SPCD-KABUM-02-KHA-013: Difference between revisions

From Khyentse Lineage - A Tsadra Foundation Project
SPCD-KABUM-02-KHA-013
(Imported new text files with Wyckibaat for processing)
(No difference)

Revision as of 15:26, 3 June 2024

གསོལ་འདེབས་གདམས་པའི་རིམ་པ་ཡང་དག་ལམ་གྱི་མིག་འབྱེད་ཅེས་བྱ་བ་བཞུགས་སོ།། རྒྱལ་ཀུན་འདུས་པའི་རང་གཟུགས། །ཡོན་ཏན་རྒྱ་མཚོའི་གཏེར་བརྡོལ། །གྲུབ་ཆེན་ནམ་མཁའི་རྣལ་འབྱོར། །དུས་གསུམ་འབྱོན་པར་དཀའ་བ། །རྩ་བའི་བླ་མ་མཁྱེན་ནོ། །སྡུག་བསྔལ་ཀུན་དང་བྲལ་ཞིང་། །གཏན་བདེའི་གནས་ལ་འགོད་ནས། །དོན་གཉིས་རླབས་ཆེན་འགྲུབ་མཛད། །བཀའ་དྲིན་འཁོར་མཐའ་མེད་པའི། །རྩ་བའི་བླ་མ་མཁྱེན་ནོ། །ཉམ་ཐག་འགྲོ་བ་ཡོངས་ལ། །བྱམས་བརྩེའི་ཉི་བཞིན་གསལ་ཞིང་། །གྲུབ་མཐའ་ཕྱོགས་རིས་ལྷུང་ལ། །ངེས་གསང་ལམ་གྱི་མིག་གཅིག །རྩ་བའི་བླ་མ་མཁྱེན་ནོ། །དལ་རྟེན་ཐོབ་ནས་འཆི་བའི་དུས་མ་ལྟུང་། །ལས་འབྲས་སྨིན་ནས་ངན་སོང་འཁྱམས་མ་ཚར། །ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་དུས། །ཚེ་འདིའི་བདེ་སྐྱིད་སྙན་གྲགས་ཐོབ་ཐང་དང་། །ཁ་གྲགས་ཆགས་སྡང་བསོག་འཇོག་ལེ་ལོ་དང་། །རྣམ་གཡེང་ངང་དུ་འབྱམས་སུ་མ་ཀླས་པར། །ངེས་འབྱུང་སྐྱོ་ཤས་དྲག་པོ་སྐྱེས་པའི་ངང་། །ཐར་ལམ་ཐོབ་ལ་དད་དང་དོན་གཉེར་བས། །དགེ་སྒྲུབ་སྡིག་སྤོང་ཞིབ་པར་བྱིན་གྱིས་རློབས། །གཟའ་ཟླ་ཉེ་འབྲེལ་རྣམས་དང་མ་འགྲོགས་ཤིག །དེ་ནི་སྐྱེ་འགྲོ་ཕོ་མོའི་བརྟོད་ཕུར་ཡིན། །རྒྱུ་ནོར་བསགས་སྲུང་སྤེལ་བའི་ལས་མ་བརྩོན། །དེ་ནི་འཁོར་བ་མཐའ་མེད་ཁྲིད་མཁན་ཡིན། །ཆོས་ལ་བརྟེན་ནས་ཆོས་བརྒྱད་མ་བསྒྲུབས་ཤིག །དེ་ནི་དུག་ཅན་ཟས་ཀྱིས་མྱོས་པ་འདྲ། །ཚབས་ཆེན་ཆགས་སྡང་རྨོང་པའི་ལས་མ་བསགས། །དེ་ནི་འཁོར་བ་ངན་སོང་གཏིང་རྡོ་ཡིན། །དེ་འདྲའི་ལས་ངན་ལྡོག་པར་བྱིན་གྱིས་རློབས། །འཇིགས་སྐྱོབས་ལེགས་སྨོན་འགྲན་སེམས་ལུང་མ་བསྟན། །ཐེག་དམན་ཆུང་འབྲིང་གཉིས་སོགས་མ་གོལ་བར། །ཡང་དག་ཐེག་ཆེན་སེམས་བསྐྱེད་ལྡན་གྱུར་ཚེ། །དགེ་སྡིག་གཞི་ཕྱེད་ཡུལ་ལ་མཚམས་སྦྱོར་ཅིང་། །དགེ་རྩ་སྐྱེད་འཕེལ་གཞན་དོན་རླབས་ཆེ་ཆུང་། །ས་ལམ་མྱུར་ཞན་འབྲས་བུ་རབ་འབྲིང་ཐ། །ཐོབ་ལུགས་ལ་སོགས་འདི་ལ་རག་ལས་བཞིན། །བདག་པས་གཞན་གཅེས་འཛིན་པའི་བསམ་སྦྱོར་གྱིས། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །དེ་ཡང་འདུས་བྱས་དགེ་བ་ཕན་རླབས་ཆུང་། །འཁོར་འདས་ཀུན་གྱི་བྱེད་པོ་རང་སེམས་ཡིན། །མ་རིག་གཟུང་འཛིན་དྲྭ་བས་བསྡམས་པ་ནི། །ཉམས་མྱོང་མན་ངག་ཟབ་མོ་དང་ལྡན་པས། །གེགས་སེལ་བོགས་དབྱུང་ཁྲིད་ཀྱིས་སྐྱ་བར་བཏོན། །གཞི་རྩ་བྲལ་བའི་གནས་ལུགས་དྲུངས་འབྱིན་ཚེ། །སྒྲིབ་པ་ཀུན་ཟད་ཚོགས་གཉིས་རབ་རྫོགས་ཤིང་། །རེ་དོགས་གཉིས་མེད་གདེང་ཆེན་ལྡན་པ་ནི། །དུས་གསུམ་རྒྱལ་བ་ཀུན་གྱི་གཞུང་ལམ་ལགས། །ཉམས་ལེན་གནད་དུ་དྲིལ་བར་བྱིན་གྱིས་རློབས། །ད་ལྟའི་སྡུག་བསྔལ་ཅུང་ཟད་མི་བཟོད་བཞིན། །ངན་འགྲོའི་གནས་ལ་མི་འཇིགས་སྙིང་ཁམ་ཅན། །བདེ་སྐྱིད་འབྱོར་ཚོགས་ལས་ལ་དོན་གཉེར་ན། །དེ་རྒྱུ་དགེ་ཚོགས་མི་བསྒྲུབ་རིས་སུ་བོར། །ཆོས་སུ་འདོམས་ཀྱང་ཆོས་མིན་ཁོ་ནས་གཡེང་། །སྙིང་ནས་བརྩེ་རུང་ལོག་པར་ལྟ་བ་སྟེ། །མི་ལུས་ཐོབ་ཀྱང་དུད་འགྲོའི་སྐལ་པར་མཉམ། །མ་གྱུར་འགྲོ་རྣམས་གདོན་གྱིས་མྱོས་སམ་ལགས། །སྒོ་གསུམ་ཐུགས་ཉམས་ཕབ་པར་བྱིན་གྱིས་རློབས། །ཞེས་པ་འདིའང་ངེས་འབྱུང་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་གཞན་ཕན་ལྷག་བསམ་བཟང་པོའི་རྩིས་ཟིན་ངེས་བླ་མ་གནས་བསྐོར་ཕྱག་འཚལ་བ་འགུ་ལོག་ཨ་ཕྱེ་ཕྱོགས་ཕུ་ཚང་གི་དཀོན་མཆོག་མགོན་པོ་ནས་གསོལ་འདེབས་དང་གདམས་པ་ཕྱོགས་སྒྲིལ་འདི་ལྟར་དགོས་ཞེས་བསྐུལ་ངོར་གྲུབ་སྲས་ཨ་བུ་ཧྲལ་པོ་འཕགས་མིང་པས་ཟླ་བདུན་པའི་ཚེས་ལ་བྲིས་པ་དགེའོ། །དགེའོ།། །།