PJCW-KABUM-05-CA-003: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༄༅། །མྱོས་བྱེད་ཀྱི་བཏུང་བའི་ཉེས་དམིགས་མདོ་རྒྱུད་བསྟན་བཅོས་རྣམས་ལས་བཏུས་པ་ཉེས་པའི་འཕྲང་སྒྲོལ་ཞེས་བྱ་བ་བཞུགས་སོ། །
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=dpal sprul bka' 'bum
|collectiontitletib=དཔལ་སྤྲུལ་བཀའ་འབུམ།
|totalvolumes=6
|author=Dpal sprul rin po che
|authortib=དཔལ་སྤྲུལ་རིན་པོ་ཆེ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=05
|volumeLetter=CA
|textnuminvol=003
|pdflink=File:PJCW-KABUM-05-CA-003.pdf
|InitCategories=Khyentse Lineage Project; PJCW-KABUM-Volume-05-CA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅། །མྱོས་བྱེད་ཀྱི་བཏུང་བའི་ཉེས་དམིགས་མདོ་རྒྱུད་བསྟན་བཅོས་རྣམས་ལས་བཏུས་པ་ཉེས་པའི་འཕྲང་སྒྲོལ་ཞེས་བྱ་བ་བཞུགས་སོ། །




Line 43: Line 62:
དང་མ་འོངས་པ་ཡི་དུས། །ད་ལྟར་བྱུང་བ་ཅུང་ཟད་དུ། །མྱུར་དུ་ཤེས་པར་འགྱུར་བ་དང་། །
དང་མ་འོངས་པ་ཡི་དུས། །ད་ལྟར་བྱུང་བ་ཅུང་ཟད་དུ། །མྱུར་དུ་ཤེས་པར་འགྱུར་བ་དང་། །
རྟག་ཏུ་དྲན་པ་གནས་པ་དང་། །དེ་ནི་སྨྱོ་བར་མི་འགྱུར་ཞིང་། །ཁྱད་པར་འཕགས་པའི་ཤེས་རབ་དང་། །མི་རྨོངས་པ་དང་བག་ཡོད་དང་། །ཚིག་ནི་ཤིན་ཏུ་གསལ་བ་དང་། །ངོ་ཚ་ཤེས་ཤིང་ཚིག་ནི་གསལ། །དེ་ནི་ལོག་པར་སྨྲ་མི་འགྱུར། །ཕྲ་མ་དང་ནི་ཚིག་རྩུབ་མེད། །དོན་མེད་པ་ལ་མི་སྨོད་ཅིང་། །ཉིན་དང་མཚན་དུ་དེ་བཞིན་དུ། །བྱས་པ་ཤེས་ཤིང་བྱས་པ་ཚོར། །འདོད་མེད་གཏོང་དང་ཚུལ་ཁྲིམས་ལྡན། །ཁྲོ་བ་མེད་ཅིང་ཚིག་ནི་དྲང་། །འཇིགས་པ་མེད་ཅིང་རྣམ་པར་མཁས། །ངོ་ཚ་ཁྲེལ་ཡོད་ཕུན་སུམ་ཚོགས། །འཇིགས་པ་དང་ནི་དོགས་པ་མེད། །ཡིད་གཞུང་ཐོས་པ་འཛིན་པ་དང་། །དོན་ཡོད་སྐྱེ་བོ་མང་ནང་མཁས། །ཆང་གི་བཏུང་བ་སྤངས་པ་ཡིས། །
རྟག་ཏུ་དྲན་པ་གནས་པ་དང་། །དེ་ནི་སྨྱོ་བར་མི་འགྱུར་ཞིང་། །ཁྱད་པར་འཕགས་པའི་ཤེས་རབ་དང་། །མི་རྨོངས་པ་དང་བག་ཡོད་དང་། །ཚིག་ནི་ཤིན་ཏུ་གསལ་བ་དང་། །ངོ་ཚ་ཤེས་ཤིང་ཚིག་ནི་གསལ། །དེ་ནི་ལོག་པར་སྨྲ་མི་འགྱུར། །ཕྲ་མ་དང་ནི་ཚིག་རྩུབ་མེད། །དོན་མེད་པ་ལ་མི་སྨོད་ཅིང་། །ཉིན་དང་མཚན་དུ་དེ་བཞིན་དུ། །བྱས་པ་ཤེས་ཤིང་བྱས་པ་ཚོར། །འདོད་མེད་གཏོང་དང་ཚུལ་ཁྲིམས་ལྡན། །ཁྲོ་བ་མེད་ཅིང་ཚིག་ནི་དྲང་། །འཇིགས་པ་མེད་ཅིང་རྣམ་པར་མཁས། །ངོ་ཚ་ཁྲེལ་ཡོད་ཕུན་སུམ་ཚོགས། །འཇིགས་པ་དང་ནི་དོགས་པ་མེད། །ཡིད་གཞུང་ཐོས་པ་འཛིན་པ་དང་། །དོན་ཡོད་སྐྱེ་བོ་མང་ནང་མཁས། །ཆང་གི་བཏུང་བ་སྤངས་པ་ཡིས། །
སྐྱེས་པའམ་ནི་བུད་མེད་ཀྱིས། །ཕན་ཡོན་འདི་རྣམས་མྱོང་བར་འགྱུར། །ལྷ་རྣམས་དང་ནི་མི་རྣམས་སུ། །དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་ཏུ་བདེ་འགྲོ་མཐོ་རིས་ལྷའི་འཇིག་རྟེན་དང་མཐོ་རིས་སུ་སྐྱེའོ། །ཞེས་སྤྱིར་བཤད་ལ། བྱེ་བྲག་སྡོམ་པ་གསུམ་པོའི་བཅས་པ་ལས་མ་འདས་པས་སྡོམ་ལྡན་དང་དམ་ཚིག་ཅན་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ་ས་དང་ལམ་གྱི་མངོན་རྟོགས་རིམ་གྱིས་རྫོགས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་འཐོབ་པར་འགྱུར་རོ། །སྙིགས་མའི་དུས་འདིར་ཆོས་མིན་སྤྱོད་པ་མང་། །དེ་ཡིས་ཐུབ་བསྟན་མྱུར་དུ་འཇིག་པར་བྱེད། །བདུད་ཀྱིས་བྱིན་བརླབས་སྐྱོན་ལ་ཡོན་ཏན་བཟུང་། །རྒྱལ་བའི་བཀའ་ལ་བདེན་པར་འཛིན་པ་དཀོན། །དེས་ན་འདི་འདྲས་གཞན་ལ་ཕན་དཀའ་ཡང་། །དམ་པ་རྣམས་ཀྱི་གསུང་བཞིན་བསྒྲུབས་པའི་མཐུས། །སྐྱེ་བོ་དུ་མ་ངན་འགྲོའི་ལམ་ལས་ཟློག །ཐར་པའི་དགའ་ཚལ་མཆོག་ཏུ་འཁྲིད་ནུས་ཤོག །ཅེས་པ་འདིའང་གཞན་ཕན་ལྷག་པའི་ཐུགས་ལྡན་གྱི་དམ་པ། སྡེ་བཞི་དགེ་བཅུའི་ཆོས་སྲིད་ཀྱི་མདུན་ན་འདོན་ཆེན་པོ་གཉེར་པདྨ་ལེགས་གྲུབ་ནས་སྔོན་འགྲོའི་ཁྲིད་ཡིག་གི་ཆ་ལག་ཏུ་འདི་ལྟ་བུ་ཞིག་དགོས་ཞེས་གསུང་བསྐུལ་ནན་བསྐྱར་གནང་བ་ལྟར། ཤྲཱི་ཨ་བུ་ཧྲལ་པོས་བཀའ་དང་བསྟན་བཅོས་ཀྱི་གཞུང་བཟང་རྣམས་ལས་བཏུས་པའོ། །ཕྱི་མོའི་ཞུ་དག་ཀྱང་ཀུ་སཱ་ལི་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་དེ་བཱི་ཀོ་ཊིའི་ཡང་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ། [[Category:Wyckibaat]]
སྐྱེས་པའམ་ནི་བུད་མེད་ཀྱིས། །ཕན་ཡོན་འདི་རྣམས་མྱོང་བར་འགྱུར། །ལྷ་རྣམས་དང་ནི་མི་རྣམས་སུ། །དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་ཏུ་བདེ་འགྲོ་མཐོ་རིས་ལྷའི་འཇིག་རྟེན་དང་མཐོ་རིས་སུ་སྐྱེའོ། །ཞེས་སྤྱིར་བཤད་ལ། བྱེ་བྲག་སྡོམ་པ་གསུམ་པོའི་བཅས་པ་ལས་མ་འདས་པས་སྡོམ་ལྡན་དང་དམ་ཚིག་ཅན་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ་ས་དང་ལམ་གྱི་མངོན་རྟོགས་རིམ་གྱིས་རྫོགས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་འཐོབ་པར་འགྱུར་རོ། །སྙིགས་མའི་དུས་འདིར་ཆོས་མིན་སྤྱོད་པ་མང་། །དེ་ཡིས་ཐུབ་བསྟན་མྱུར་དུ་འཇིག་པར་བྱེད། །བདུད་ཀྱིས་བྱིན་བརླབས་སྐྱོན་ལ་ཡོན་ཏན་བཟུང་། །རྒྱལ་བའི་བཀའ་ལ་བདེན་པར་འཛིན་པ་དཀོན། །དེས་ན་འདི་འདྲས་གཞན་ལ་ཕན་དཀའ་ཡང་། །དམ་པ་རྣམས་ཀྱི་གསུང་བཞིན་བསྒྲུབས་པའི་མཐུས། །སྐྱེ་བོ་དུ་མ་ངན་འགྲོའི་ལམ་ལས་ཟློག །ཐར་པའི་དགའ་ཚལ་མཆོག་ཏུ་འཁྲིད་ནུས་ཤོག །ཅེས་པ་འདིའང་གཞན་ཕན་ལྷག་པའི་ཐུགས་ལྡན་གྱི་དམ་པ། སྡེ་བཞི་དགེ་བཅུའི་ཆོས་སྲིད་ཀྱི་མདུན་ན་འདོན་ཆེན་པོ་གཉེར་པདྨ་ལེགས་གྲུབ་ནས་སྔོན་འགྲོའི་ཁྲིད་ཡིག་གི་ཆ་ལག་ཏུ་འདི་ལྟ་བུ་ཞིག་དགོས་ཞེས་གསུང་བསྐུལ་ནན་བསྐྱར་གནང་བ་ལྟར། ཤྲཱི་ཨ་བུ་ཧྲལ་པོས་བཀའ་དང་བསྟན་བཅོས་ཀྱི་གཞུང་བཟང་རྣམས་ལས་བཏུས་པའོ། །ཕྱི་མོའི་ཞུ་དག་ཀྱང་ཀུ་སཱ་ལི་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་དེ་བཱི་ཀོ་ཊིའི་ཡང་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ། }}
</onlyinclude>
