྱི་སྣོད་དུ་རཀྟ་དམར་གྱི་རྒྱ་མཚོ་བསྐྱིལ་བ། བྱེད་ལས་དཀྱིལ་འཁོར་ལྷ་ལ་ཕུལ་བས་སྲིད་རྩ་ཉོན་མོངས་དག་ནས་འཁོར་བ་སྟོང་པར་མོས་པའོ། །དགུ་པ་དུག་གསུམ་གྱི་མཆོད་པ་ནི། གཏི་མུག་ཤ་ཡི་ཕུང་པོ། འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་གྲམ་ཁྲོད་དུ་དམིགས་ནས་འབུལ་བས་དུག་གསུམ་རང་དག་ཏུ་གྱུར་པར་མོས། བཅུ་པ་སྦྱོར་སྒྲོལ་ནི། ངོ་བོ་ཆོས་དབྱིངས་སྐྱེ་མེད་གཏུན་ཁུང་དུ། རིག་པ་ཡེ་ཤེས་རྡོ་རྗེའི་ཐོ་བས། གཟུང་འཛིན་མཚན་རྟོག་རྡུལ་ཕྲན་དུ་བརླག་ཅིང་རིག་སྟོང་མཉམ་ཉིད་ཀྱི་ཀློང་དུ་སྦྱོར་བ་སྟེ། རྣམ་པ་ཡབ་ཡུམ་ཐབས་ཤེས་རོལ་བའི་མཁའ་གསང་ནས་བདེ་སྟོང་ཟག་མེད་ཀྱི་མཆོད་སྤྲིན་དཔག་ཏུ་མེད་པ་སྤྲོས་ཏེ་ཕུལ་བའམ། ཡང་ན་མཁའ་གསང་དུ་དགྲ་བགེགས་བཀུག་སྟེ་རོལ་བའི་སྟབས་ཀྱིས་བརྡུང་། བྱང་སེམས་ཀྱི་མེ་ལྕེས་བསྲེགས། དུག་གསུམ་གྱི་ངོ་བོ་ཤ་ཁྲག་རུས་གསུམ་ཕུལ་བས། ལོག་ལྟའི་དགྲ་བགེགས་བསྒྲལ་ཞིང་རྟོག་ཚོགས་དབྱིངས་སུ་ཞི་བར་མོས་པའོ། །བཅུ་གཅིག་པ་བསྟོད་པ་ནི། དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་གཅིག་ཏུ་འདུས་པའི་སྤྱི་དཔལ་རྡོ་རྗེ་གཞོན་ནུ། སྐྱེ་མེད་རྣམ་དག་ཡུམ་འཁོར་ལོ་རྒྱས་འདེབས། ས་བཅུའི་མངའ་བདག་ཁྲོ་བཅུ། ཕ་རོལ་ཕྱིན་བཅུའི་རང་བཞིན་ཁྲོ་མོ་བཅུ། ཉོན་མོངས་ཉི་ཤུ་སྒྲོལ་མཛད་ཁྲ་ཐབས་ཉི་ཤུ། ཐུགས་རྗེའི་ཤུགས་ཀྱིས་གནོད་གདུག་སྒྲོལ་མཛད་སྲས་མཆོག་ཉེར་གཅིག །ཕྱི་ནང་བར་ཆད་སྲུང་མཛད་སྒོ་མ་བཞི། རྒྱལ་བའི་སྤྱན་སྔར་ཁས་བླངས་ཕུར་སྐྱོང་སྲུང་མའི་ཚོགས་བཅས་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པས་བསྟོད་པར་བྱའོ། །བཅུ་གཉིས་པ་བཟླས་པ་ནི། ངོ་བོ་བདེ་བར་གཤེགས་པའི་ཐུགས་ཡིག་འབྲུར་སྣང་བ། ངེས་ཚིག་བྱིན་རླབས་མངོན་དུ་འབྱིན་པའི་སྔགས། དབྱེ་ན་རྒྱུ་མ་ནོར་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་གསུམ་ལས་ཕྱི་མ་སྟེ། དོན་ནི་ཨོཾ་ཁྲག་འཐུང་རིགས་ལྔའམ་ཡེ་ཤེས་སམ་ཆོས་སྐུའོ། །བཛྲ་རྡོ་རྗེ་ཡབ་ཡུམ་མཉམ་སྦྱོར་དབྱིངས་ཡེ་དབྱེར་མེད་ལོངས་སྤྱོད་རྫོགས་སྐུའོ། །ཀཱི་ནི་སྤྲུལ་པ་ཁྲོ་ཆེན་ཡབ་བཅུ། ལི་ནི་ཁྲོ་མོ་བཅུ། དེ་གཉིས་ཐབས་ཤེས་དབྱེར་མེད་ཟུང་དུ་འབྲེལ་བས་འགྲོ་བའི་མི་དགེ་བ་བཅུ་ཚར་གཅོད། དགེ་བཅུ་མཐར་ཕྱིན་དབྱིངས་རིག་དབྱེར་མེད་སྦྱོར་བས་སྤྲུལ་སྐུའོ། །ཀཱི་ནི་ཡང་སྤྲུལ་ཟ་བྱེད་དེ་འཁོར་བའི་ཉོན་མོངས་ཟ་ཞིང་སྟོང་པར་བྱེད། ལ་ནི་སྤྲུལ་པ་གསོ་བྱེད་དེ་སྲིད་གསུམ་དབྱིངས་སུ་སྦྱོར་བའི་དོན་མཛད་པའོ། །ཡ་ནི་སྲས་མཆོག་ཉེར་གཅིག །སརྦ་ནི་ཁྲོ་བོ་བཅུ་གསུམ་སྦྲུལ་སྒོ་མ་དང་བཅས་པ། བིགྷཱ་ནི་བཀའ་སྡོད་ཤྭ་ན་མཆེད་བཞི་དང་མིང་པོ་སྲོག་བདག །ནན་ནི་རེ་ཏི་མཆེད་བཞི་དང་རེ་ལྡེ་མགོ་ཉག །བཾ་ནི་ས་བདག་མཆེད་བཞི་དང་བསེ་ཡི་སྐྱེས་བུ་སྟེ་དམ་ཅན་སྲུང་མའི་ཚོགས། ཧཱུྃ་ནི་ཁྲོ་འདུས་རིག་འཛིན། ཕཊ་ནི་དགྲ་བགེགས་དམ་སྲི་ཚར་གཅོད་པའི་གསུང་། ཛཿནི་བསྒྲུབ་བྱ་གང་ཡོད་ཐམས་ཅད་ཚུར་བཀུག་པར་བྱེད་པ། ཧཱུྃ་ནི་བསྒྲུབ་བྱ་ཐམས་ཅད་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པ། ཨ་ནི་དངོས་གྲུབ་ཐམས་ཅད་མྱུར་དུ་འགུགས་ཤིང་བསྟིམ་པར་བྱེད་པའི་སྔགས་སུ་ངེས་པར་བྱས་ནས། བསྙེན་དམིགས་དངོས་ལ་ལྔ་ལས། དང་པོ་སྐུ་ཕྱག་རྒྱ་ལ་དམིགས་པའི་འཛབ་དགོངས་ནི། བདག་རྩ་བ་ཕྱོགས་བཅུའི་ཁྲོ་བོ། ཕུར་པ་སྲས་ཀྱི་དཀྱིལ་འཁོར་གསུམ་སྤྱི་དང་། ཁྱད་པར་བདག་རྩ་བའི་དཀྱིལ་འཁོར་རྡོ་རྗེ་གཞོན་ནུའི་རྣམ་པ་ཆུ་ཟླ་ལྟར་མ་འདྲེས་པ་སྤྱན་དཀར་ནག་ཚུན་ཆད་གསལ་ལ་རང་གི་སེམས་ཉིད་ཐུགས་ཀྱི་ངོ་བོ་དཔལ་རྡོ་རྗེ་གཞོན་ནུ་ཡིན་པར་ཤེས་པའི་ངེས་ཤེས་རྐྱེན་གཞན་གྱིས་མི་འཕྲོག་པའི་ང་རྒྱལ་བརྟན། གོང་དུ་ཤེས་པ་ལྟར་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པ་དྲན་པར་བྱས་ཏེ། འདི་ནི་བསྐྱེད་པ་ལྷ་ཡི་གཟེར་རོ། །གཉིས་པ་གསུང་ཡིག་འབྲུའི་དམིགས་པ་ནི། ཐུགས་ཡེ་ཤེས་སེམས་དཔའ་སྐུ། ཡིག་འབྲུ་གསུང་རྡོ་རྗེ་ཐུགས། འོད་ཡོན་ཏན། ཟེར་ཕྲིན་ལས་སུ་ངེས་པར་བྱས་ནས་ཐུགས་སྲོག་ཧཱུྃ་དང་མཐར་སྔགས་འཁོར་སྤུས་བྲིས་པ་ཙམ་གསལ། ཧཱུྃ་ལས་འོད་ཉི་ཟེར་ལྟར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སོགས་ལ་ཕོག །མཉེས་མཆོད་འབུལ་ཐུགས་རྒྱུད་བསྐུལ། རིགས་དྲུག་ལ་ཕོག་ལས་ཉོན་སོགས་སྦྱངས་ཤིང་དག་ཞིང་ལ་བཀོད། དམ་ཅན་ཚོགས་ལ་ཕོག་ལས་ལ་བཙུད། བླ་མ་མཆེད་ལ་ཕོག་ཐུགས་དམ་བསྐང་། དགྲ་བགེགས་ལ་ཕོག་གནོད་འཚེ་གདུག་རྩུབ་ཚར་བཅད། སླར་འདུས་དཀྱིལ་འཁོར་གསུམ་ལ་ཐིམ་པས་བདག་གི་སྒྲིབ་པ་སྦྱངས། མཐུ་བསྐྱེད། དབང་ཐོབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ནས་གྲགས་སྟོང་རྡོ་རྗེ་སྲིན་པོའི་ངར་སྒྲས་བཟླ་བར་བྱ་སྟེ་བཟླས་པ་སྔགས་ཀྱི་གཟེར་རོ། །གསུམ་པ་ཐུགས་ཆོས་ཉིད་ལ་དམིགས་པ་ནི། ཐུགས་དམིགས་མེད་ནམ་མཁའི་དཀྱིལ་ལྟར་དག་པའི་ངང་ནས་རིག་རྩལ་འགག་མེད་དཀྱིལ་འཁོར་གསུམ་སོགས་རྟོག་མེད་དུ་ཤར། ཤར་དུས་ཉིད་ནས་རང་བཞིན་མེད་པར་དག །སྐྱེ་མེད་ཀྱི་ངང་ནས་འཛིན་མེད་དུ་ལ་བཟླ་བ་ནི་དགོངས་པ་མི་འགྱུར་བའི་གཟེར་རོ། །བཞི་པ་ཡོན་ཏན་ལ་དམིགས་པའི་འཛབ་དགོངས་ནི། འཛབ་ཁང་ཕྱེས་ཏེ་ཐུགས་སྲོག་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དང་། སྔགས་ཕྲེང་མང་པོ་རང་གི་ཐུགས་ལས་འཕྲོས། ཕྱོགས་བཅུའི་བདེ་གཤེགས་རྩ་གསུམ་སྲུང་མ་དང་བཅས་པའི་ཐུགས་ཀར་ཐིམ། མཉེས་མཆོད་ཕུལ། ཐུགས་རྒྱུད་བསྐུལ། སྐུ་སོགས་བྱིན་རླབས་དངོས་གྲུབ་ཐམས་ཅད་སྔགས་ཕྲེང་དམར་པོའི་རྣམ་པ་ལྟེ་བ་ནས་བྱུང་། ལྟེ་བ་ནས་ཐུགས་ཀའི་སྔགས་ལ་ཐིམ། གཉིས་སུ་མེད་པའི་དངོས་གྲུབ་ཐོབ། ཡང་འཕྲོས་ཕྱི་སྣོད་འཇིག་རྟེན་ལ་ཁྱབ། འབྱུང་བཞི་དང་རིན་ཆེན་སྨན་རྫས་ཚེ་རིང་བ་དང་ནད་གདོན་ཞི་བྱེད་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་ཐིམ། གཟི་བརྗིད་བཀྲག་མདངས་ཆེར་རྒྱས། ཡང་སྤྲོས་བཅུད་ལ་ཕོག །ལས་ཉོན་རྣམ་སྨིན་སྦྱངས། རྡོ་རྗེ་གཞོན་ནུའི་རང་བཞིན་དུ་གྱུར། ཡང་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྐུ་སོགས་འབྲུ་གསུམ་རྣམ་པར་བསྡུས་སྐུ་སོགས་ཀྱི་དབང་དང་བྱིན་རླབས་མ་ལུས་པར་ཐོབ་པར་བསམ། ལྔ་པ་དྲག་པོའི་ཕྲིན་ལས་དགྲ་བགེགས་སྒྲོལ་བའི་འཛབ་དགོངས་ནི། སྔགས་ཀྱི་འོད་ཟེར་ལྗང་ནག་འཕྲོས། བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ཐུགས་རྒྱུད་བསྐུལ། མཐུ་སྟོབས་བྱིན་རླབས་ནུས་པ་ཐམས་ཅད་བསྡུས་ཏེ་བདག་ནུས་ལྡན་བྱས། དམ་ཅན་སྲུང་མའི་ཚོགས་ལ་ཕོག་ལས་ལ་བསྐུལ། གཟས་པོ་རང་དབང་མེད་པར་བཀུག་ནས་ལིངྒ་ལ་ཐིམ། ཚེ་ནུས་བདག་ལ་ཐིམ། སྲུང་མ་དམ་ཅན་གྱི་ཚོགས་བྱ་གཅན་ཤ་ལ་རུབ་པ་བཞིན་བསྒྲལ་བར་བསམ་སྟེ་སྤུ་གྲིའི་སྔགས་དྲུག་བཟླས། འདི་གཉིས་ནི་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་རོ། །དཔེར་ན་གསེར་ཞུན་བཟོ་ཉན་པ་ལྟར་བསྙེན་སྒྲུབ་ཀྱི་མཚན་མ་ཐོན་ཕན་ཆོད་ཤམ་བུ་ཅི་འདོད་བསྒྱུར་བས་འགྲུབ། བཟླ་བྱའི་སྔགས་ནི་སྲོག་སྔགས་འབྲུ་དགུ། ལས་སྔགས་འབྲུ་ལྔ། འཕྱོང་སྔགས་འབྲུ་གསུམ་སྟེ་བཅུ་བཞི་ཡིན་ལ། བསྙེན་སྒྲུབ་ཆིག་ཆོད་དྲག་སྔགས་འདུས་པ་ཡི་གེ་དྲུག་བསྙེན་སྔགས་བསྒྲིལ་ནས་བཟླ་བར་བྱའོ། །དེ་ལྟར་བཟླ་དུས་སྐྱོན་དྲུག་སྤང་སྟེ། མ་འདྲེས་པ་མ་བྱེ་བ་གསལ་བར་བཟླ། ཆད་ལྷག་མེད་པར་དག་པར་བཟླ། རྒྱུན་མི་ཆད་པར་རྩོལ་བས་བཟླའོ། །ཡིག་འབྲུ་བཅོ་ལྔ་མན་འབྲུ་འབུམ་དང་སུམ་ཅུ་ཚུན་ཆད་གསུམ་འབུམ། ཕར་བཅད་ལ་ཁྲི་ཕྲག་གིས་རྫོགས་ཤིང་དབང་པོ་དང་སྦྱར་ན། རབ་བདུན་འབུམ་ཉི་ཁྲི། འབྲིང་བྱེ་བ་ཆིག་འབུམ། ཐ་མ་བྱེ་བ་ལྔ་དང་འབུམ། དུས་ལ་སྦྱར་ན་རྩོད་དུས་འདིར་བྱེ་བ་ཕྲག་གསུམ་འབུམ་ཕྲག་བཞིས་བསྙེན་པ་རྫོགས། མཚན་བསྙེན་ནི་དུས་གྲངས་ཚད་མ་འཁྱོལ་ཡང་མཚན་མ་ནམ་ཐོན་བསྙེན་པ་རྫོགས་པའོ། །སྐུའི་མཚན་རྟགས་ཀྱང་ཕུར་པ་འགུལ། འཕར། ལྡིང་། མེ་སྟག །འོད། དུ་བ། བཞད་པ་སོགས་འབྱུང་། གསུང་ལ་ཕུར་པ་ལས་སྒྲ་སྙན་པ། སྔགས་དང་། གནམ་ལྕགས། འབྲུག །རྔ། ཅེ་སྤྱང་། སྲིན་པོའི་ངུར་སྒྲ་དང་བདུན་འབྱུང་། ཐུགས་ཀྱི་ཏིང་ངེ་འཛིན་ལས་སུ་རུང་། ལས་བཞི་དང་ཚེ་ལ་དབང་། རིགས་ལྔ་མངོན་གྱུར་ལྷ་རྣམས་གསལ། སྲུང་མ་བྲན་བཞིན་ལས་བྱེད། ཡང་དག་རྟོགས་པ་འཆར་རོ། །དེ་ལྟར་མ་གྲུབ་ན་སྤོག་པའི་ཆོ་ག་ནི། སྔོན་དུ་དམ་ཚིག་ཉམས་ཆགས་བཤགས། བསྐང་བ་དང་ཚོགས་བསགས་རྟེན་རྫས་ལ་ཁྲུས་དང་རབ་གནས་བྱ། བརྩོན་འགྲུས་དྲག་པོས་ལན་གསུམ་མམ་བདུན་གྱིས་འགྲུབ། བསྙེན་སྒྲུབ་ཀྱི་མཚན་རྟགས་དེ་ལྟར་ཐོན་ཀྱང་ལས་སྦྱོར་ཕྲ་མོ་རྟགས་མ་ཐོན་ན་དམ་བཅས་དགོས་སྒྲུབ་མངོན་མཚན་ཐུང་གིས་སྤོག་པར་བྱའོ།། ༈ །།གསུམ་པ་རྗེས་ཀྱི་བྱ་བ་ལ། དང་པོ་ཚོགས་མཆོད་ནི། སྤྱིར་ཚོགས་པ་གསུམ། གསགས་པ་གསུམ། གསང་བ་གསུམ། སྦྱང་བ་གསུམ། བསླབ་པ་གསུམ། བསྐྱེད་པ་གསུམ། ཡུལ་གསུམ། དམ་ཚིག་གསུམ་བཅས་ཕུར་པ་བཀའ་མའི་འགྲེལ་ཆེན་དུ་གསུངས་པ་ལྟར། དགའ་ལྡན་ལྷ་ཡི་ཚོགས་གསང་སྔགས་ནང་གི་ལྷ་མཐུན་པ། དགྱེས་ལྡན་མིའི་ཚོགས་དམ་ཚིག་རྩ་བ་གཅིག་པ། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་བཟང་ལ་གྱ་ནོམ་པའོ། །གནས་དུར་ཁྲོད་ལྷ་ཡི་ཚོགས་ཁང་དུ། གྲུབ་པ་ཐོབ་པའི་བླ་མ། ལྷ་གྲངས་མཉམ་པའི་རྣལ་འབྱོར་ཕོ་མོ། འདོད་ཡོན་ལྷ་ཡི་ལོངས་སྤྱོད་ཚང་བར་གསོག་པ་གསུམ་མོ། །བདག་ཉིད་ཀྱི་ཉེས་སྐྱོན། མཆེད་ལྕམ་གྱི་ཉམས་གྲིབ། ཚོགས་ཀྱི་མ་དག་པའོ། །སྦྱང་པ་གསུམ་ནི་རྃ་ཡྃ་ཁྃ་ལས་མེ་རླུང་ཆུ་བྱུང་སྟེ་དམེ་བཙོག་སྦྱང་བའོ། །འབྲུ་གསུམ་གྱིས་བདུད་རྩིའི་རང་བཞིན་དུ་བརླབ་པའོ། །མཆོད་པའི་དུས་འདོད་ཡོན་ལྔ། བཤགས་དུས་ཡེ་ཤེས་ལྔ། བསྟབ་པའི་དུས་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བསྐྱེད། ཡུལ་གསུམ་ནི་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་འབུལ་ལོ། །དམ་ཚིག་གསུམ་ལ་ཚན་བཞི་ལས། མི་བྱ་བ་གསུམ་ནི། རང་སེམས་འཁྲུགས་པའི་རྩོད་པ། གཟུང་འཛིན་སྐྱེ་བའི་འཁྲུལ་གཏམ། ཐེག་པ་འོག་མའི་འབག་བཙོག་གི་རྟོག་པ་མི་བྱའོ། །མི་སྨྲ་བ་གསུམ་ནི། ཚོགས་རྫས་གཞན་ལ་ཆེ་སྟེ་བདག་ལ་ཆུང་། ན་ནིང་བཟང་སྟེ་ད་ལོ་ངན། ཁ་སང་མང་སྟེ་དེ་རིང་ཉུང་ཞེས་མི་སྨྲའོ། །མི་བསམ་པ་གསུམ་ནི། ཚོགས་རྫས་མཐོང་བའི་ཚེ་བཟའ་སྙམ་བཏུང་སྙམ་ཞིམ་སྙམ་མི་བསམ་པའོ། །མི་འབྲལ་བ་གསུམ་ནི། ལུས་ལྷ། ངག་སྔགས། སེམས་ཏིང་འཛིན་དང་མི་འབྲལ་བར་བྱའོ། །དེ་ལྟར་སྔོན་དུ་ངེས་པར་བྱས་ནས། ལག་ལེན་དངོས་ལ་གསུམ་ལས། དང་པོ་བྱིན་རླབས་ནི། དམ་རྫས་སུ་འོས་པའི་ཡོ་བྱད་ཅི་འབྱོར་བ་བཤམས་ལ་སྔགས་ཀྱིས་སྤྱིར་སྦྱངས། བྱེ་བྲག་བྷྲཱུཾ་ལས་ཚོགས་གཞོང་རིན་པོ་ཆེ་མཆོད་སྡོང་འདབ་མ་སྟོང་ལྡན་གྱི་སྙིང་པོ་ཚོགས་རྫས་རྣམས་མ་ལས་ཉི་མ། ཨཱཿལས་ཟླ་བ་པྃ་ལས་པདྨའི་དཀྱིལ་འཁོར་ལ་གནས་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ངོ་བོ་ཧཱུྃ་མཐིང་ནག །དེ་ལས་རྃ་ཡྃ་ཁྃ་བྱུང་ཡེ་ཤེས་ཀྱི་མེ་རླུང་ཆུས་མ་དག་པའི་དངོས་པོ་ཐམས་ཅད་བསྲེགས་གཏོར་བཀྲུས། སླར་ཡང་ས་བོན་ལྔ་འཕྲོས་པས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅི་ཡང་འཆར་བར་མོས་སོ། །གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། དགོས་པ་གང་ཕྱིར་སྲིད་གསུམ་གྱི་སེམས་ཅན་ཐམས་ཅད་རྡོ་རྗེ་ཕུར་པ་སྒྲུབ་པ་དང་། རིག་པ་རྩལ་གྱི་དབང་། ཁམས་གསུམ་སྒྲོལ་བའི་དབང་། དྲག་པོ་ལས་ཀྱི་དབང་རྣམས་དང་། རབ་སངས་རྒྱས། འབྲིང་ཏིང་འཛིན། ཐ་མ་མིག་སྨན་སོགས་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པའི་ཕྱིར། གང་དུ་འདྲེན་ན་ཞལ་ཟས་ཚོགས་ཀྱི་དགའ་སྟོན་ལ། གང་སྤྱན་འདྲེན་ན་སྤྱིར་ཁྲོ་བོ་ལ་མུ་བཞི་ཡོད་པ་ལས་འདིར་ཡེ་ཤེས་ཀྱང་ཡིན་ལ། ཁྲོ་བོ་ཡང་ཡིན་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཚོགས། དེ་ལྟར་སྤྱན་དྲངས་པའི་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱང་ནམ་མཁར་བྱོན་པར་དམིགས་སོ། །གསུམ་པ་མཆོད་པ་ནི། ཏིང་འཛིན་ནམ་མཁའི་མཛོད་ལས་འདོད་ཡོན་ལོངས་སྤྱོད་འཛད་མེད་སྤྲོ་བ་སྟེ། གཟུགས་རྡོ་རྗེ་མ་མེ་ལོང་འཛིན་པ་སོགས་དཔག་ཏུ་མེད་པར་སྤྲོས་ཏེ་འབུལ་ལམ། ཚོགས་རྫས་ཐུན་མོང་དུ་བཏེག་སྟེ། བླ་ན་མེད་པ་དམ་རྫས་ཡེ་ཤེས་ལྔ་ཡི་དངོས་པོ། འདོད་ཡོན་ལྔ་དང་ལྡན་པར་སྤྲུལ་ཏེ་རྩ་བ་གསུམ་གྱི་ལྷ་ཚོགས་ལ་འབུལ་ཞིང་། སྤྲོ་ན་བསྐང་བའི་ལས་རིམ་གསུམ་ཡང་བྱ་སྟེ། མཆེད་ལྕམ་རྣམས་ཀྱི་བདུད་རྩི། གཏོར་མ། རཀྟ། མར་མེ། ཛ་གད། མཾ་ས། ཚེ་རྫས། ཟླ་རྒྱས། བཾ་གཙང་མའི་རྫས། གསུར་ཆེན། བཟའ་བཅའ་སྣ་ཚོགས་པ་ཐོགས་ནས་རོལ་མོ་དང་སྙན་པའི་དབྱངས་ཀྱིས་མཚན་དོན་ནས་བསྐང་བ་དང་བསྐང་རྫས་བསྔོ་བ་དང་བཟློག་པའི་ཕྲིན་ལས་གསོལ་བ་རྣམས་གཞུང་བཞིན་དུ་བྱའོ། །བྱེ་བྲག་མཆོད་པ་ལ་མཆོད་བཤགས་བསྒྲལ་བསྟབ་གསུམ་སྟེ། ཚོགས་ཕུད་རིམ་པ་གསུམ་སྤྲོས་ལ་དང་པོ་མཆོད་པ་ནི། དམ་ཚིག་ཆེན་པོ་སོགས་བརྗོད་ཅིང་ཚོགས་རྫས་འདོད་ཡོན་ལྔའི་རང་བཞིན་དུ་དམིགས་ནས་ཕུལ་བས་ཐུགས་མཉེས་པར་བསམ་མོ། །བར་པ་བཤགས་པ་ནི། ཡེ་ཤེས་ལྷ་ལ་བཟང་ངན་མཚན་རྟོག་མི་མངའ་ཡང་བཀའ་འཁོར་ན་གནས་པའི་ལྷ་སྲིན་སྡེ་བརྒྱད་དང་། མཁའ་འགྲོའི་ཚོགས་ཀྱིས་བཀའ་ཡི་གཉེར་འཛིན་ལེགས་ཉེས་རྗེས་གཅོད་པས། སྒྲུབ་པ་པོའི་གསང་མཚམས་འདྲལ་བ་དང་། ཀུན་རྟོག་ཕྲ་མོའི་སྐྱོན་གཟིགས་ཤིང་བཀའ་ཆད་དང་དངོས་གྲུབ་ཀྱི་བར་གཅོད་པས་ན། བདག་ཅག་མ་རིག་མ་གུས་བག་མེད་གྱུར་པ་དང་འདོད་ཆགས་ཉོན་མོངས་དབང་ཆེ་བའི་སྐྱོན་གྱིས་རྩ་བ་དང་ཡན་ལག་གི་དམ་ཚིག་འགལ་བའི་ནོངས་པ་མ་ལུས་པ་སྙིང་ནས་འགྱོད་པས་བཤགས་ཤིང་། ཚོགས་རྫས་མཆོད་པས་ཐུགས་དམ་གཉེན་པོ་བསྐང་བ་ལགས་ན། ཉེས་ལྟུང་སྒྲིབ་པའི་ཚོགས་བྱང་ཞིང་དག་ནས་དབང་དང་དངོས་གྲུབ་མ་ལུས་པ་སྩོལ་བར་མཛོད་ཅིག་བརྗོད་དོ། །ཐ་མ་བསྒྲལ་བ་ནི། སྤྱིར་སྒྲོལ་བ་ལ་གང་བསྒྲལ་བའི་ཡུལ། སྒྲོལ་བྱེད་ཀྱི་སློབ་དཔོན། ཇི་ལྟར་སྒྲོལ་ཚུལ། མ་བསྒྲལ་བའི་ཉེས་དམིགས། བསྒྲལ་བའི་ཕན་ཡོན། འབྲས་བུ་བཅས་ཞིབ་ཀྱིས་ཤེས་པ་གལ་ཆེ་ཞིང་བྲུབ་ཁུང་དུ་ལིངྒ་བཅས་ལ། སྔགས་བརྗོད་པའི་རྐྱེན་གྱིས། རང་ཉིད་དཔལ་ཆེན་དངོས་གསལ་བའི་ཐུགས་སྲོག་ཧཱུྃ་ལས་འོད་ལྗང་ནག་བ་ཐག་ལྟ་བུ་ཕྱོགས་བཅུར་འཕྲོས་པའི་རྩེ་ལས། སྲས་མཆོག་ལྟ་བུ་ཁྲོ་བོས་སྟོང་གསུམ་གང་། དངོས་སྣང་སྐུ། སྒྲ་གྲགས་གསུང་། རྟོག་ཚོགས་ཐུགས་སྒྲོལ་བྱེད་དུ་གསལ་བས་བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐུལ་བ་སོགས། ཁྱད་པར་བསྒྲལ་བྱའི་གནས་སུ་འཕྲོས། དབང་མེད་བཀུག་སྟེ་ལིངྒ་ལ་བསྟིམ། འོད་ཟེར་ཚུར་འདུས་རང་དང་གདབ་ཕུར་ལ་ཐིམ་པས། སྟོད་ནས་བྱིན་རླབས་ཀྱི་འབྲུག་ལྡིར། སྐེད་ནས་ཡེ་ཤེས་ཀྱི་གློག་འཁྱུག །དབལ་རྩེ་ནས་ནུས་མཐུའི་ཐོག་ཆེན་འཕྲོ་བས་ནུས་སྟོབས་དཔག་མེད་གྱུར་པར་བསམ་ལ། བདེན་འགུག་སྤྱི་ལྟར་བྱས་ནས། ཕོ་ཉ་བསྐུལ། གཙོ་བོ་གཞོན་ནུ། ཁྲོ་བཅུ། ཟ་གསོད། སྲས་མཆོག་སོགས་ཐུགས་དམ་གནད་ནས་བསྐུལ་བས་སྒྲོལ་བའི་ལས་མཛད་པར་མོས་ནས། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དུས་གསུམ་རྒྱལ་བའི་གདུང་འཚོབ་ལ་དངོས་སུ་བར་དུ་གཅོད་པ་དང་། ཉམས་པ་བདུན་དང་། ཞིང་བཅུ་ཚང་བ་མདོར་ན་བསྟན་དང་སེམས་ཅན་ཡོངས་ལ་གནོད་པའི་གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་བདུད་དང་དམ་སྲི་བར་གཅོད་འབྱུང་པོའི་ཚོགས། ཁྲོ་ཚོགས་རྡོ་རྗེ་གཞོན་ནུ་དང་། སྲས་འཁོར་སྤྲུལ་པའི་བྱིན་རླབས་བདེན་མཐུའི་སྟོབས་ཀྱིས་ལས་བྱེད་ཕོ་ཉའི་ཚོགས་ཀྱིས་དེ་དག་དབང་མེད་ཤ་ཁྱིས་རི་དྭགས་དེད་པ་བཞིན་སྐད་ཅིག་བཀུག་སྟེ་ལིངྒ་ལ་བསྟིམ། མངོན་སྤྱོད་དྲག་པོས་བསྒྲལ། རྣམ་ཤེས་དབྱིངས་སུ་སྤར་ལུས་ངག་རྡུལ་ཕྲན་དུ་བརླག་པར་མཛོད་ཅིག །དེའང་གནས་ལུགས་ཀྱི་ལྟ་བ་རྟོགས་ཤིང་ཡེངས་མེད་བསྒོམས་པས་བདག་རྒྱུད་གྲོལ་ཞིང་ཐུགས་རྗེས་གཞན་སྒྲོལ་ནུས་པའི་གདེང་དང་། རང་འདོད་ཀྱི་འཁྲི་བ་བྲལ། བསྟན་འགྲོར་ཕན་པའི་ལྷག་བསམ་དང་། བུ་གཅིག་པོའི་མ་ལྟར་སྙིང་རྗེ་ཆེན་པོས་བསྒྲལ་བར་བྱེད་པ་ནི་ཐེག་པ་ཆེན་པོའི་ལམ་སྲོལ་རྨད་དུ་བྱུང་བ་ཡིན་པས་ངེས་པར་བྱས་ནས་བསྒྲལ་བ་དངོས་ཀྱི་སྐབས། ཐོག་མར་ལོག་རྡུགས་འབྱམས་གསུམ་གྱི་ཉེས་པ་མི་འབྱུང་བའི་ཕྱིར། བདག་དཔལ་ཆེན་པོ། སྲས་མཆོག་ཡཀྴ་ཀྲོ་དྷ། ལིངྒ་གནོད་བྱེད་ཀུན་འདུས་ཏེ་གསལ་བ་གསུམ་གྱི་ངང་ནས་ལུང་གསུམ་གྱི་དགོངས་པས་བསྒྲལ་བར་བྱ་དགོས། ཨོཾ་ལྃ་སོགས་བརྗོད་པས། བསྒྲལ་བྱའི་ཡིད་དང་རྣམ་ཤེས་ཀྱི་སྒོ་བཀག །ཉོན་ཡིད་བག་ཆགས་གཅོད། ཀུན་གཞིའི་བག་ཆགས་རྩད་ནས་གཅོད་དེ། ཉོན་ཡིད་ལུས་བཅས་རྡུལ་ཕྲན་དུ་བཤིག་པས་འཁོར་བ་རྩད་ནས་གཅོད་དེ་ཆོས་དབྱིངས་ལ་འགོད་པའི་མོས་པ་བསྐྱེད། བྷ་ག་ཝན་སོགས་བརྗོད་པས་བཅོམ་ལྡན་འདས་བདུད་ལས་རྒྱལ་བ། ཐབས་དང་ཤེས་རབ་རྡོ་རྗེ་གཞོན་ནུ་སྟེང་གི་ཁྲོ་བོས་ཐོག་དྲངས་ཟ་གསོད་བཅས་བསྐུལ། ཧཱུྃ་ཧཱུྃ་ཞེས་བརྗོད་པས་དགྲ་བགེགས་དབང་དུ་བསྡུས། སྒྲོལ་ཞིག །ཕུར་པ་གསོ་ཞིང་གཟི་བྱིན་བསྐྱེད། ཛཿསོགས་བརྗོད་པས་ལྕགས་ཀྱུས་བཟུང་། ཞགས་པས་བཅིང་། ལྕགས་སྒྲོག་གིས་བསྡམ། དྲིལ་བུས་རྡུལ་དུ་བརླག །བག་ཆགས་ཡོངས་སུ་སྦྱངས། ཕུར་པས་སྲིད་པ་ཐམས་ཅད་སྒྲོལ་ཞིང་ཚར་གཅོད་དབང་དུ་བསྡུས། རྡུལ་དུ་རློག་ཅིག་ཅེས་དང་། བཛྲ་ཧཱུྃ་ཀ་ར་སོགས་བརྗོད་ནས་དང་པོ་དག་བྱེད་ཁྲུས་ལུང་ནི། དཀྱིལ་འཁོར་གསུམ་གྱི་གནས་གསུམ་ཨཱཿདཀར་དེ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ཐམས་ཅད་ཨཱཿདཀར་དུ་གྱུར། དཀྱིལ་འཁོར་གསུམ་ལ་ཐིམ་པས། སྒོ་གསུམ་དང་ཤེས་བྱའི་སྒྲིབ་པ་སྦྱངས། གཟུང་འཛིན་ལས་གྲོལ། བདེ་ཆེན་བྱང་ཆུབ་སེམས་ཀྱི་ངང་ལས་སྐུ་གསུང་ཐུགས་གསལ་བར་བྱ་བ་ནི་བདག་གི་ཁྲུས་ལུང་ངོ་། །ཡང་སྔར་བཞིན་ཨཱཿལས་འོད་འཕྲོས་དོན་གཉིས་བྱས་སྒྲིབ་པ་སྦྱངས། གཟས་པོའི་གནས་གསུམ་ལ་ཐིམ་སྒྲིབ་པ་སྦྱངས་བསྒྲལ་བའི་སྐལ་པ་དང་ལྡན། སྙིང་ནང་ཀུན་གཞི་ཨཱཿདཀར་དུ་གནས་འགྱུར་བ་གཟས་པོའི་ཁྲུས་ལུང་སྟེ། དེ་ལྟར་བདག་གཟས་ཕུར་གསུམ་དགོངས་དང་དམ་ཚིག་ཆོས་ཉིད་གཅིག་གིས་འབྲེལ་བ་ནི་ཐུགས་རྗེ་འབྲེལ་ཐག་གི་དགོངས་པའོ། །སྤྱིར་སེམས་ཅན་སྒོས་གཟས་པོ་འཁོར་བ་མི་གཏོང་བའི་སྙིང་རྗེ་བསྐྱེད་པ་ནི་གདུང་བ་ལུག་རྒྱུད་ཀྱི་དགོངས་པ་སྟེ་དེ་གསུམ་ཁྲུས་ལུང་ངོ་། །ཚེ་ལུང་ནི་བསྒྲལ་བྱའི་སྙིང་དཀར་ནག་གི་མཚམས་སྲོག་གི་ངོ་བོ་ཁྲག་གི་ཐིག་ལེ་མཐེ་བོང་ཙམ་གྱི་དབུས་སུ་ཚེ་རྟེན་ཨཱཿའོད་ཀྱི་དབུས་སུ། ཀུན་གཞི་ནྲྀ་དུད་ཁའི་གཟུགས་སུ་གནས་པར་ཕུར་རྩེ་གཟིར་བས་ཧཱུྃ་གིས་སྒོ་ལྔའི་རྣམ་ཤེས་སྙིང་ནང་དུ་འུབས་ཀྱིས་བསྡུས་པས་བྱུང་ཚོར་གྱི་སྒོ་འགག །ཡང་འོད་ཚོན་གང་བ་ཐལ་གྱིས་བྱུང་ཉོན་མོངས་རྡོ་ཚན་ལ་ཁ་བ་བབས་པ་བཞིན་སངས་ཤིང་། མ་རིག་པའི་སྒྲིབ་པ་ཐམས་ཅད་མ་བྱུང་མ་སྐྱེས་ཆོས་ཉིད་སྟོང་པར་གྱུར་པས་ཀུན་གཞི་རྩད་ཆོད་དེ་སྙིང་དཀར་ནག་འབྲེལ་མཚམས་ཕྲལ་ནས་ནྲྀ་ཐིག་ཨཱཿབཅས་ཧཱུྃ་ལ་བསྡུས་པས་སེམས་དབྱིངས་སུ་ཕྱུང་བའོ། །ཕུར་སྲོག་ཨཱཿདཀར་དེ་བདག་ཡེ་ཤེས་སེམས་དཔའི་ཐུགས་སྲོག་ལ་ཐིམ་གཉིས་མེད་བྱང་ཆུབ་སེམས་སུ་གྱུར་ཏེ་བདག་བཀྲག་དང་གཟི་མདངས་སྔར་བས་རྒྱས་པས་བདག་མི་ཕམ་སྟེ་འཚེང་། གསུམ་པ་གནས་སྤར་བའི་ལུང་ལ་གསོ་བ་གསུམ་ལས། ཕྱག་རྒྱའི་ལྷ་རྣམས་གཟིར་མནན་གྱིས་མེ་བའི་ལས་ལ་སྦྱར་བའི་ཕྱིར་ཕུར་པ་གསོ་བ་ནི། ཀཱི་ལ་ཡ་བཟླ་ཞིང་ཕུར་པའི་དབལ་ནས་བཟུང་ཀླད་ལ་བསྐོར་བས་ཁམས་གསུམ་ཕུར་པས་གང་། དེ་ལས་འཕྲོ་འདུས་གཟི་བྱིན་ལྡན་པར་བསྒོམ། དྲག་ལས་ཀྱི་རྣམ་སྨིན་གྱིས་མི་གོས་པའི་ཕྱིར་བདག་གསོ་བ་ནི། ཧཱུྃ་གསུམ་བརྗོད་རྩ་བརྒྱད་བཟླས་བདག་ཐུགས་ཧཱུྃ་ལས་འོད་འཕྲོས་ཁམས་གསུམ་ཕུར་བུས་གང་། མཉེས་མཆོད་ཕུལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པ་བདག་ལ་ཐིམ་པར་དམིགས། སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཟིན་པས་བསྒྲལ་བྱ་ལ་ཕན་གདགས་ཕྱིར་གཟས་པོ་གསོ་བ་ནི། ཧཱུྃ་གསུམ་བརྗོད་པས། བདག་ཐུགས་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱི་རྩེ་ལས་དམིགས་བྱའི་རྣམ་ཤེས་ཨཱཿགཟུགས་འོག་མིན་དུ་སྤར། ཕཊ་གསུམ་གྱིས་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་བསྟིམས་པས་རྒྱལ་བའི་སྲས་སུ་སངས་རྒྱས་པར་དམིགས་ལ། དེ་ལྟ་བུའི་དགོངས་པ་ལྡན་ན་ནུབ་གཅིག་ལ་གཟས་པོ་བརྒྱ་བསྒྲལ་ཡང་རྣམ་སྨིན་གྱིས་མི་གོས་ཤིང་ཚོགས་ཆེན་རྫོགས། ལུང་གསུམ་གྱི་དགོངས་པ་མ་ལྡན་ན་ཤན་པ་དང་ཁྱད་པར་མེད་པ་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་སྔ་ནས་འདོམ་པ་ཡིན་པས་གལ་ཆེན་ལག་ལེན་དུ་མཛོད། དེ་ལྟར་ཕྱིར་མི་ལྡོག་པའི་བག་ཆགས་ཀྱི་རྟེན་གཞི་བསྒྲལ་ལ། དཔའ་རྟགས་ཀྱི་ཚུལ་དུ་བསྐུལ་བ་ནི། དངོས་གྲུབ་ལ་བར་ཆད་བྱེད་པ་རྣམས་ཟུངས་ཤིག །རྒྱོབ་ཅིག །རྣམ་པར་ཆིངས་ཤིག །གཏོར་ཞིག །གྲོགས་དང་བྲལ་བར་གྱིས་ཤིག་སོགས་བརྗོད་དེ། གདབ་པ་དངོས་ནི། གཙོ་ཕུར་བླངས་ནས་ཡི་གེ་གསུམ་གྱིས་བྱིན་རླབས་མཆོད་བསྟོད་བཞུགས་གསོལ་གྱིས་གཙོ་ཕུར་ལས་ལ་བསྐུལ་མི་རུང་། གདབ་ཕུར་དངོས་ནི་ཁྲོ་བཅུའི་ཕུར་པ་སོགས་གནས་བཅུ་ལ་རིམ་པར་གདབ་པའི་གཞུག་ཏུ་བྲན་བཀའ་ཉན་ཕོ་ཉའི་ཚོགས་བསྐུལ་འདོན་ཅིང་རལ་གྲིས་གཏུབ། ཕུར་པས་སྤྱི་བོ་ནས་རྐང་མཐིལ་བར་ཐལ་བར་ཕུག་ནས་རྡུལ་དུ་བརླག །ཐོ་བས་བརྡུངས་ཤིང་སྙིགས་མའི་ལུས་དེ་ཉིད་བདུད་རྩིར་སྤར་བ་གཏོར་མར་བསྟབ་ལ་དཔལ་ཆེན་ཡབ་ཡུམ་ཁྲོ་བཅུ་སྲས་མཆོག་ཟ་གསོད་སྒོ་སྐྱོང་མཁའ་འགྲོ་གིང་ལང་དབང་ཕྱུག་སོགས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཞལ་གནམ་ས་ཙམ་གདངས་པའི་ནང་དུ་ཕུལ་ཞིང་བཞེས་པས་རྡུལ་ཕྲན་ཙམ་མེད་པར་རོལ་པའི་མོས་པ་མཛོད་ཅིག །ཅེས་པས་ལྷ་ཚོགས་དགྱེས་པས་རོལ་ཏེ་ཧ་ཧ་ཞེས་བཞད། ཧཱུཾ་ཧཱུཾ་ཧཱུཾ་གིས་དངོས་གྲུབ་སྩལ་ནས་འོད་གསལ་དུ་ཞུ། ཕཊ་གསུམ་གྱིས་དེ་ལས་སད་པའི་སྣང་ཆ་ཆོས་ཉིད་བདེན་པའི་ངང་བསྐྱང་རྟག་ཆད་ཀྱི་མཐའ་བསལ་ལོ། །དེ་ནས་ཐབས་ཤེས་ཀྱི་རྫས་རྣམས་བརྡ་དང་བརྡ་ཡི་འབུལ་ལེན་གྱི་བླངས་ནས་བདག་རྩ་བའི་དཀྱིལ་འཁོར་གསུམ་འདུས་གསལ་ནས། ཐ་མལ་ཞེན་འཛིན་བྲལ་བའི་བདེ་བ་ཆེན་པོར་རོལ་ཞིང་ནང་གི་སྦྱིན་སྲེག་གི་ཚུལ་དུ་ལོངས་སྤྱོད་པར་བྱའོ། །གསུམ་པ་ལྷག་མ་ནི། ལྷག་མ་གསོག་འཇོག་མེད་པ་ཕྱོགས་གཅིག་བསྡུས་ཏེ། ཕུད་ལྷག་མཆོད་པའི་རས་མ་བཅས་བཤམ་ལ་སྨན་རག་གིས་བྲན། སྤྱི་ལྟར་དམ་བསྒྲགས་ནས་གཅིག་ཏུ་བསྲེ་སློབ་དཔོན་གྱི་ལྕེ་རྟ་མགྲིན་ཡབ་ཡུམ་དུ་གསལ་བྱང་སེམས་བབ་པར་མོས་པས་ཁ་ཕྲུ་གདབ་སྟེ་དཀྱིལ་འཁོར་གྱི་བྱང་ཤར་དུ་བཤམ། དཔལ་ཆེན་པོའི་བྲན་དང་བཀའ་ཉན་མངག་གཞུག་ཕོ་ཉའི་ཚོགས་སུ་གྱུར་པ་དབང་ཕྱུག་ཉེར་བརྒྱད། མཁའ་འགྲོ་སུམ་ཅུ་རྩ་གཉིས་གིང་དང་ལང་ཀ་མ་སྲིང་འབར་མའི་ཚོགས་དང་གཞན་ཕྲ་མེན་ཤུགས་འགྲོ་གནོད་སྦྱིན་གྱི་རིགས་སུ་གྱུར་པ་རྣམས་སྔོན་དཔལ་ཆེན་པོའི་སྤྱན་སྔར་རྡོ་རྗེའི་བྲོ་བོར་ཞིང་། ཇི་ལྟར་དམ་བཅས་པའི་ཞི་རྒྱས་དབང་དང་མངོན་སྤྱོད་དྲག་པོའི་ཕྲིན་ལས་མ་ལུས་པ་འགྲུབ་པར་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་ནས་ལྷག་གཏོར་གོམས་པ་བདུན་ཅུའི་སར་བསྐྱལ་ལོ། །བཞི་པ་སྨོན་ལམ་ནི། གཞི་ལམ་འབྲས་བུ་ཆོས་ཐམས་ཅད་ངོ་བོ་དབྱེར་མེད་མི་བསླུ་བའི་ཕྱིར་ཆོས་ཉིད་ཀྱི་བདེན་པ། དེ་ལྟར་རྟོགས་ལ་ཐེག་དམན་བློ་ཆུང་ལ་གསང་ཞིང་གསང་སྔགས་བླ་མེད་ལ་རག་ལས་པས་གསང་སྔགས་ཀྱི་བྱིན་བརླབ་བོ། །དེའང་བླ་མའི་བྱིན་རླབས་དང་མན་ངག་གིས་རྟོགས་པར་བྱེད་དགོས་པས་སངས་རྒྱས་ཀྱི་མཐུའོ། །ཉམས་ལེན་སྐབས་སྨིན་གྲོལ་གྱི་ལམ་ལ་ཞུགས་དགོས་པ་ཨ་བྷི་ཙརྻའི་དུས་ལ་བབས། དེ་ནི་འཁོར་བའི་སྡུག་བསྔལ་དང་ཐེག་དམན་གྱི་འབྲས་བུ་ལས་འབྱིན་པས་ན་བརྣག་པ་དེ་ཁོ་ན་ལའོ། །དེ་ལྟར་གསང་སྔགས་ཀྱི་སྤྱོད་པའི་མཐུས་བྱིན་གྱིས་བཅོམ་ལྡན་འདས་ཀྱི་སྐུ་གསུང་སོགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་པའི་སྐལ་པ་དང་མཉམ་པར་གྱུར་ཅིག་ཅེས་པ་བརྗོད། ལྔ་པ་བཟོད་གསོལ་ནི། དཔལ་ཆེན་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། བདག་ཉམ་ཆུང་དགོངས་སྤྱོད་གདེང་དུ་མ་གྱུར་པ་སོགས་རྩ་བའི་སྐུ་གསུང་ཐུགས་དང་ཡན་ལག་ཉེར་ལྔ་ཐུན་མོང་སྤྱིའི་དམ་ཚིག་དང་། སྒྲུབ་པ་ཁྱད་པར་གྱི་ཉི་ཤུ། སྤྱོད་པ་རྒྱུན་གྱི་བཞི། གལ་མདོ་ངེས་པའི་དམ་ཚིག་གསུམ་སོགས་བག་མེད་དང་ཉོན་མོངས་དབང་གིས་ཉམས་ཆག་ཏུ་གྱུར་པ་ཅི་མཆིས་ཐམས་ཅད་མི་གསང་མི་སྦེད་གནོང་འགྱོད་དྲག་པོས་བཤགས་ན་བཟོད་པ་དམ་པ་གསོལ། ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པར་མི་འགྱུར་བར་དག་ཅིང་ཚངས་པ་ཆེན་པོས་དངོས་གྲུབ་སྩོལ་ཞེས་ཡིག་བརྒྱ་བརྗོད། དྲུག་པ་གཏོར་མ་ལ་གསུམ་ལས། དང་པོ་བརྟན་མ་བསྐྱང་བ་ནི། གཏོར་མ་ཕྱིར་བསྣུར་སྨན་རཀ་གིས་བྲན། བརྟན་ཞིང་ཆགས་པའི་བརྟན་མ་སྟེ་བོད་ཁམས་སྐྱོང་བའི་གཙོ་མོ་བཅུ་གཉིས་ནི། བདུད་མོ་བཞི། གནོད་སྦྱིན་མ་བཞི། སྨན་མོ་བཞི་སྟེ་རང་རང་གི་གཡོག་འཁོར་སྨན་ཕྲན་འབུམ་ཕྲག་དང་བཅས། ཕྱི་ལྟར་ཞིང་སྐྱོང་ཌཱ་ཀི། ནང་ལྟར་རྩ་རླུང་ཐིག་ལེ། གསང་ལྟར་རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་བདེན་དོན་བཅུ་གཉིས་ཀྱི་ངོ་བོ་སྟེ་ཁྱེད་ཅག་སྔོན་གྱི་ཐ་ཚིག་ལ་གནས་པའི་ཡལ་གམ་ཅན་ཏེ་སློབ་དཔོན་པདྨ་ཐོད་ཕྲེང་དང་། སློབ་མ་གླང་ཆེན་དཔལ་སེང་གིས་མོན་ཁ་ནེ་རིང་རྫོང་གསུམ་དུ་ཞིང་ཆེན་པགས་པའི་གདན་བཏིང་། དབང་བསྐུར་ནས་རྣལ་འབྱོར་གྱི་གྲལ་ལ་བཞག་ཐར་པ་ཐོབ་པའི་ལུང་བསྟན་གསང་མཚན་བཏགས། ཕྱི་རབས་སྒྲུབ་པ་པོ་རྣམས་ལ་ཕན་གདགས་ཕྱིར་བྲན་གཡོག་མངག་གཞུག་ཚུལ་དུ་ཁས་བླངས་པ་ཡིན་ན་སྔོན་གྱི་དམ་ལས་མ་འདའ་བར་འདིར་བྱོན་ཏེ། བཀའ་ཡི་གཏོར་མ་ལོངས་ལ། བོད་ཁམས་མཐའ་དམག་གདུག་པའི་རྒྱུ་འགྲུལ་གཅོད་པ་སོགས་ཇི་ལྟར་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད་ཅིག །ཅེས་གཏོར་མ་གཟའ་རྒྱུ་ཕྱོགས་དང་བསྟུན་ཏེ་བཏང་ངོ་། །གཉིས་པ་ཟོར་བསྐུལ་བ་ནི། དཔེར་ན་ཕ་རོལ་གྱི་གཡུལ་ལས་རྒྱལ་བའི་ཕྱིར། དམག་བསྡུས། གོ་བསགས། མཚོན་བརྡར་བའི་སྒོ་ནས་འཐབ་པའི་སྦྱོར་ཆོག་ཐམས་ཅད་ཟིན་པའི་འོག་ཏུ་གང་གཡུལ་བཀྱེ་བའི་སར་སོང་སྟེ་དགྲ་དང་གཡུལ་སྤྲད་པ་ལྟ་བུ་སྟེ། དགྲ་བགེགས་བྱད་མའི་མཐུ་སྟོབས་གཞོམ་ཕྱིར་དུ་རྫས་སྔགས་དམིགས་པའི་འཕྲུལ་འཁོར་ཐམས་ཅད་ཚོགས་པར་བྱས་ནས་ལས་ལ་སྦྱར་བ་ཡིན་ཀྱང་། དཀྱུས་ཙམ་དུ་གཏོར་མ་དེ་ཉིད་ནད་དུག་མཚོན་ཆའི་ཕུང་པོར་དམིགས་ཏེ་དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པའི་དམག་དཔུང་དང་བཅས་པས་བཏེག་སྟེ་གང་ལ་དམིགས་པའི་དགྲ་དང་བགེགས་ཀྱི་ཕྱོགས་སུ་འཕང་བར་མོས་ལ་ཟོར་བསྐུལ་དང་སྔགས་བཟླས། དགྲ་བགེགས་དམ་སྲི་རྒྱབ་རྟེན་ལྷ་སྲུང་དང་བཅས་པའི་ལྔ་ཕུང་རྡུལ་དུ་བརླགས་ནས་རྣམ་ཤེས་བདེ་བ་ཆེན་པོ་ལ་སྦྱོར་བར་མོས་པའོ། །གསུམ་པ་བྲོ་བརྡུང་བ་ནི། གཏོར་གཞོང་རི་རབ་གསལ་བའི་འོག་ཏུ་གནོད་བྱེད་དམ་སྲི་རྒབ་འདྲེ་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་བཀུག་ནས། རྣལ་འབྱོར་པ་རྣམས་དཀྱིལ་འཁོར་གསུམ་དུ་གསལ་ཞིང་ལག་པ་ལུག་རྒྱུད་དུ་སྦྲེལ་ལ། རྡོ་རྗེ་རྒྱ་མདུད་ཀྱི་བྲོ་དངོས་སུ་འཁྲབ་བམ་ཡིད་ཀྱིས་མོས་པས། དཔལ་ཆེན་པོའི་ལྷ་ཚོགས་སྟོང་གསུམ་གང་བར་བྱོན་ནས་ཞལ་ནས་ཕུར་པའི་འཛབ་དབྱངས་བཅས་ཐབས་ཤེས་དབྱེར་མེད་ཀྱི་བྲོ་བརྡུངས་པས་དགྲ་བགེགས་དམ་སྲིའི་ཚོགས་རྣམས་ཕྱེ་མར་བརླགས་པས་བྱང་ཆུབ་ཀྱི་སེམས་མ་སྐྱེས་ཀྱི་བར་དུ་དེ་ཉིད་ནམ་ཡང་ལྡང་བ་མེད་པར་མོས་ལ་གནས་ལུགས་ལྟ་བའི་རྒྱས་གདབ་པས་སྣང་སྲིད་གཡོ་འགུལ་མེད་པར་བསམ་མོ། །བདུན་པ་དཀྱིལ་འཁོར་བསྡུ་བ་ནི། སྣང་སྲིད་ཐམས་ཅད་འོད་དུ་ཞུ། གཞལ་ཡས་ཁང་ལ་ཐིམ་པ་སོགས་མཐར་མི་དམིགས་པའི་ངང་ལ་བཞག་པས་རྟག་མཐའ་བསལ་ཏེ། ཕྱི་བཟུང་བའི་ཡུལ་གྱི་སྣང་གྲགས་སོགས་བདེན་འཛིན་མེད་པས་རང་བཞིན་གྱིས་སྟོང་པ། ནང་འཛིན་སེམས་ལ་བལྟས་པས་གཞི་མེད་རྩ་བྲལ། རྟོགས་མཁན་རིག་པ་ལ་བལྟས་ཀྱང་མཐོང་བྱ་མཐོང་བྱེད་གཉིས་མེད་སོ་སོར་རང་རིག་ལས་ཅུང་ཟད་ཙམ་ཡང་མེད་པ་འདི་ནི་ལྟ་བ་རང་བྱུང་གི་ཡེ་ཤེས་ཡིན་པར་ཐག་ཆོད་ལ༑ དེའི་ངང་ལ་གནས་པ་སྒོམ་པ། མི་འབྲལ་བ་སྤྱོད་པ། མངོན་གྱུར་འབྲས་བུ་སྟེ་དེ་བཞིན་དབྱེར་མེད་ཆོས་ཉིད་མཉམ་ཀློང་ཡངས་པའི་ངང་དུ་གཟུང་འཛིན་ཐམས་ཅད་རང་ཤར་རང་གྲོལ་བར་འགྱུར་རོ། །བརྒྱད་པ་རྒྱུན་གྱི་ཏིང་འཛིན་ནི། ཕཊ་གསུམ་བརྗོད་པས་སྟོང་གསལ་གྱི་ངང་ལས་ཆུ་ལས་ཉ་ལྡང་བའི་ཚུལ་དུ་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཐུགས་སྲོག་སེམས་དཔའ་ས་བོན་དང་བཅས་པ་ལམ་གྱིས་གསལ་བཏབ་པས་ཆད་མཐའ་བསལ་ཞིང་། ཕྱི་ནང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་སོགས་དོན་དམ་པར་སྐྱེ་མེད་ཆོས་སྐུའི་རང་བཞིན་ལ། ཀུན་རྫོབ་ཏུ་གཞལ་ཡས་ཁང་ལྷ་དང་ལྷ་མོའི་རང་བཞིན་བདེན་གཉིས་དབྱེར་མེད་ཆོས་ཉིད་ལ་ཆོས་ཉིད་དམ། ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་ཟ་ཉལ་འགྲོ་འདུག་སོགས་སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་ལམ་ཁྱེར་བྱའོ། །དེ་ལྟར་བརྩོན་པས་བྱང་ཆུབ་སྒྲུབ་པའི་བར་ཆད་ཞི་ཞིང་ལས་བཞི་གྲུབ་པ་བརྒྱད་སོགས་ཐུན་མོང་དང་མཆོག་གི་དངོས་གྲུབ་གཞི་འབྲས་དབྱེར་མེད་སྐུ་ལྔ་ཡེ་ཤེས་དགུ་ལྡན་དཔལ་རྡོ་རྗེ་གཞོན་ནུའི་དགོངས་པ་མངོན་དུ་བྱེད་པར་འགྱུར་རོ། །དེ་ལྟར་སྤྱི་དོན་གྱི་རྣམ་བཞག་དང་། ལས་བྱང་གི་བསྒོམ་དོན་ཅུང་ཟད་བཀོད་པ་འདི་ལ་ལས་དང་པོ་པ་རྣམས་ཀྱིས་ཐོག་མར་འདི་ཙམ་གོམས་འདྲིས་ཐོན་པར་བྱས་ནས་སླད་ནས་རྒྱུད་གཞུང་མན་ངག་རྣམས་ལ་ཡོངས་སུ་གོམས་འདྲིས་ཐོན་པར་བྱ་བ་གལ་ཆེའོ། །ཞེས་པ་འདིའང་ཐོས་བསམ་ཁོ་ནས་འཆད་རྩོད་རྩོམ་པ་མཛུབ་མོས་རི་སྟོན་ལྟ་བུ་མ་ཡིན་པར་སྒོམ་བྱུང་གི་ཤེས་རབ་ཟབ་མོ་གོམས་སྟོབས་ཀྱིས་ཉམས་མྱོང་སྒོམ་ཁྲིད་དང་གོ་བསྟུན་ཏེ་དེང་སང་མཁས་གྲུབ་ཡོངས་ཀྱི་དཔལ་དུ་གྱུར་པ། ༧ཟེ་ཆེན་རྒྱལ་ཚབ་རིན་པོ་ཆེས་མཛད་པའི་ཕུར་པ་ཡང་གསང་སྤུ་གྲིའི་རྣམ་བཤད་རིག་འཛིན་ཞལ་ལུང་ནང་གསལ་ལྟར་མཆེད་གྲོགས་རྣམས་ལ་ཅུང་ཟད་འཆད་ཁུལ་རློམ་པའི་སྐབས་མི་བརྗེད་དྲན་འཛིན་ཐོབ་ཕྱིར་འདི་ལྟར་བྲི་དགོས་ཞེས་རྣམ་རིག་མཆོག་ཏུ་བཀྲ་བ་ཉམས་རྟོགས་ཡོན་ཏན་གྱི་གེ་སར་གསར་དུ་བཞད་པ་སྒྲུབ་གྲྭ་སངས་རྒྱས་རྡོ་རྗེ་ལགས་ནས་ལྷ་རྫས་རབ་དཀར་རྡོར་དྲིལ་ཆུང་ངུ་བཅས་དུས་ཚེས་དགེ་བའི་ཉིན་བསྐུལ་ངོ་མ་ལྡོག་ཙམ་དུ། ༧གྲུབ་སྲས་ཨ་བུ་ཧྲལ་པོས་བྱ་རྫོགས་སྐད་ཅིག་གིས་ཟིན་བྲིས་སུ་བཏབ་པ་ཡིན་པས་ཁྱེད་རྣམས་ཀྱི་ཡིད་ལ་ངེས་ཤིང་། བདུད་བཞིའི་བར་ཆད་ཞི་ནས་བསྐྱེད་རྫོགས་ཀྱི་བརྟན་པ་ཐོབ་པའི་མཐུན་རྐྱེན་དུ་འགྱུར་བར་ཤོག་ཅིག། །།