{{TsagliCall}}
<headertabs/>

Revision as of 08:55, 2 June 2024

Wylie title
Location dpal sprul bka' 'bum
Volume 5, Text 3, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre
[edit]
༄༅། །མྱོས་བྱེད་ཀྱི་བཏུང་བའི་ཉེས་དམིགས་མདོ་རྒྱུད་བསྟན་བཅོས་རྣམས་ལས་བཏུས་པ་ཉེས་པའི་འཕྲང་སྒྲོལ་ཞེས་བྱ་བ་བཞུགས་སོ། །


བག་ཡོད་བསླབ་པས་རྒྱུད་གྲོལ་ཞིང་། །བག་མེད་ངན་འགྲོའི་གཡང་ལས་སྐྱོབ། ། ཐམས་ཅད་མཁྱེན་ལ་ཕྱག་འཚལ་ནས། །འདི་བྲིས་གཞན་ལ་ཕན་བྱིན་རློབས། །དེའང་ངོར་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཞལ་ནས། དེ་ལ་དམ་པའི་ཆོས་སྒྲུབ་པའི་རྟེན་ཁྱད་པར་ཅན་དལ་འབྱོར་གྱི་ལུས་རྣམ་པར་དག་པ་ཐོབ་པའི་དུས་འདིར། བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་བསྒྲུབ་པའི་དོན་དུ། ཡང་དག་པའི་ལྟ་བ་དང་སྤྱོད་པ་རྣམ་པར་དག་པ་ལ་ཚུལ་བཞིན་དུ་གནས་ཏེ། དལ་འབྱོར་རྟེན་ཆོས་དང་མཐུན་པའི་འཚོ་བ་རྣམ་པར་དག་པས་ཡུན་རིང་དུ་འཚོ་བར་བྱ་དགོས་པ་ལ། སྐྱེས་བུ་མི་མཁས་པའི་ངང་ཚུལ་ཅན་རྣམས་ནི་བག་མེད་པའི་ཆང་དང་། སེམས་ཅན་བསད་པའི་ཤ་ཁྲག་གིས་དལ་འབྱོར་འཚོ་བར་བྱེད་ཅིང་། འདི་དག་ཀྱང་དམ་པའི་ཆོས་འདུལ་བ་དང་། རྡོ་རྗེ་ཐེག་པ་ལས་ལོངས་སྤྱོད་པར་གསུངས་སོ་ཞེས་གཏན་ཚིགས་ཀྱང་འགོད་པར་བྱེད་དོ། །འདི་ལྟ་བུ་ནི་ཚུལ་བཞིན་མ་ཡིན་པ་ལ་རང་ཉིད་ཞུགས་ཤིང་། གཞན་དག་ཀྱང་དེ་ལ་སྦྱོར་བ། སྦལ་དོང་ནང་གི་སྦལ་བ་རྨ་ཅན་ལྟ་བུ། རྒྱལ་བ་དགྱེས་པའི་སྤྱོད་པ་ལས་ཉམས་པ། མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་རང་ཉིད་ལ་ཕུང་ཁྲོལ་ཆེན་པོ་སྐྱེད་པར་བྱེད་པའི་སྤྱོད་ལམ་དང་གྲུབ་པའི་མཐའ་ངན་པ་ཡིན་པས་འདི་དགག་པར་བྱ་ཞེས་གསུངས་པ་ལྟར། གྲུབ་པ་བརྙེས་པ་མ་གཏོགས་པའི་སྐྱེ་བོ་མཆོག་དམན་ཐམས་ཅད་དྲན་པ་ཉམས་པར་བྱེད་ཅིང་འདི་ཕྱི་ཀུན་ཏུ་མི་དགེ་བའི་ཕུང་ཁྲོལ་ཆེན་པོ་སྐྱེད་པ་བདུད་དང་ལྷ་མིན་གྱི་སྒྱུ་ཐབས་མྱོས་བྱེད་ཆང་གི་བཏུང་བའི་ཉེས་དམིགས་བཤད་པ་ལ་ལྔ། ཆང་གི་ཉེས་པ་སྤྱིར་བསྟན་པ། བྱེ་བྲག་སོ་ཐར་གྱི་སྡོམ་པ། བྱང་སེམས་ཀྱི་བསླབ་པ། གསང་སྔགས་ཀྱི་དམ་ཚིག་རྣམས་དང་འགལ་བའི་ཚུལ་སྨོས་པ། ཆང་སྤངས་པའི་ཕན་ཡོན་བཤད་པའོ། །དང་པོ་ཉེས་པ་སྤྱིར་བསྟན་པ་ལའང་། །ཆང་འཐུང་བ་པོ་ལ་ཉེས་པ་འབྱུང་ཚུལ། །ཆང་བླུད་པ་པོ་ལ་ཉེས་པ་འབྱུང་ཚུལ་གཉིས་ལས། དང་པོ་ནི། དགའ་བ་ཅན་གྱིས་ཞུས་པའི་མདོ་ལས། ཆང་འཐུང་བ་ལ་མངོན་པར་དགའ་བའི་མི། །རང་ལ་ཕན་དང་གཞན་ལ་བདེ་མི་ནུས། །རྨོངས་དང་མདོག་ངན་བྱེད་པ་ཆང་ཡིན་ཏེ། །ཇི་ལྟར་ཧ་ལའི་དུག་བཞིན་དེ་མི་བཏུང་། །ཞེས་ཆང་ནི་དུག་ཧ་ལའི་ཁ་ཟས་དང་མཚུངས་ཏེ་འཐུང་བ་ཙམ་ནས་རང་ལ་ཕན་པའི་བྱ་བ་དང་གཞན་ལ་བདེ་བའི་བསམ་སྦྱོར་གང་ཡང་སྒྲུབ་མི་ནུས་ཤིང་། བློ་རྨོངས་ཤིང་ཁ་དོག་ངན་པར་བྱེད་པ་ཡིན་པས་མིའི་འགྲོ་བར་གཏོགས་པས་གཏན་ནས་འཐུང་དུ་མི་རུང་བར་གསུངས་ལ། བྱེ་བྲག་ཏུ་མདོ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་གསུངས་པ། དགའ་བ་ཅན། འབྲུའི་ཆང་དང་། བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་སུམ་ཅུ་རྩ་ལྔ་ནི་འདི་དག་ཡིན་པར་རིགས་པར་བྱ་སྟེ། སུམ་ཅུ་རྩ་ལྔ་པོ་དེ་དག་གང་ཞེ་ན། ཚེ་འདི་ལ་ནོར་ཟད་པ་དང་། ནད་རྣམས་རྒྱས་པར་བྱེད་པ་དང་། འཐབ་པ་དང་། རྩོད་པ་རྙེད་པ་དང་། དོན་མེད་པ་ལ་བལྟ་བ་དང་། གྲགས་པ་མ་ཡིན་པ་ཀུན་ཏུ་འབྱུང་བར་བྱེད་པ་དང་། ཤེས་རབ་ཉམས་ཆུང་བར་བྱེད་པ་དང་། ལོངས་སྤྱོད་མ་ཐོབ་པ་མི་ཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཐོབ་པ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུག་པར་འགྱུར་བ་དང་། གསང་མི་ཐུབ་པར་འགྱུར་བ་དང་། དེའི་ལས་ཀྱི་མཐའ་ཡོངས་སུ་འགྲིབ་པ་དང་། མཐུ་སྟོབས་ཆུང་ངུར་བྱེད་པར་འགྱུར་བ་དང་། མར་མི་འཛིན་པར་འགྱུར་བ་དང་། ཕར་མི་འཛིན་པར་འགྱུར་བ་དང་། དགེ་སྦྱོང་དུ་མི་འཛིན་པར་འགྱུར་བ་དང་། བྲམ་ཟེར་མི་འཛིན་པར་འགྱུར་བ་དང་། རིགས་ཀྱི་གཙོ་བོ་ལ་བསྙེན་བཀུར་མི་བྱེད་པར་འགྱུར་བ་དང་། སངས་རྒྱས་ལ་མ་གུས་པར་འགྱུར་བ་དང་། ཆོས་ལ་མ་གུས་པར་འགྱུར་བ་དང་། དགེ་འདུན་ལ་མ་གུས་པར་འགྱུར་བ་དང་། བསླབ་པ་ཡང་དག་པར་བླངས་པ་ལ་མ་གུས་པར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་བར་འགྱུར་བ་དང་། དབང་པོའི་སྒོ་མ་བསྡམ་པར་འགྱུར་བ་དང་། བག་མེད་པས་བུད་མེད་དོན་དུ་གཉེར་བར་འགྱུར་བ་དང་། ཉེ་དུ་དང་སྣག་གི་གཉེན་ཚན་དང་མཛའ་བཤེས་དང་བློན་པོ་དག་གིས་སྤོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་གི་ཡིད་དུ་མི་འོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་དང་མི་མཐུན་པར་འགྱུར་བ་དང་། ཆོས་མ་ཡིན་པ་སྤྱོད་པར་འགྱུར་བ་དང་། ཆོས་མ་ཡིན་པ་ཡོངས་སུ་འཛིན་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་སྤོང་པར་འགྱུར་བ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྤོང་བར་འགྱུར་བ་དང་། དེ་མི་མཛའ་བ་དག་དང་གནས་ཀྱང་མཁས་པ་རྣམས་ལ་ཡོངས་སུ་འདྲི་བར་མི་སེམས་པ་དང་། བག་མེད་པ་རྟག་ཏུ་སྤྱོད་པར་འགྱུར་བ་དང་། དམ་པའི་གསུང་རབ་ལ་ཀུན་ནས་མི་གནས་པ་དང་། མྱ་ངན་ལས་འདས་པ་ལ་ཐག་རིང་དུ་འགྱུར་བ་དང་། སྨྱོན་པར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ནས་ཡང་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་སྨྱོན་པར་འགྱུར་ཞིང་དྲན་པ་མི་གསལ་བར་འགྱུར་ཏེ། དགའ་བ་ཅན་འབྲུའི་ཆང་དང་། བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་ནི་སུམ་ཅུ་རྩ་ལྔ་པོ་འདི་དག་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །འདི་དང་དོན་གཅིག་པ་མདོ་སྡེ་ལས་རྣམ་འབྱེད་དང་། ལས་རྣམ་པར་འགྱུར་བ་རྣམས་ལས་ཀྱང་གསུངས་ཏེ། དེ་དག་གི་དོན་གོ་བདེར་བཀྲོལ་ན། ཆང་འཐུང་བའི་མི་དེ་ཕྱུག་པོ་ཞིག་ཡིན་ཡང་དཀར་པོ་དགེ་བའི་ཕྱོགས་དང་རང་ལ་ཤིན་ཏུ་གལ་ཆེ་བ་ཕ་མ་ཉེ་དུ་ལྟ་བུའི་ཕྱོགས་སུའང་ཅུང་ཟད་ཙམ་ཡང་མི་འགྲོ་བར་རྒྱུ་ནོར་ཐམས་ཅད་ཆང་རག་གི་དོན་དུ་བཏང་། ནམ་ཡང་ངོམས་པ་དང་ཚིམས་པ་མེད་པས་མཐར་ནོར་རྫས་ཟད་ཅིང་མེད་པར་འགྱུར་བ་དང་། ནད་མེད་པ་ལ་མཁྲིས་ཁམས་དང་། མིག་ནད་དང་། ཁྲག་གྲིབ་དང་། ཆུ་གཞི་དང་། མཆིན་པ་ཟད་པ་སོགས་ནད་གཞི་གསར་དུ་སྐྱེད། ནད་ཡོད་པ་རྣམས་ལ་སྨན་དཔྱད་ཇི་ཙམ་བྱས་ཀྱང་བཅོས་སུ་མེད་པར་འཆི་བ་ལ་གཏུགས། ཆང་གིས་མྱོས་པ་རྟ་གྲི། གཡང་གྲི། ཨག་གྲི་སོགས་ཀྱིས་ཤི་ཉེས་སྣ་ཚོགས་སུ་འགྱུར་བས་མི་རབས་མང་པོར་དེ་ཤི་བའི་ས་རེད་ཅེས་དོགས་འཛེམ་བྱེད་དགོས་པ་དང་། ཤི་ནས་ཀྱང་ཁོང་པ་སྐྱུར་དྲིས་གང་། དོན་སྣོད་རུལ་ནས་ཐ་ན་རོ་ཁུར་ཡན་ཆད་ཀྱིས་བཙོག་ལྟས་བྱེད་ཅིང་ཞེ་ཁྲེལ་འཇོག་པ་དང་། མི་གཞི་བཟང་པོ་ཞིག་ཡིན་ཡང་ཆང་གིས་མྱོས་ནས་གཤིས་འགྱུར་ཏེ་འགའ་ཞིག་ཁ་ལ་བབས་ནས་གསང་གཏམ་དགྲ་ལ་འཆད་ངོ་ཚ་མ་སྲིང་ལ་ལབ། དོན་མེད་ཀྱི་ངག་འཁྱལ་རི་བོ་ཙམ་གསོག །འགའ་ཞིག་སྙིང་ལ་ཕོག་ནས་རྒྱུ་རྐྱེན་མེད་པར་ཚིག་པ་ཟོས། སྨྱོ་འབོག་དུ་ལབ་ཀྱིས་ཡུལ་མི་སྐྲོག །ཕ་མ་སྙིང་གྲོགས་ལ་གྲི་མཚོན་རྡེག་པ་ལའང་ཐེ་ཚོམ་མེད། འགའ་ཞིག་རྐང་ལག་ལ་ཕོག་ནས་མི་གཙང་བའི་རྐྱག་འདམ་ཡང་འབོག་ནས་རྒྱུག ། སྤྱད་པ་ནམ་ཆེན་ཡོད་ཀྱང་གཅག་དཀྲུག་བྱེད། དེ་དག་གི་རྐྱེན་གྱིས་སྔོན་སེམས་འཁོན་མེད་པའི་མཛའ་བོ་ཞིག་ཡིན་ཡང་གློ་བུར་དུ་འཐབ་འཛིང་བྱེད། སེམས་འཁོན་ཅན་ལ་འཁོན་གཞི་བསླངས་ནས་ཆེ་ན་གསོད་རེས་བྱེད། ཆུང་ན་གྱོད་ཆེན་བསླང་། མི་སྡེ་དོན་མེད་ལའང་འཐབ་རྩོད་དང་གྱོད་གཞི་བཞག་ནས་ཆང་གིས་བཟི་ཐེངས་གཅིག་གིས་མི་ཚེ་གཅིག་ལ་མི་བདེ་བའི་གཞི་བཞག་པ་མང་། མི་དགེ་བའི་བཤེས་འདྲིས་བསྟེན་ཞིང་དོན་མེད་པའི་བྱ་སྤྱོད་ལ་འཇུག ། བན་དེ་ཆང་འཐུང་བ་ལ་ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱིས་ཁྲེལ་ཞིང་ལྷ་རྣམས་ཀྱིས་སྡོང་གྲོགས་དང་སྲུང་སྐྱོབ་མི་བྱེད་པས་བྱིན་བརླབས་དང་ནུས་པ་མེད། མི་རྣམས་ཀྱི་བརྩི་བཀུར་ཆུང་བས་བསོད་སྙོམས་རྙེད་བཀུར་མི་འབྱུང་། སྐྱེ་བོ་ཆང་འཐུང་རྣམས་ཀྱང་ཡ་རབས་ཀྱི་གྲལ་ནས་བུད་པས་བློ་གཏོད་པའི་མི་ཉུང་། མདོར་ན་ཆང་འཐུང་བ་ལེགས་སོ་ཞེས་པའི་བསྟོད་བསྔགས་བྱེད་མཁན་གཅིག་ཀྱང་མི་སྲིད། ཆོས་འཇིག་རྟེན་གཉིས་ག་ནས་སྨད་ར་བརྗོད་མཁན་ཁོ་ན་མང་བས་མི་སྙན་པ་དུས་རྟག་ཏུ་འབྱུང་། བློ་ཤེས་རབ་ཀྱང་ཉམས་ཏེ་ཆང་གིས་མྱོས་པས་སེམས་འཁྲུལ་ནས་རང་ཉིད་སྐྱོན་མེད་པར་བསམས་ཀྱང་གཞན་གྱིས་བལྟས་ན་དྲན་ཚད་དོན་མེད་དྲན། ཁའི་ཚིག་ལྡབ་ལྡིབ་ཏུ་སོང་། རིག་པའི་གནས་ལྔ་ལ་མཁས་པ་ཞིག་ཡིན་ཡང་འཆད་རྩོད་རྩོམ་གསུམ་མི་ཕེར། སྐྱེ་བོ་ཤེས་རྒྱ་ཅན་ཞིག་ཡིན་ཡང་དགྲ་འདུལ་གཉེན་སྐྱོང་ཚོང་ཁེ་སོ་ནམ་གྱི་བྱ་བཞག་ལ་བློ་ནོར་ཞིང་གྲོས་འཆུག །བཟི་དངས་ཙ་ན་ཅི་བྱས་ཅི་སྨྲས་ཐམས་ཅད་བརྗེད་ནས་མི་དྲན། རྒྱུ་རྫས་ལོངས་སྤྱོད་སྔར་མེད་གསར་དུ་སྙེད་པའི་བློ་དང་དབང་ཐང་ཟད། སྔར་ཡོད་རྣམས་ཀྱང་མྱུར་དུ་ཟད་ནས་ཕལ་ཆེར་མུ་གེས་འཆི་དགོས་པའང་འབྱུང་བ་དང་། ཁའི་མཆུ་སྒོར་བཏོན་མི་རུང་བའི་གསང་བྱ་ཞིག་ཡིན་ཡང་ཕྱི་ནང་མེད་པ་ལ་ཁོག་པ་ཕྱི་ནང་བསྒྱུར་ནས་བསྟན་པ་ལྟར་བསྒྲག །དམ་ལྡན་ཡིན་ན་དམ་ཚིག་ཉམས། ཕལ་བ་ཡིན་ན་མཚང་རྒྱུས་ཐམས་ཅད་དགྲ་བོས་ཀྱང་ལོན། ཐ་ན་ལུས་ཀྱི་ངོ་ཚའི་གནས་ཀྱང་སྦེད་མི་ཤེས་པར་སྟོན་པ་དང་། སྔོན་བརྫུན་མི་སྨྲ་བ་ཞིག་ཡིན་ཡང་ཆང་གིས་མྱོས་ནས་བརྫུན་མང་པོ་དབང་མེད་དུ་ཤོར་བས་མཚོན་དགེ་བ་སྤྱོད་པའི་ལས་མཐའ་མི་དགེ་བར་འགྱུར་བ་སོགས། སྐྱེ་བོ་རང་རང་གི་ལས་སྤྱོད་བྱེད་འཕྲོ་ཐེན་གྱིས་ལུས་པའམ། བསམ་སྦྱོར་གཞན་དུ་འགྱུར་བས་སྔ་མའི་བྱ་བ་མི་འགྲུབ་ཅིང་ཕྱི་མའི་བྱ་བཞག་ཀྱང་མཐར་མི་ཕྱིན་པ་དང་། གཟི་བརྗིད་སྟོབས་ཤུགས་ཆེན་པོ་ཅན་ཡིན་ཡང་མདངས་དང་གཟི་བརྗིད་ཉམས་ནས་སྤྲང་རོ་ལམ་མདོ་ན་བསྐྱུར་བ་བཞིན་དུ་སོང་། རྐང་པས་ལུས་དང་ལག་པས་ཕོར་བ་མི་ཐེག་པར་བྱིས་པ་ཉམས་ཆུང་བཞིན་དུ་སོང་ནས་དགྲ་བོ་ཡོད་ཀྱང་གླགས་རྙེད། མི་མ་ཡིན་གྱིས་མདངས་འཕྲོག ། ཁྱེའུ་བུ་མོས་བཞད་གད་ཀྱི་རྟེན་དུ་བྱེད་པ་དང་། ཕ་དང་མ་དང་མཆོད་གནས་ཞིང་དམ་པ་རྣམས་ལའང་ལོག་ལྟ་དང་བརྙས་བཅོས་ཁོང་ནས་སྐྱེས་ཏེ་དེ་དག་གི་ཐུགས་སེམས་དཀྲུགས། ཚེ་རབས་མང་པོའི་དགེ་རྩ་སྐད་ཅིག་གིས་བརླག་པར་བྱེད་པ་དང་། རྒྱལ་པོ་བློན་པོ་སོགས་རིགས་ཀྱི་གཙོ་བོར་བརྩི་བཀུར་མ་བྱས་ན་ཉེས་ཆད་འབྱུང་བས་ལྟ་ཉེས་ཙམ་ཡང་མི་ཕོད་པ་ཞིག་ཡིན་ཡང་སྐྲག་ངོ་དང་འཇིགས་ངོ་མི་ཤེས་པར་ཁྱད་དུ་གསོད་པས་རྒྱུ་ནོར་སྟོང་ཞིང་ལུས་སྲོག་ལ་ཐུག་པའི་ཆད་ལས་ཕོག་པ་དང་། རབ་བྱུང་ཡིན་ན་ཆང་འཐུང་བ་ཙམ་གྱིས་སངས་རྒྱས་ཀྱི་བཅས་པ་ལས་འདས། དམ་པའི་ཆོས་ལ་ཁྱད་དུ་གསོད། དགེ་འདུན་འཕགས་པའི་རྗེས་སུ་མ་ཞུགས། བསླབ་སྡོམ་རྩིས་མེད་དུ་དོར་ནས་དཀོན་མཆོག་གསུམ་བསླབ་པ་དང་བཅས་པ་ལ་མ་གུས་པར་གྱུར་ཅིང་། ལྟུང་བ་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཚུལ་ཁྲིམས་འཆལ་ཏེ་སྡིག་པའི་ཕུང་པོ་ཚད་མེད་པར་གསོག་པ་དང་། བལྟ་བར་མི་འོས་པ་ལ་ལྟ་ཞིང་སྨྲ་བར་མི་འོས་པའི་གྱ་ཚོམ་སྣ་ཚོགས་སུ་སྨྲ་བ་སོགས་དབང་པོའི་སྒོ་བསྡམས་མི་ཤེས་པས་ཤེས་པ་རྣལ་དུ་གནས་པ་ཐམས་ཅད་ཆང་བཟིའི་རྩ་བར་འགྲོ་བའམ་གཏམ་འདྲི་བ་ཙམ་ཡང་བྱེད་དུ་མི་འདོད་པ་དང་། སྔར་བག་ཡོད་པ་ཞིག་ཀྱང་བག་མེད་པར་གྱུར་ཏེ་ཁྲེལ་འཛེམ་མེད་པར་དངོས་དང་བརྒྱུད་ནས་བུད་མེད་སོགས་འཁྲིག་པའི་ཡུལ་དོན་དུ་གཉེར་ཞིང་རབ་བྱུང་ཡིན་ན་སྡོམ་པ་ཤོར། ཁྱིམ་པ་ཡིན་ན་ངོ་ཚ་ཤོར་བ་དང་། དུས་རྒྱུན་དུ་སྐྱོན་ཅན་གྱི་མི་དེ་ལ་ཡ་རབ་མཁས་པ་རྣམས་ལྟ་ཅི་སྨོས། རང་གི་ཉེ་དུ་མཛའ་བཤེས་རྣམས་ཀྱིས་ཀྱང་དོན་ཅིའང་མི་ལོ་བའི་སྐྱོན་ཅན་དུ་མཐོང་ནས་ཐབས་ཀྱིས་སྤངས་ཏེ་མཐར་རང་ཁོ་ནའམ་རང་དང་འདྲ་བའི་གྲོགས་ངན་པ་དང་ལྷན་ཅིག་ཏུ་ཚོགས་ནས་མི་ཚེར་སྡུག་ལ་སྦྱོར་དགོས་པ་དང་། ཆང་སྐྱོན་ཅན་དེ་མཆོག་དམན་སུའི་སྔོན་དུ་ཕྱིན་ཡང་ཡིད་དུ་མི་འོང་ཞིང་སྐྱོན་བརྗོད་ཟད་པ་མེད་པ་དང་མཐར་སུ་དང་ཡང་མི་མཐུན་པས་མི་གྲལ་ནས་བུད་པ་དང་། སེམས་འཁྲུལ་བའི་དབང་དུ་སོང་ནས་རྣལ་དུ་མི་གནས་པས་རབ་བྱུང་ཡིན་ན་རྩ་བཞི་ཉམས། ཁྱིམ་པ་ཡིན་ཡང་འཐབ་རྩོད་གསོད་གཅོད་རྐུན་རྫུན་སོགས་ཕུང་ཁྲོལ་མང་པོའི་རྒྱུ་བྱེད་པས་ཆོས་མ་ཡིན་པའི་མི་དགེའི་ལས་ལམ་སྣ་ཚོགས་བྱེད་པ་ལ་དབང་མེད་དུ་སྤྱོད། ཆང་ལ་ཉེས་པའི་རྣམ་གྲངས་འདི་ཙམ་གསུངས་ཀྱང་ཅུང་ཟད་མི་གོ་བར་མ་ཟད་སངས་རྒྱས་དང་དེའི་བསྟན་ལ་ལོག་པར་བལྟས་ཏེ། སྐྱོན་ཡོན་ཏན་དུ་བཟུང་། ལྟས་ངན་ངོ་སོར་བརླམས་ནས་དེ་འཐུང་བ་ལ་ཡོན་ཏན་དུ་ལྟ་བ་སོགས་དམ་པའི་ཆོས་སྤངས་ནས་ཆོས་མ་ཡིན་པ་ལ་ཆོས་སུ་འཛིན་པ་དང་། རང་ལ་ལྟོས་པའི་ངོ་ཚ་དང་གཞན་ལ་ལྟོས་པའི་ཁྲེལ་འཛེམ་ཐམས་ཅད་ཤོར་ནས་ལྷ་ཆོས་པས་སྡོམ་པ་དམ་ཚིག་ཉམས་ཀྱང་འགྱོད་སེམས་མེད་པའི་ཁར་ཧམ་པ་དང་ང་རྒྱལ་ཆེ། མི་ཆོས་པས་གཞུང་ཕྱི་ཐག་མནའ་ཚིག་ཚུན་ལ་རྩི་འཇོག་མེད་ཅིང་དེ་རིང་གི་དགྲ་བོ་སང་ཉིན་གྱི་མཛའ་བོ་དང་། དེ་རིང་མཛའ་བོའི་དྭངས་མ་སང་ཉིན་ནས་འཁོན་གཞིའི་དགྲ་གཅིག་མར་འགྱུར་བར་བྱས་ནས་འདི་ཕྱི་རྒྱུ་འབྲས་གང་ཡང་རྩི་མི་ཤེས་པའི་ཁྲེལ་མེད་ཟེར་བ་སྐྱུགས་བྲོ་ལྟ་བའི་གནས་དེར་འགྱུར། རང་གསོད་པའི་དགྲ་བོ་དང་ལྷན་ཅིག་གནས་ཀྱང་དེ་ལ་ཡིད་གཏོད་ཅིང་རང་ལ་ཕན་འདོགས་པའི་མཁས་པ་བློ་གྲོས་ཅན་རྣམས་ལ་གྲོས་འདྲི་བའི་བསམ་པ་མི་འཆར་པར་མ་ཟད། དེ་དག་གིས་བསླབ་པའི་ཚིག་ལ་མི་ཉན་པས་མཐར་རང་ཉིད་འདི་ཕྱི་གཉིས་ཀར་ཕུང་ལ་སྦྱོར་བ་དང་། སྨྱོན་པ་བཞིན་དུ་ལུས་གཅེར་བུར་བུད་ཀྱང་ངོ་མི་ཚ་ཞིང་ངག་ཅལ་ཅོལ་ལ་ཟད་པ་མེད་ཀྱང་ཉན་འདོད་པ་གཅིག་ཀྱང་མེད་པ་དང་། སེམས་ཀྱིས་བླང་དོར་མི་ཤེས་པས་སྤྱོད་པ་ཅི་ཐོད་དུ་བྱེད། ད་ལྟ་འཆི་བའི་གཡང་ས་དང་མེ་ཆུ་གཅན་གཟན་སོགས་ལའང་འཛེམ་བག་མི་ཤེས། ཁ་ནས་སྐྱུགས་པ་དང་རྐུབ་ནས་གཅིན་སྟུག་ལུད་བཞིན་མི་མང་འགྲོ་བའི་ལམ་མདོར་གན་རྐྱལ་དུ་ཉལ་ཡང་རོ་ལྟར་བསམ་དྲན་མེད། དེ་རིང་བྱ་རྒྱུ་སང་ཉིན་དང་དེའང་གནངས་གཞེས་སོགས་རིམ་གྱིས་ལུས། ཐོས་བསམ་སྒོམ་པས་མཚོན་ཆོས་འཇིག་རྟེན་གྱི་བྱ་བཞག་ཐམས་ཅད་ཤོལ་ནས་སྒོ་གསུམ་བག་མེད་པ་ཁོ་ནའི་དབང་དུ་ཤོར་བ་དང་། སངས་རྒྱས་ཀྱི་གསུང་རབ་མདོ་རྒྱུད་དྲི་མ་མེད་པ་གང་དང་ཡང་མི་མཐུན་པས་རང་ཉིད་ཐར་པའི་ལམ་ལས་ཕྱིར་ཕྱོགས་པ་མ་ཟད་འབྲེལ་ཚད་རྣམས་ཀྱང་འདི་ཕྱིར་ཕུང་ལ་སྦྱོར་བ་དང་། ཤི་མ་ཐག་ངན་འགྲོའི་སྐྱེ་གནས་སུ་ལྷུང་སྟེ་སྡུག་བསྔལ་ཚད་མེད་གྲངས་མེད་པ་མྱོང་ཞིང་ནམ་ཞིག་མིར་སྐྱེས་ནའང་སྨྱོན་པ་དང་དྲན་པ་ཉམས་པ་ཁོ་ནར་སྐྱེ་བར་འགྱུར་བ་ཡིན་ལ། སྐྱེས་རབས་ལས་ཀྱང་ཆང་འཐུང་བ་ལ་ཚེ་འདིར་ཉེས་པ་བཅུ་གཅིག་འབྱུང་བར་གསུངས་ཏེ། ལུས་ཉམས་པས་གོམ་པ་གྱ་ཚོམ་དུ་འདོར་ཞིང་མ་འདྲིས་པའི་སར་ཡང་འཁྱམས་ཤིང་རྡེག་འཆོས་པ་དང་། དྲན་པ་ཉམས་པས་བཟའ་རུང་མི་རུང་ལ་དཔྱད་པ་མེད་པར་བཟའ་བ་དང་གཅིག །རང་གི་སེམས་ལ་དབང་མེད་ཅིང་བློ་གྲོས་ཉམས་པས་དུད་འགྲོ་ལྟར་བླུན་ཞིང་དགྲ་བོས་ཀྱང་འཕྱ་བས་དགེ་ལེགས་ཐམས་ཅད་ཉམས་ཀྱང་དོགས་པ་མེད་པར་ལུས་ཀྱི་རྣམ་འགྱུར་ཅི་ཐོད་བྱེད་ཅིང་ངག་ནས་ཅི་ཐོད་སྨྲ་བ་དང་གཉིས། ངོ་ཚ་ཐམས་ཅད་དོར་ནས་གཅེར་བུར་གྲོང་དུ་རྒྱུ་ཡང་དོགས་པ་མེད་ཅིང་ཁྲེལ་ཡོད་ལས་ཉམས་ཏེ་ཁྲེལ་མེད་ཁོ་ནར་སྤྱོད་པ་དང་གསུམ། ཁྱི་དང་མཚུངས་པར་སྐྱུག་པས་གོས་ཤིང་རྒྱ་ལམ་དུ་ཉལ་ནས་ཁྱི་ཡིས་ཁར་བལྡགས་ཀྱང་དོགས་འཛེམ་མི་ཤེས་པ་དང་བཞི། ཕ་མ་ལའང་ཚིག་རྩུབ་དང་རྡེག་བརྡུང་བྱེད་ཅིང་རང་ལ་ཆང་སོགས་ཟང་ཟིང་སྦྱིན་པའི་བདག་པོ་ལའང་ཁྲོ་བས་འགྲས་པར་བྱེད་པ་དང་ལྔ། ཤིན་ཏུ་མཛའ་བའི་མི་ལའང་འཐབ་མོ་བྱས་ཏེ་དམེ་དང་དེའི་རྐྱེན་གྱིས་བསད་བཅད་མང་པོ་འབྱུང་བ་དང་དྲུག །རིགས་མཐོན་པོ་ཡིན་ཡང་མ་རབས་ཀྱི་སྤྱོད་པ་བྱེད་པས་རིགས་ཉམས་པ་དང་། ནོར་དང་ལོངས་སྤྱོད་ཐམས་ཅད་ཟད་ཅིང་ཉམས་པར་འགྱུར་བ་དང་བརྒྱད། གློ་བུར་དུ་དགོད་ཅིང་གློ་བུར་དུ་ངུ་བ་དང་གཏམ་མ་ངེས་པ་སྨྱོན་པ་བཞིན་སྨྲ་བ་དང་བཞིན་འགྱུར་ཞིང་། མིག་མཆི་མས་གང་ལ་གཏམ་ངན་གྱི་གཞིར་གྱུར་ཞིང་སྨད་ཅིང་བརྙས་པའི་གནས་སུ་འགྱུར་བ་དང་བརྒྱད། རང་ཉིད་ཕན་པའི་ལམ་དུ་མི་འཇུག་ཅིང་མ་བརྟགས་པར་མང་དུ་སྨྲ་བའི་ངག་འཁྱལ་འབྱུང་ཞིང་ན་ཚོད་རྒན་པོ་བྱ་བ་ཐམས་ཅད་ལ་གོམས་པའི་དབང་གིས་ལེགས་ཉེས་ཀྱི་བྱ་བ་ཐམས་ཅད་ཤེས་པ་ཞིག་ཀྱང་ཆང་གིས་མྱོས་ན་རང་གཞན་ཕུང་བའི་བྱ་བ་ལ་སྦྱོར་བ་དང་དགུ། སྔོན་ལྷ་འགའ་ཞིག་གིས་རི་རབ་ཀྱི་རྩེ་མོར་ཆང་འཐུང་བའི་རྒྱུས་འཐབ་རྩོད་བྱས་པས་སྤྱོད་པ་ངན་པ་རྣམས་ལྷ་རྣམས་ཀྱིས་བསྐྲད་པ་སའི་འོག་ཏུ་གབ་པ་ལ་ལྷ་མིན་ཞེས་གྲགས་པ་ལྟར་ཆང་འཐུང་ན་ལྷའི་དཔལ་ཡང་ཉམས་པ་དང་བཅུ། མི་བདེན་པ་ཡང་བདེན་པ་ལྟར་སྨྲ་ཞིང་བྱ་བ་མ་ཡིན་པའང་དགའ་བཞིན་སྤྱོད་པ་སོགས་བསམ་སྦྱོར་ཕྱིན་ཅི་ལོག་ཏུ་སྤྱོད་པས་སྨྱོན་པ་དང་མཚུངས་པ་དང་བཅུ་གཅིག་གོ །མདོར་ན་སེམས་མྱོས་པར་བྱེད་པ་དྲང་སྲོང་གི་རིག་སྔགས་ལྟ་བུ། སྡིག་པ་ཐམས་ཅད་ཀྱི་འབྱུང་ཁུངས། སྡུག་བསྔལ་གྱི་གཞི་དང་རྩ་བ། གཏམ་ངན་དང་མི་འདོད་པ་ཀུན་གྱི་གཞི་བྱུར་ངན་མངོན་སུམ་དུ་འོང་བ་ལྟ་བུ། འཐབ་རྩོད་ཀྱི་ལམ་དང་སྙིང་གི་མུན་པ་མི་བཟད་པ་ཡིན་པར་གསུངས་སོ། །རབ་བྱུང་རྣམས་ལ་ཉེས་པ་ལྗི་ཡང་སྐྱེ་བོ་ཕལ་བ་ལ་ཕྱི་མར་ཉེས་པ་ཆུང་ངམ་སྙམ་ན་ཆང་འཐུང་པ་རང་བཞིན་གྱིས་ཁ་ན་མ་ཐོ་བར་བཤད་པས་འདི་ཕྱི་གཉིས་ཀར་ཉེས་པ་འདྲ་བ་ཡིན་ནོ། །གསོ་རིག་བཤད་རྒྱུད་ལས་ཀྱང་ཆང་གིས་མྱོས་པའི་ཉེས་པ་འདི་ལྟར་གསུངས་ཏེ། ཐལ་དྲགས་སེམས་བསྒྱུར་བག་མེད་ངོ་ཚ་འཇིག ། ར་རོ་དང་པོ་བག་མེད་གནས་ལ་གནས། །རྣམ་རྟོག་ངན་བཅོམ་བདེ་བ་ཡིན་སྙམ་སེམས། །ར་རོ་གཉིས་པ་གླང་ཆེན་སྨྱོན་པ་ལྟར། །ཁ་ན་མ་ཐོ་ཚུལ་ཁྲིམས་འཆལ་བའི་གནས། །ར་རོ་ཐ་མ་སེམས་མེད་རོ་ལྟར་ཉལ། །གང་ཡང་མི་ཤེས་མུན་པའི་གནས་སུ་འགྱུར། །ཞེས་དང་པོ་བག་མེད་དགའ་བའི་གནས་སྐབས། བར་དུ་སྨྱོན་པ་ཚུལ་འཆལ་གྱི་གནས་སྐབས། ཐ་མ་སེམས་མེད་རོའི་གནས་སྐབས་གསུམ་སྐྱེད་པ་སོགས་བཤད་དོ། །ཕྱི་མར་ངན་འགྲོའི་སྡུག་བསྔལ་ཇི་ལྟར་འབྱུང་པའི་ཚུལ་ཡང་། དགེ་སྡིག་རྣམ་པར་འབྱེད་པའི་མདོ་ལས། ཚེ་འདི་ལ་ཆང་འཐུང་ཞིང་མྱོས་པར་བྱེད་པ་ནི་ཟངས་ཁུ་འཐུང་བའི་དམྱལ་བར་སྐྱེའོ། །ཞེས་དང་། མདོ་དྲན་པ་ཉེར་བཞག་ལས། ཆང་དང་སྦྱར་བའི་ཆང་ཀུན་ཏུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པ་ནི་སེམས་ཅན་དམྱལ་བ་ངུ་འབོད་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། ཚུལ་ཁྲིམས་ལྔའི་ཕན་ཡོན་བསྟན་པའི་མདོ་ལས། ཆང་འཐུང་པ་ནི་ཚ་བའི་དམྱལ་བར་ལྟུང་ཞིང་སྐྱེ་བར་འགྱུར་རོ། །དེར་ལྷུང་བའི་སེམས་ཅན་ནི་ལོ་སྟོང་ཕྲག་མང་པོར་འཚེད་པར་འགྱུར་རོ། །དེ་ནས་ཕྱིར་ཕྱུང་ནས་ཆུ་བོ་རབ་མེད་ཀྱི་ངོགས་སུ་སྐྱལ་བར་བྱེད་དོ། །གང་དུ་ཡང་འགྲོ་ས་མེད་པར་ཡང་དང་ཡང་དུ་སྐྱལ་བར་བྱེད་དོ། །དེར་དམྱལ་བའི་སྲུང་མ་རྣམས་ཀྱིས་མཆིལ་པས་ཉ་འདོན་པ་ལྟར། །ལྕགས་བསྲེགས་ཀྱི་ས་གཞི་ལ་རྡེབ་པར་བྱེད་དོ། །འདི་ལྟར་སྒྲོགས་ཏེ། ཀྱེ་སྐྱེས་བུ་ཁྱོད་ཅི་འདོད། ཇོ་བོ་སྐོམ་མོ། །དམྱལ་བའི་སྲུང་མ་དེས་ལྕགས་འབར་བའི་ལྕགས་ཀྱུས་ཁ་ཕྱེ་སྟེ་ལྕགས་བཞུ་བའི་ཁུ་བ་བླུད་པར་བྱེད་དོ། །དེ་ལ་དེ་ཡི་མཆུ་སྲེག་གོ །མགྲིན་པ་ཡང་སྲེག་གོ །བྲང་སྲེག་གོ ། རྒྱུ་མ་སྲེག་གོ །སྙིང་ཡང་སྲེག་གོ །བཤང་ལམ་ན་མར་འཐོན་པར་བྱེད་དོ། །དེ་རྣམས་ཀྱིས་སྡུག་བསྔལ་མྱོང་བར་བྱེད་ཅིང་། ངུ་ལ་འགྲེ་བར་བྱེད་དོ། །དེའི་དུས་སུ་ཡང་འཆི་བར་ནི་མི་འགྱུར་ཏེ། ཇི་སྲིད་ཀྱི་བར་དུ་སྡིག་པའི་ལས་ཀྱི་འབྲས་བུ་མྱོང་བར་བྱེད་དོ། །དེ་སྲིད་དུ་དེ་རྣམས་ཀྱིས་རྣམ་པར་སྨིན་པའི་ཚོར་བ་མྱོང་བར་བྱེད་དོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚ་ཞིང་རྩུབ་པའི་ཆུ་བོ་ནི། །རབ་མེད་ཤིན་ཏུ་བགྲོད་པར་དཀའ། །ལྕགས་ཀྱི་པདྨའི་འདབ་མ་རྣམས། །འདབ་མ་རྣོ་བའི་སྟེང་དུ་འགྲེ། །ཆུ་བོ་རབ་མེད་གཞི་མེད་པར། ། ཆོས་མིན་ཇི་ལྟར་སྤྱོད་པར་འགྱུར། །གང་ཞིག་ཆང་འཐུང་བ་དེ་ནི་སྡིག་པ་ཆུང་བ་མ་ཡིན་ནོ། ། དེ་མིར་གྱུར་ཡང་རྟག་ཏུ་བརྗེད་ངེས་པ་དང་། ལུག་ལྟར་ལྐུགས་པ་དང་། ཤེས་རབ་འཆལ་བ་དང་། རིག་པ་མི་ཤེས་པ་དང་། རྟག་ཏུ་གཉིད་དུ་འགྲོ་བ་དང་། བློ་གྲོས་དམན་པ་དང་། གཏི་མུག་ཆེ་བ་དང་། འཇིགས་པ་དང་། སྐྲག་པར་འགྱུར་བ་དང་། དོགས་པར་འགྱུར་བ་དང་། ཕྲ་མ་ཅན་དང་། ཚིག་མི་བརྟན་པ་དང་། སེར་སྣ་ཅན་དང་། ཕྲག་དོག་ཅན་དང་། ངེས་པར་མི་འབྱུང་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ཤེས་རབ་ཆུང་བ་དང་། དགེ་བའི་ཆོས་རྣམས་མི་རིག་པ་སྟེ། སྐྱེ་བ་ལྔ་བརྒྱར་གནོད་སྦྱིན་སྐྱེ། སྐྱེ་བ་ལྔ་བརྒྱར་ཁྱི་དང་ནི། མཐའ་ཡས་སྨྱོན་པར་སྐྱེ་བར་འགྱུར། ཆང་འཐུང་པ་ཡི་ཉེས་པའོ། །མྱོས་པར་འགྱུར་བའི་ཆང་གི་བཏུང་བའི་རྣམ་པར་སྨིན་པའོ། །ཞེས་གསུངས། །སྐྱེས་རབས་ལས་ཀྱང་། གང་ཞིག་བསྟེན་ན་ངན་པར་སྤྱོད་པར་འགྱུར། །རབ་ཏུ་འཇིགས་པའི་སེམས་ཅན་དམྱལ་བར་ལྟུང་། །དུད་འགྲོའི་གནས་དང་ཡི་དྭགས་དབུལ་འགྱུར་བ། །མཐོང་བར་འདོད་པའམ་དེ་ནི་སུ་ཞིག་ཡོད། །ཆང་དེ་ཉུང་ངུ་འཐུངས་ཀྱང་རྣམ་པར་སྨིན་པ་ནི། །མི་ཡི་གནས་སུ་སྐྱེས་ཀྱང་ཚུལ་ཁྲིམས་ལྟ་བ་ཉམས། ། གང་གིས་ཕྱིས་ཀྱང་མནར་མེད་འབར་བས་བསྲེགས་པར་འགྲོ། །ཡི་དྭགས་ཡུལ་དང་དུད་འགྲོ་དམན་པར་གནས་པར་འགྱུར། །ཚུལ་ཁྲིམས་ཉམས་པར་འགྱུར་ཞིང་གཏམ་ངན་མངོན་དུ་འབྱུང་། །ངོ་ཚ་མེད་ཅིང་བློ་གྲོས་དྲི་མ་ཅན་དུ་འགྱུར། །ཞེས་སོ། །གཉིས་པ་ཆང་སྦྱོར་བ་དང་བླུད་པ་པོ་ལ་ཉེས་པ་འབྱུང་བའི་ཚུལ་ནི། མདོ་དྲན་པ་ཉེར་བཞག་ལས་རྒྱ་ཆེར་གསུངས་པའི་དོན་བསྡུས་ཏེ་བཤད་ན། དགེ་འདུན་དག་གི་འཁོར་དུ་ཆང་བྲིམས་པས་ན། ཤི་ནས་དམྱལ་བར་སྡུག་བསྔལ་གྱི་ཚོར་བ་མྱོང་བའི་འདི་ལྟ་སྟེ། ཁ་ནང་དུ་ཟངས་ཞུན་ཁོལ་མ་བླུགས་པས་མཆུ་རྐན་ལྕེ་སོགས་ནས་ཕོ་བ་དང་ལོང་ཀའི་བར་བསྲེགས་ནས་རོ་སྨད་དུ་འབྱུང་བར་འགྱུར་ལ། དེ་ལྟར་ཆང་འཐུང་བ་དེ་འོ་དོད་འབོད་དེ་སྨྲེ་སྔགས་འདོན་པ་ལ་གཤིན་རྗེའི་མི་དེ་དག་གིས་ཚིགས་སུ་བཅད་དེ་སྨྲས་པ། སྡིག་པ་དག་ནི་བྱེད་པ་ནི། །འབྲས་བུ་ཚ་བ་ཤེས་པར་གྱིས། ། རྨོངས་པ་གང་ཞིག་བདག་མི་ཤེས། །ཕྱི་ནས་དེ་ཡིས་ཡོངས་གདུང་འགྱུར། །ཞེས་སོགས་རྗེས་སུ་བསྟན་པ་ཚིགས་སུ་བཅད་པ་མང་པོས་ཡང་ཡང་བཤད་ཅིང་བསྒོ་ལ་གནོད་པ་རྣམ་པ་སྣ་ཚོགས་བྱེད་པ་འདི་ལྟ་སྟེ། མདོ་དེ་ཉིད་ལས། རི་རབ་ཏུ་འབར་ལ་ཀུན་ཏུ་འབར་ཞིང་མཁྲེགས་པ་གཉིས་ཤུགས་ཀྱི་རྒྱུག་སྟེ། ཕན་ཚུན་འདུས་པ་དེ་གཉིས་ཀྱི་བར་དུ་སེམས་ཅན་དམྱལ་བ་པ་དེ་དག་འཇུག་སྟེ། འདི་ལྟ་སྟེ། རི་དེ་གཉིས་ཀྱིས་འཐག་པ་ནི་ཇི་ལྟར་མཐོང་བ་མེད་པ་དེ་ལྟར་ཤིན་ཏུ་འཐག་གོ །ཡང་འབྱུང་བར་འགྱུར་ཏེ། བྱུང་ནས་ཀྱང་ཡང་རི་དེ་གཉིས་ཀྱི་དབུས་སུ་བཅུག་ནས་འཐག་གོ །དེའི་སྡིག་པའི་ལས་ཟད་པར་མ་གྱུར་གྱི་བར་དུ་ལོ་འབུམ་ཕྲག་དུ་མའི་བར་དུ་བྱུང་ཞིང་འཐག་གོ །སེམས་ཅན་དམྱལ་བའི་ཕྱོགས་དེ་ནས་ཐར་ནས་སྐྱབས་འདོད་པ་མགོན་འདོད་པ་དཔུང་གཉེན་འདོད་པ་དག་གཞན་དུ་རྒྱུག་པ་དང་། དེ་དག་གཤིན་རྗེའི་མི་གཞན་རྣམས་དང་ཕྲད་ནས་ལྕགས་ཀྱི་རྫ་མའི་ནང་དུ་ཁ་བུབ་ཏུ་བཅུག་གོ །ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་དག་དེར་ལོ་འབུམ་སྙེད་དུ་སྲེག་པར་འགྱུར་རོ། །དེ་ལས་ཐར་ནས་བྲོས་པས་ལྕགས་ཀྱི་ཁ་རབ་ཏུ་འབར་བ་དག་གིས་བཟུང་ནས་ཡན་ལག་དང་གནད་དང་ཚིགས་སུ་བརྒྱའམ་སྟོང་དུ་ཟའོ། །དེ་ལས་ཐར་ནས་བྲོས་པས་བཀྲེས་སྐོམ་གྱིས་གདུངས་པ་དེ་དག་གིས་མཚོའི་ཆུ་རབ་ཏུ་དྭངས་པ་ཞིག་རྒྱང་རིང་པོ་ནས་མཐོང་སྟེ་དེར་བརྒྱུགས་པ་དང་། དེ་དག་ཀྱང་རོ་ཉེ་རབ་ཏུ་བསྐོལ་བས་གང་བ་ཡིན་ཏེ། དེར་ཁྲུས་བྱ་བའི་ཕྱིར་ཞུགས་པ་དང་། དེར་ལས་ཀྱིས་བྱས་པའི་ཆུ་སྲིན་རྣམས་ཀྱིས་བཟུང་ནས་ཁ་བུབ་ཏུ་དྲངས་ཏེ་སྡིག་པའི་ལས་མ་ཟད་ཀྱི་བར་དུ་རོ་ཉེ་དེའི་ནང་དུ་བསྐོལ་ལ། དེ་ལས་ཐར་ནས་བྲོས་པས་གཤིན་རྗེའི་མི་རྣམས་ཀྱིས་བཟུང་སྟེ་མདུང་རྩེ་རབ་ཏུ་འབར་བ་དག་གིས་འབིག་པར་བྱེད་དོ། །དེ་དག་ལ་མདུང་རྩེ་དེ་དག་རེས་འགའ་རྒྱབ་ཏུ་ཕྱུང་ནས་འབྱུང་། རེས་འགའ་གློར་ཕུག་ནས་འབྱུང་། རེས་འགའ་མགྲིན་པར་ཕུག་ནས་འབྱུང་སྟེ། སེམས་ཅན་དམྱལ་བ་པ་ཚོར་བས་ཉེན་པ་དེ་དག་གི་སྒྲ་དེ་སེམས་ཅན་དམྱལ་བ་པ་གཞན་དག་གིས་ཕྱོགས་དེ་ནས་གླུ་དབྱངས་ཀྱི་སྒྲར་ཐོས་སོ། །དེའང་ངུ་བའི་སྒྲ་ཡིན་ཡང་ལས་ཀྱི་དབང་གིས་སྙན་པར་ཐོས་ཏེ་དེ་དག་གནས་དེར་འགྲོའོ། །དེ་དག་ཀྱང་ལས་མ་ཟད་ཀྱི་བར་དུ་གཤིན་རྗེའི་མི་རྣམས་ཀྱིས་བཟུང་ནས་མདའ་བོ་ཆེ་དང་མདུང་རབ་ཏུ་འབར་བ་དག་གིས་འབིགས་པར་བྱེད་དོ། །དེ་ལས་ཐར་ནས་གར་བབ་བབ་ཏུ་བྲོས་པས། གྲོང་དང་ཁྱིམ་དང་ཆུ་བོ་དང་ལྟེང་ཀ་ཕུན་སུམ་ཚོགས་པ་མཐོང་སྟེ། དེ་ཕྱོགས་སུ་རྒྱུག་ཅིང་གྲོང་དེར་ཞུགས་པ་དང་ཁྱིམ་དེའི་སྒོ་གཅོད་པར་འགྱུར་རོ། །གྲོང་དེ་ཐམས་ཅད་ཀྱང་རབ་ཏུ་བསྐོར་ཞིང་འབར་བ་ཡིན་ལ། ནང་ནའང་སྲོག་ཆགས་མར་ཀོ་ཏ་ཀ་ཁ་དང་མཆེ་བ་རྣོ་ལ་རབ་ཏུ་འབར་བ་རྣམས་ཀྱིས་ལོ་འབུམ་ཕྲག་དུ་མར་ཟ་བར་བྱེད་དོ། །དེ་ལས་ཐར་ནས་གལ་ཏེ་ཡི་དྭགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ། མིར་སྐྱེས་ན་ཆང་བཏུང་བ་བླུད་པ་གང་ཡིན་པ་དེའི་རྒྱུ་མཐུན་གྱིས། དེ་སེམས་འཁྲུལ་པར་འགྱུར་ཞིང་དབུལ་བ་དང་། ལམ་པོ་ཆེ་དང་བཞི་མདོའི་ཚོང་པ་དང་། བྱིས་པ་ཐམས་ཅད་ཀྱིས་བཞད་གད་པར་འགྱུར་ཞིང་བཞིན་གྱི་མདོག་ངན་པ་དང་། སོ་འབའ་ཞིག་སྣང་བ་དང་། རྐང་པ་ཤིན་ཏུ་རྡོལ་བ་དང་། རྟག་ཏུ་བཀྲེས་སྐོམ་གྱིས་གདུང་བ་དང་། བཤེས་གཉེན་རྣམས་ཀྱིས་བཏང་བར་འགྱུར་རོ། །གཞན་ཡང་ཆང་འཐུང་བ་ཀུན་ཏུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པ་དང་ཆང་སྦྱར་ཞིང་བླུད་པ་པོ་རྣམས་ནི་ངུ་འབོད་ཀྱི་འཁོར་བཅུ་དྲུག་ཏུ་སྐྱེ་བར་གསུངས་ཏེ་གང་གིས་གསོ་སྦྱོང་བ་རྣམས་ལ་ཆང་བླུད་ན་དེས་ནི་དམྱལ་བ་ངུ་འབོད་ཀྱི་འཁོར་དང་པོ་སྒྲ་ཆེན་པོར་སྐྱེ་བར་འགྱུར་ཏེ། དེར་ནི་རོ་ཉེ་རབ་ཏུ་བཞུགས་པ་ཁར་བླུགས་སོ། །དེ་བླུགས་པ་ན་སྙིང་རྗེ་བའི་སྒྲ་ནམ་མཁའ་གང་བར་སྒྲོགས་སོ། །དེ་ལྟར་ཆང་བཏུང་བས་སེམས་རྣམ་པར་འཁྲུགས་ཏེ་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པས་མི་དགེ་བའི་ཚོགས་ཐམས་ཅད་སློང་བར་འགྱུར་རོ། །དམྱལ་གནས་དེ་ལས་ཐར་ནས་མིར་སྐྱེས་ན། རྒྱུ་མཐུན་གྱི་འབྲས་བུས་དེ་ཡིད་མི་གཞུང་པར་འགྱུར་ཞིང་དེ་དུས་ཐུང་ངུས་ཀྱང་བརྗེད་པར་འགྱུར་ཞིང་ཡིད་མི་གཞུང་བས་དབུལ་ཞིང་སྐྱེ་བོ་ཀུན་དགའ་བར་མི་འགྱུར། ནད་ཆུང་ངུས་ཀྱང་འཆི་བར་འགྱུར་རོ། །སྡོམ་པ་བླངས་མ་ཐག་ལ་ཆང་བླུད་ན་དམྱལ་བ་ངུ་འབོད་ཀྱི་འཁོར་གསུམ་པ་སྐྲ་མེ་འབར་དུ་སྐྱེ་བར་འགྱུར་ཏེ། དེར་མེའི་ཆར་གྱིས་དེའི་སྐྲ་ནས་རྐང་པའི་བར་དུ་སྲེག་ཅིང་། དེའི་རྐང་པར་ཁྱི་དང་། དབུས་སུ་ཝ། ཀླད་པར་བྱ་རྒོད་མཆུ་རབ་ཏུ་འབར་བ་དག་གིས་ཟ་ཞིང་ངུ་བཞིན་དུ་གཤིན་རྗེའི་མི་རྣམས་ལ་འདི་སྐད་དུ། །བདག་ཅག་སྙིང་རྗེའི་གནས་སུ་གྱུར། །ཁྱོད་ལ་སྙིང་རྗེ་མེད་དམ་ཅི། །ཁྱོད་ལ་ཞི་བ་མེད་དམ་ཅི། །བདག་ལ་ཁྱེད་ཅག་སྙིང་མི་རྗེ། །སྨྲས་པ་དང་། དེ་དག་ན་རེ། ཇི་ལྟར་ཁྱེད་ཅག་གཏི་མུག་གིས། །བསྒྲིབས་པའི་སྡིག་ལས་མང་པོ་བྱས། ། མི་བཟད་པ་ཡིས་ཁྱེད་ཅག་བདས། །དེ་ནི་ངེད་ཀྱིས་རྒྱུ་མ་ཡིན། །ཞེས་དང་། ཆང་ནི་དུག་གི་མཆོག་ཡིན་ཏེ། །ཆང་འཐུངས་པ་ལ་བསྟེན་མི་བྱ། །ཆང་འཐུངས་པ་ལ་བསྟེན་པ་ནི། །དགེ་བའི་ཆོས་རྣམས་ཉམས་པར་འགྱུར། །གང་གིས་རྟག་ཏུ་ཆང་བསྟེན་པ། །དེ་ཡི་བློ་ནི་མི་བརྟན་ཞིང་། །བློ་ཡོ་བ་ལ་ཆོས་མེད་དེ། །དེ་ལྟ་བས་ན་ཆང་སྤོངས་ཤིག །ཉམས་བྱེད་ནང་ན་ཉམས་མཆོག་ནི། །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། མི་ལས་ཉམས་པས་ཉམས་བྱེད་པ། །དེ་ལྟ་བས་ན་ཆང་མི་བསྟེན། །ཆང་འཐུངས་པ་ལ་བསྟེན་བྱེད་པ། །མི་སྡུག་སྡིག་པའི་ཆོས་ཡིན་ཏེ། །དེ་ལྟ་བས་ན་དུག་ལྟ་བུའི། །ཆང་འཐུང་བ་ནི་རྣམ་པར་སྤོངས། །ཆང་འཐུང་བ་ལ་གནས་པའི་སྐྱོན། །ནོར་ཟད་ངན་པར་རྗོད་བྱེད་ཅིང་། །ལེ་ལོ་ཤིན་ཏུ་སྐྱེད་བྱེད་པས། །དེ་ལྟ་བས་ན་དེ་སྤོངས་ཤིག །ཆང་གིས་འདོད་ཆགས་སྐྱེད་བྱེད་ཅིང་། །དེ་བཞིན་ཁྲོ་དང་གཏི་མུག་དག ། ཡང་དང་ཡང་དུ་སྐྱེད་བྱེད་པས། །དེ་ལྟ་བས་ན་ཆང་སྤོངས་ཤིག །ཅེས་སྨྲའོ། །དེ་ལས་ཐར་ཏེ་གལ་ཏེ་མིར་སྐྱེས་ན་ཆུ་མེད་པའི་ཡུལ་དུ་སྐྱེ་ཞིང་གཟུགས་དང་རོ་མངོན་པར་ཤེས་པར་མི་འགྱུར་རོ། །ཆང་འཚོང་པ་ནི་ཆུ་མང་བར་བྱེད་ལ་རིན་ཐང་གཞན་ཡིན་ན་གཞན་དུ་འཚོང་བར་བྱེད་པ་ནི་དམྱལ་བ་ངུ་འབོད་ཀྱི་འཁོར་བཞི་པ་མེའི་ཕྱེ་མ་སྲིན་བུར་སྐྱེ་བར་འགྱུར་ཏེ། དེར་ནི་སེམས་ཅན་དམྱལ་བ་པ་རང་གི་ལུས་དེ་དག་ལ་སྲིན་བུ་དག་འབྱུང་བར་འགྱུར་ཏེ། ཤ་ལྤགས་རུས་རྐང་རྣམས་ལ་ཕུག་ཅིང་ཕུག་ཅིང་འཐུང་ངོ་། །གཞན་ཡང་ལུས་ལ་ནད་བཞི་བརྒྱ་རྩ་བཞིས་གདུང་བ་དང་དམྱལ་མེས་སྲེག་ཅིང་བཙོ་བའོ། །དེ་ལས་ཐར་ཏེ་གལ་ཏེ་མིར་སྐྱེས་ན་སྡུག་བསྔལ་བ་དང་དབུལ་བར་འགྱུར་རོ། །རི་དྭགས་སོགས་ཆང་གིས་བྲིད་དེ་བསད་ན་དམྱལ་བ་ངུ་འབོད་ཀྱི་འཁོར་ལྔ་བ་ལྕགས་ཀྱི་མེ་འབར་བའི་གཏུན་ཤིང་དུ་སྐྱེ་བར་འགྱུར་ཏེ། དེར་ནི་ལྕགས་ཀྱི་གཏུན་ཤིང་འབར་བས་ཕྱེ་མར་རློག་ཅིང་སྨྲེ་སྔགས་འདོན་པ་དེ་དག་གཤིན་རྗེའི་མི་རྣམས་ཀྱི་སྤུ་གྲིས་ཡན་ལག་སོགས་གཤེགས་ཤིང་འདྲལ་ལོ། །དེ་ལས་ཐར་ཏེ་མིར་སྐྱེས་ན་དབུལ་ཞིང་སྨན་པ་སོགས་དང་བྲལ་བའི་ཡུལ་དང་། མྱ་ངན་དང་། མེས་ཚིག་པས་འཇིགས་པ་མང་བའི་ཡུལ་ངན་དག་ཏུ་སྐྱེ་བར་འགྱུར་རོ། །གཡུལ་གྱི་ཆེད་དུ་གླང་པོ་ཆེར་ཆང་བླུད་ན་དམྱལ་བ་ངུ་འབོད་ཀྱི་འཁོར་དྲུག་པ་རྡོ་མེ་འབར་བ་ཆར་ལྟར་འབབ་པར་སྐྱེ་བར་འགྱུར་ཏེ། དེར་ནི་མེ་འབར་བའི་གླང་ཆེན་གྱིས་ཡན་ལག་སོགས་ཕུག་ཅིང་ཕྱེ་མར་རློག་པར་བྱེད་ཅིང་། དེ་ལས་ཐར་ཡང་གཤིན་རྗེའི་མི་རྣམས་ཀྱིས་ཟངས་དམར་བསྐོལ་བའི་ནང་དུ་བཅུག་སྟེ་བསྲེག་ཅིང་འཚེད་དོ། །དེ་ལས་ཐར་ཏེ་མིར་སྐྱེས་ན་གླང་པོ་ཆེས་གསོད་པ་དང་། དབུལ་ཞིང་བྱད་བཞིན་ངན་ལ་རྐང་ལག་བོང་བུ་ལྟར་འགྱུར་ཞིང་ལུས་རྩུབ་པར་འགྱུར་རོ། ། བུད་མེད་ལ་ཆང་བླུད་ནས་དེ་ལ་མི་གཙང་བ་སྤྱད་ན་དམྱལ་བ་ངུ་འབོད་ཀྱི་འཁོར་བདུན་པ་འཆི་མེད་དུ་སྐྱེ་བར་འགྱུར་ཏེ། དེར་ནི་ཁྱི་མེ་རབ་ཏུ་འབར་བས་དེའི་རླིག་པ་ཡང་ཡང་འབྱིན་ཞིང་ཡང་ཡང་ཕྱེ་སྟེ་ངུ་བཞིན་བྲོས་པའི་མདུན་ན་བྱ་ལྕགས་ཀྱི་མཆུ་དང་སེན་མོ་འབར་བ་རྣམས་ཀྱིས་གང་བའི་ངམ་གྲོག་ཏུ་ལྟུང་བ་དང་དེ་དག་གིས་ཡན་ལག་སོགས་སོ་སོར་ཕྱེ་སྟེ་ཟའོ། །དེ་ལས་ཐར་ཏེ་མིར་སྐྱེས་ན་རྒྱལ་པོས་བཟུང་ཞིང་ལུས་དང་བཞིན་མདོག་ངན་ཞིང་དེར་འཆི་བར་འགྱུར་རོ། །དུག་དང་སྦྱར་བའི་ཆང་བླུད་ན་དམྱལ་བ་ངུ་འབོད་ཀྱི་འཁོར་བརྒྱད་པ་ལྕགས་ཚལ་དགོན་པར་སྐྱེས་པར་འགྱུར་རོ། །དེར་ནི་དམྱལ་བ་པ་དེ་ལྕགས་ཀྱི་ཐག་པས་བཅིངས་ནས་ལྕགས་ཀྱི་འཁོར་ལོ་སྐོར་བར་བྱེད་དོ། །གཤིན་རྗེའི་མི་རྣམས་ཀྱིས་མཚོན་ཆས་བཏབ་སྟེ་ཤ་མ་ལུས་པར་བྱས་ཀྱང་འཆི་བར་མི་འགྱུར་རོ། །དེ་ལས་ཐར་ཏེ་བྲོས་པས་ལྕགས་ཀྱི་སྤྲུལ་རྣམས་ཀྱིས་བཟུང་ནས་ལོ་འབུམ་ཕྲག་དུ་མར་ཟ་བར་བྱེད་དོ། །དེ་ལས་ཐར་ཏེ་མིར་སྐྱེས་ནས་སྦྲུལ་རྣམས་ཀྱིས་གསོད་པར་འགྱུར་རོ། །སེམས་ཅན་སོ་སོ་འཚོ་བར་བྱ་བའི་ཕྱིར་ཆང་འཐུང་བའི་ཟོང་ངམ་རིན་བྱིན་ན་དེ་ཤི་ནས་དམྱལ་བ་ངུ་འབོད་ཀྱི་འཁོར་དགུ་པ་རབ་རིབ་ཀུན་བསགས་སུ་སྐྱེ་བར་འགྱུར་ཏེ། དམྱལ་གནས་དེར་མུན་གནག་ལས་བྱུང་བའི་མེ་འོད་ཀྱང་མི་གསལ་བའི་ནང་དུ་སྲེག་ཅིང་ངུ་སྐད་འབྱིན་པ་ན་གཤིན་རྗེས་མི་མཐོང་བར་མགོ་ནས་རྐང་བའི་བར་ཕྱེད་མར་གཤོག་གོ །དེ་ལས་ཐར་ཏེ་གལ་ཏེ་མིར་སྐྱེས་ན་རྟག་ཏུ་བཀྲེས་སྐོམ་གྱིས་གདུངས་ཤིང་ནོར་རྫས་དང་འབྲལ་བར་འགྱུར་ལ་བཟའ་བཏུང་ཉུང་པའི་གླིང་དུ་སྐྱེ་བར་འགྱུར་རོ། །སྦྱིན་པ་པོ་གང་གིས་ནད་མི་བཟད་པས་ཐེབས་པ་དང་། བུ་བཙས་པ་དག་ལ་ཆང་འཐུང་བའི་ཟོང་དང་རིན་གྱི་དོན་དུ་གོས་དང་ཟས་ཀྱི་རྒྱུ་བྱིན་ན་དམྱལ་བ་ངུ་འབོད་ཀྱི་འཁོར་བཅུ་པ་གཤིན་རྗེ་མཚམས་ཀྱི་དགོན་པར་སྐྱེ་བར་འགྱུར་རོ། །དེར་ནི་རྐང་པ་དང་སེན་མོ་ལ་སོགས་པ་གཤིན་རྗེའི་མི་ཁ་རབ་ཏུ་འབར་བ་དག་གིས་ཟ་བར་བྱེད། མདུང་ཐུང་གི་རྩེ་མོར་རབ་ཏུ་འབར་བས་ལོ་འབུམ་ཕྲག་སྲེག་ཅིང་གཤོག་གོ །དེ་ལས་ཐར་ཏེ་གལ་ཏེ་མིར་སྐྱེས་ན། ཡུལ་དང་གནས་དང་རི་བྲག་ངན་པ་དག་ཏུ་ཕག་འཚོ་བ་དང་ལོང་བར་འགྱུར་རོ། །ཆང་གིས་མྱོས་པར་བྱས་ཏེ་བསད་ན་དམྱལ་བ་ངུ་འབོད་ཀྱི་འཁོར་བཅུ་གཅིག་པ་ཤིང་ཤཱལྨ་ལིའི་ཚལ་དུ་སྐྱེ་བར་འགྱུར་ཏེ། དེར་ནི་མེ་འབར་བའི་རྡོ་ཆར་གྱིས་སྲེག་ཅིང་གཅོད་དོ། །ཟངས་དང་རོ་ཉེ་བསྐོལ་བའི་ཆུར་ལོ་འབུམ་ཕྲག་དུ་མར་སྲེག་ཅིང་གཤིན་རྗེའི་མི་རྣམས་ཀྱིས་རལ་གྲི་སོགས་ཀྱིས་འདེབས་པར་བྱེད་དོ། །དེ་ལས་ཐར་ཏེ་མིར་སྐྱེས་ཀྱང་མིག་གི་མདོག་ནག་ཅིང་རྟག་ཏུ་ཁྲོ་ལ་ཕྲག་དོག་ཆེ་བར་འགྱུར་རོ། །ཆང་གི་དབང་དུ་བྱས་ནས་སིང་པོ་ལྟར་བཅོས་ཏེ། དགོན་པའི་སྐྱེ་བོ་ལ་བླུད་ན་དམྱལ་བ་ངུ་འབོད་ཀྱི་འཁོར་བཅུ་གཉིས་པ་ཤིང་ཤཱལྨ་ལི་ཆེན་པོར་སྐྱེ་བར་གསུངས་ཏེ། དེར་ནི་ཤིང་ཤཱལྨ་ལི་འདབ་མ་སྤུ་གྲི་ཡལ་ག་མེ་འབར་བ་ལྟ་བུ། དུད་པ་བདུག་ཅིང་རླུང་དུག་ལྟ་བུས་གནོད་པར་བྱེད་པའི་ཚལ་དུ་དམྱལ་བ་པ་དག་གཤིན་རྗེའི་མི་རྣམས་ཀྱིས་འཇིགས་པར་བྱས་པ་ཆུད་པ་ན་ཤིང་རྣམས་ལས་སྤུ་གྲི་ལྟ་བུའི་ཆར་འབབ་སྟེ། གང་ལག་ན་རལ་གྲི་སོགས་མཚོན་ཆ་མང་པོ་ཐོགས་པ་དག་གིས་ཡན་ལག་སོགས་གཤེག་ཅིང་དུམ་བུར་བྱེད་དོ། །གཤིན་རྗེའི་མིས་སྐྲག་པ་དག་ནགས་ཁྲོད་དེར་ཁ་ཅིག་གྲིབ་མའི་ནང་ན་ཞུམ་ཞུམ་པོར་འཁོད་ལ་དེ་དག་གི་མིག་ཀྱང་འབྱིན་ལ་ཁུ་བའང་ཐུང་ངོ་། །ཁ་ཅིག་ཤིང་ཁར་འཛེག་པ་ཡལ་ག་ལྷུང་བས་དུམ་བུ་བརྒྱའམ་སྟོང་དུ་ཕྱེ་མར་རློག །གང་དག་ཚལ་དེའི་རྩེ་མོ་ལ་འཛེག་པ་དེ་དག་བ་ཚྭའི་ཆུ་བོ་བཞུས་པར་འཇུག་སྟེ་ལོ་འབུམ་ཕྲག་དུ་མར་ལུས་ཉིད་ཀྱིས་གནོད་པ་མྱོང་བར་འགྱུར་ཏེ། འདི་ནི་དེའི་ཕྱོགས་འགའ་ཞིག་བསྟན་པ་ཡིན་གྱི། སྡུག་བསྔལ་ཐམས་ཅད་ནི་བསྟན་པ་མ་ཡིན་ནོ། །དེ་ལས་ཐར་ཏེ་མིར་སྐྱེས་ན་དེ་ཡིད་རྣམ་པར་གཡེངས་ཤིང་། ནད་དྲག་པོའམ། ཡང་ན་སྙིང་ནད་དམ། ཡང་ན་ངལ་སྐྱེན་པར་འགྱུར་བའམ། ཡང་ན་རྐང་འབམ་གྱིས་འདེབས་པར་འགྱུར་ཞིང་། ཡང་ན་མིག་ལོང་བས་ཉམ་ཐག་པར་འགྱུར་རོ། །བུད་མེད་ཡོན་ཏན་ཅན་ལ་ཆང་བླུད་ན་དམྱལ་བ་ངུ་འབོད་ཀྱི་འཁོར་བཅུ་གསུམ་པ་ཆུ་ཤིང་བསྲེགས་པའི་དུད་པའི་ཚལ་དུ་སྐྱེ་བར་འགྱུར་ཏེ། དེར་ནི་ཀུན་ནས་དཔག་ཚད་ལྔ་ཡོད་པ་དེའི་ནང་དུད་པས་འཁྲིགས་ཞིང་རྒྱ་མཚོའི་ཀློང་གི་མེའི་མུན་ནག་གིས་གཏིབས་པ། ཟབས་སུ་ཀུན་ནས་རྒྱང་གྲགས་གསུམ་དུ་ས་བརྐོས་པ་དེར་མེ་མདག་ཁྲོལ་བུ་རབ་ཏུ་འབར་བས་ཤིན་ཏུ་གང་བའི་སའི་བུ་ག་དེར་སེམས་ཅན་དམྱལ་བ་པ་དེ་དག་ཉིན་གཅིག་བཞིན་དུ་འཇུག་སྟེ་ངུ་སྐད་འབྱིན་པར་ཡང་མི་ནུས་ཤིང་དེ་བཞིན་དུ་དབང་པོའི་སྒོ་ཐམས་ཅད་ཀྱང་མེས་གང་བར་འགྱུར་རོ། །དེ་ལས་ཐར་ནས་ཆུ་ཤིང་གི་དུད་པ་དེས་དེ་ལྟར་ཡང་དང་ཡང་དུ་དབང་པོའི་སྒོ་ཐམས་ཅད་གང་བར་འགྱུར་ལ། འདི་ལྟར་མེ་དེ་ལ་བདེ་བར་སེམས་ཏེ། དུ་བ་དེའི་མཐུ་ནི་དེ་ལྟར་ཤིན་ཏུ་རྣོ་བ་ཉིད་ཡིན་ནོ། །དེ་ལས་ཐར་ནས་བྱ་དུ་བའི་མདོག་གི་ཕྲེང་བ་ཞེས་བྱ་བས་རུས་པ་ཕུག་ནས་རྐང་དག་ལ་ཟ་བར་བྱེད་དོ། །དེ་ལས་ཐར་ནས་མིར་སྐྱེས་ན། གློ་དང་མཇུག་ཏོ་དག་ལ་གདོན་གྱི་ནད་ཀྱིས་ཐེབས་ཤིང་དབུལ་ཞིང་ཚེ་ཐུང་བར་འགྱུར་རོ། །དགྲ་སོགས་གསོད་པའི་ཕྱིར་ཆང་བླུད་ན་དེ་ཤི་ནས་དམྱལ་བ་ངུ་འབོད་ཀྱི་འཁོར་བཅུ་བཞི་པ་མེད་མདག་དུད་པའི་ཚལ་དུ་སྐྱེ་བར་འགྱུར་རོ། །དེར་མེ་མདག་སྤུ་གྲི་ལྟ་བུའི་རླུང་གིས་སེམས་ཅན་དམྱལ་བ་པ་དེ་དག་གི་ཕན་ཚུན་གྱི་ཤུགས་ཀྱིས་ཐུག་ཅིང་ཤིན་ཏུ་ཐུག་གོ །དེ་དག་གི་ལུས་ཕན་ཚུན་ཐུག་པ་ན་ཇི་ལྟར་བྱེ་མ་ཆང་པ་ནས་གཏོར་བ་བཞིན་དུ་དེ་ལྟར་ལུས་དེ་དག་ཕྱེ་མར་རློག་གོ །ཡང་སྐྱེ་བར་འགྱུར་ཏེ། སྤུ་གྲིས་གཤོག་ཅིང་། མེ་དང་། ནད་དང་། མཚོན་ཆ་དང་། བ་ཚྭའི་ཚོར་བ་སྟེ་ཚོར་བ་མཆོག་ཏུ་ཚ་བ་དང་འཇིགས་པ་ལོ་འབུམ་ཕྲག་དུ་མར་མྱོང་བར་འགྱུར་རོ། །དེ་ལས་ཐར་ནས་མིར་སྐྱེས་ན་གཞང་འབྲུམ་རིམ་གསུམ་པས་ཐེབས་པར་འགྱུར་ཞིང་། རྟག་ཏུ་གྲང་བའི་རིམས་ཀྱིས་ཐེབས་པར་འགྱུར་རོ། །གཞན་བསླུ་སེམས་ཀྱིས་ཆང་བླུད་ན་དམྱལ་བ་ངུ་འབོད་ཀྱི་འཁོར་བཅོ་ལྔ་པ་གློག་གི་ན་བུན་ཚལ་དུ་སྐྱེ་བར་འགྱུར་ཏེ། དེར་ནི་སེམས་ཅན་དམྱལ་བ་པ་དེ་ཁྲུ་ཉིས་བརྒྱར་མེས་གང་བ་དེར་དེ་དག་གཤིན་རྗེའི་མི་རྣམས་ཀྱིས་བཟུང་ནས་འཇུག་སྟེ་རྐང་པ་ནས་མགོ་ལ་སོགས་པའི་བར་བཏེག་ཅིང་བཞུས་སོ། །ལས་ཀྱི་རླུང་གིས་ཡང་སྐྱེ་བར་འགྱུར་ལ་མེ་དེ་ནི་ལོ་མ་སྡུད་པ་ལྟ་བུ་ཡིན་ཏེ། ཇི་ཙམ་དུ་ཕྱོགས་བཅུར་ཐག་པས་དཀྲིས་པ་ལྟར་དམྱལ་བ་པ་དེ་དག་དཀྲིས་ནས་ཐལ་བ་ཡང་མི་མཐོང་བར་སྲེག་གོ །ཡང་སྐྱེ་བར་འགྱུར་ཞིང་། ཇི་སྲིད་སྡིག་པའི་ལས་མ་ཟད་པར་ལོ་འབུམ་ཕྲག་དུ་མར་སྲེག་གོ །དེ་ལས་ཐར་ཏེ་གལ་ཏེ་མིར་སྐྱེས་ན་བཀོལ་བས་ཉམས་པར་འགྱུར་རོ། །ལམ་དུ་འཇུག་པའི་ཚེ་མགྱོགས་པ་དང་ངལ་བར་མི་འགྱུར་བའི་ཕྱིར་ཆང་བླུད་ན་དེ་ལུས་དང་བྲལ་ནས་དམྱལ་བ་ངུ་འབོད་ཀྱི་འཁོར་བཅུ་དྲུག་པ་ཀུན་ཏུ་རྟོག་བྱེད་དུ་སྐྱེ་བར་འགྱུར་རོ། །དེ་དག་ལ་གནོད་པ་འབྱུང་བ་འདི་ལྟ་སྟེ། འདོད་པ་གང་དང་གང་ཉིད་དུ་ཀུན་ཏུ་སེམས་པ་དེ་དང་དེ་ཉིད་གཤིན་རྗེའི་མི་དག་གིས་གནོད་པ་བརྒྱའམ་སྟོང་ངམ་བྱེ་བ་བརྒྱ་སྟོང་དུ་བྱེད་དོ། །སེམས་ཅན་དམྱལ་བའི་འཁོར་གཞན་དང་གཞན་དུ་གནོད་པ་གང་དང་གང་འབྱུང་བ་དེ་ཐམས་ཅད་ཀྱི་བཞི་འགྱུར་དུ་དེར་འབྱུང་ངོ་། ། དམྱལ་བ་པ་དེ་རྣམས་ལ་གཤིན་རྗེའི་མི་དག་གིས་ཚིགས་སུ་བཅད་དེ་སྨྲས་པ། དེ་ཡི་ལས་ནི་རྣམ་གསུམ་གྱིས། །གནས་སྐབས་དགུར་ནི་འཚེད་བྱེད་ཅིང་། །རྣམ་པར་སྨིན་པ་བཞི་བཅུ་ཐམ། །དྲག་པོ་རབ་ཏུ་གཡོས་པར་འགྱུར། །དོན་མེད་གཞི་ནི་ཆང་ཡིན་ཏེ། །སེམས་ཅན་དམྱལ་བའི་བཞད་གད་པ། །དབང་པོ་ཐམས་ཅད་རྣམ་ཉམས་ཤིང་། །དོན་མེད་པ་ཡི་རྒྱུ་འགྱུར་ཏོ། །ཚིག་ལ་ཤིན་ཏུ་དགའ་བ་དང་། །ཆགས་པ་དང་ནི་འཇིག་པ་དང་། །ངག་གི་སྐྱོན་དང་རློམ་པ་དང་། །ཚིག་རྩུབ་གཞི་ནི་དེ་ཡིན་ནོ། །ཆང་གིས་ཀུན་ཏུ་གཡེངས་པའི་ཡིད། །བྱ་དང་མི་བྱ་མི་ཤེས་པ། །མི་དེ་ཕྱུགས་དང་མཚུངས་པ་ཡིན། དེ་ལྟ་བས་ན་ཆང་སྤོངས་ཤིག །ཆང་གིས་གཡེངས་པའི་མི་དག་ནི། །གསོན་ཡང་ཤི་བ་དག་དང་མཚུངས། །གང་ཞིག་རྟག་ཏུ་གསོན་འདོད་པས། །རྟག་པར་ཆང་ནི་རྣམ་པར་སྤོངས། །ཆང་ནི་ཉེས་པ་ཀུན་གྱི་གཞི། །རྟག་པར་དོན་ཀུན་མེད་པ་བྱེད། །ངན་སོང་གསུམ་གྱི་ཐེམ་སྐས་ཏེ། །མུན་ནག་གནས་ནི་ཆེན་པོ་ཡིན། ། ཆང་གིས་སེམས་ཅན་དམྱལ་བར་འགྲོ། །དེ་བཞིན་ཡི་དྭགས་འཇིག་རྟེན་དང་། །ཆང་གི་སྐྱོན་གྱིས་བསླུས་པ་ཡི། །མི་དག་དུད་འགྲོ་རྣམས་སུ་འགྲོ། །དུག་གི་ནང་དུ་དུག་ནི་ཆང་། །དེ་བཞིན་དམྱལ་བའི་ནང་ན་དམྱལ། །ནད་ཀྱི་ནང་ན་ནད་མཆོག་ནི། །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །བློ་དང་དབང་པོ་ཉམས་བྱེད་ཅིང་། །རིན་ཆེན་ཆོས་ནི་ཟད་བྱེད་ལ། །ཚངས་པར་སྤྱོད་པ་འཇིག་བྱེད་པ། །མི་བཟད་ཆང་ནི་སྐྱེ་གནས་གཅིག །རྒྱལ་པོ་དང་ནི་བསྟན་བཅོས་མཁས། །ཆང་གིས་ཡང་བར་བྱེད་འགྱུར་ན། །ཐ་མལ་མི་དག་ཆང་འཐུང་བ། །བསླུས་པར་འགྱུར་བ་ཅི་ཞིག་སྨོས། །ཆང་ལ་བསྟེན་པའི་མི་དག་ནི། །ཆོས་རྣམས་ཀུན་གྱི་སྟ་རེ་ཡིན། ། ངོ་ཚ་མེད་པར་བྱེད་པའི་མཆོག །ཡང་པ་དག་ཏུ་ཉེ་བར་བསྟན། །ཆང་གིས་འཕྲོགས་པར་གྱུར་པའི་སེམས། །བྱ་བ་དང་ནི་མི་བྱ་བ། །མི་ཤེས་རྣམ་པར་མི་ཤེས་ཤིང་། །ཐམས་ཅད་མི་ཡིས་ མི་ཤེས་སོ། །གང་ཞིག་ཆང་ལ་བསྟེན་བྱེད་པ། །སྐྱེ་བོ་རེས་འགའ་དགའ་བྱེད་ཅིང་། ། རེས་འགའ་ཡོངས་སུ་གདུང་བྱེད་ལ། །རེས་འགའ་སྡིག་པ་བྱེད་པ་ཡིན། །བློ་ནི་ཤིན་ཏུ་རྨོངས་སྐྱེད་ཅིང་། །འཇིག་རྟེན་གཉིས་ནི་རྣམ་འཇིགས་བྱེད། །ཐར་བའི་ཆོས་ལ་མེ་ལྟ་བུར། །སྲེག་བྱེད་ཁོ་ན་ཆང་ཡིན་ན། །མི་གང་དག་ནི་ཆང་སྤོང་པ། །ཆོས་ཀྱི་ངང་ཚུལ་མཉམ་པར་བཞག ། གང་ན་འཆི་བ་མེད་པ་ཡི། །གནས་མཆོག་དག་ཏུ་དེ་འགྲོའོ། །ཆང་འཐུང་བ་ཡི་བསླུས་པ་དག ། དེ་ནི་བྱེད་པ་དམན་པ་ཡིན། །མི་བཟད་སེམས་ཅན་དམྱལ་བར་ལྷུང་། །དོན་མེད་ཅི་ཞིག་ཡོངས་སུ་གདུང་། །འཐུང་པའི་ཚེ་ན་ཆང་ཞིམ་སྟེ། །རྣམ་སྨིན་ཚེ་ན་མཆོག་ཏུ་ཚ། །ཀིམ་པ་ཀ་ནང་ཀིམ་པ་ཀ། ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །བདག་ལ་འདི་དག་མི་གནོད་ཅེས། ། བློ་ལྡན་ཆང་ལ་ཡིད་མ་རྟོན། །མྱོང་ན་བསིལ་ཡང་རྣམ་སྨིན་ཚ། །ཆང་ནི་དམྱལ་བར་འགྲོ་བར་བྱེད། །སྡིག་པའི་ཆོས་རྣམས་བྱེད་པ་ལ། །སེམས་གཡེང་བ་དག་དགའ་བར་བྱེད། །ཕྱི་ནས་རྣམ་སྨིན་ཚ་བ་རུ། །བློ་ངན་ཡོངས་སུ་གདུང་བར་འགྱུར། །འདོད་པ་རྣམས་ལ་བློ་མི་གཏོང་། ། འདོད་པ་མཆོག་ཏུ་བསླུ་བ་ཡིན། །འཁོར་བའི་འཆིང་བ་དྲག་པོ་སྟེ། །སེམས་ཅན་དམྱལ་བ་ཀུན་གྱི་རྒྱུ། །གང་ཞིག་འདོད་པ་རྣམས་ལ་དགའ། །དེ་ཡི་སྡུག་བསྔལ་མཐའ་མེད་དོ། །འདོད་པའི་སྦྲུལ་གྱིས་ཟིན་པ་ལ། །བདེ་བ་ནམ་ཡང་ག་ལ་ཡོད། །ཁྱེད་ཅག་འདོད་པ་མི་བཟད་ཅིང་། ། དྲག་པོ་སེམས་ཅན་དམྱལ་བར་འོང་། །གནོད་པ་ཤིན་ཏུ་མི་བཟད་པས། །དོན་མེད་ཅི་ཞིག་ཡོངས་སུ་གདུང་། །གང་ཚེ་འདོད་པ་བསླུས་པ་ཡི། །ཁྱེད་ཅག་གིས་ནི་སྡིག་བྱས་པ། །དེ་ཚེ་ཅི་ཕྱིར་ཁྲོ་མི་བྱེད། །དེ་རིང་ཅི་ཞིག་ཡོངས་སུ་གདུང་། །བྱས་ལ་བསགས་པ་བརྟེན་པ་ཡི། །ལས་དག་གི་ནི་འབྲས་བུ་སྣང་། །སྡིག་པའི་ཚོར་བ་མི་བཟད་པ། །དེ་ལྟ་བས་ན་སྡིག་མི་བྱེད། །སྡིག་པ་སྡིག་པའི་རྣམ་སྨིན་ཏེ། །རྟག་ཏུ་སྡིག་པ་རྣམས་སུ་སྨིན། །སྡིག་མི་བྱེད་ལ་སྡིག་མེད་དོ། །དེ་ལྟ་བས་ན་སྡིག་པ་སྤོངས། །སྡིག་པ་ཡོངས་སུ་སྤངས་པ་ལ། །སྡིག་པའི་འཇིགས་པ་མེད་པ་ཡིན། །སྡིག་པ་རང་གིས་བྱས་པ་གནོད། །གཞན་གྱིས་སྤྱོད་པར་མི་འགྱུར་རོ། །ཞེས་གཤིན་རྗེའི་མི་རྣམས་ཀྱིས་དམྱལ་བ་རྣམས་ལ་རྗེས་སུ་བསྟན་ནས་ཇི་སྲིད་སྡིག་པའི་ལས་སྤངས་ལ་ཟད་པར་མ་བྱས་པར་དེ་སྲིད་དུ་གནོད་པ་སྣ་ཚོགས་བྱེད་དུ་འཇུག་གོ །ཕྱིས་དེ་ལས་ཐར་ནས་གལ་ཏེ་ཡི་དྭགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ་མིར་སྐྱེས་ན་ལས་དེ་དང་རྒྱུ་མཐུན་པའི་འབྲས་བུས་དེ་མཆོག་ཏུ་ཁྲོ་བས་ཁྲོ་བར་འགྱུར་ཞིང་། བཀའ་བློ་མི་བདེ་བར་འགྱུར་བར་གསུངས་པ་དང་། སེང་གེས་ཞུས་པ་ལས། ཆང་བྱིན་ན་སྐྱེ་བ་ལྔ་བརྒྱར་ལག་རྡུམ་དུ་སྐྱེའོ་ཞེས་དང་། དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས། ཆང་དང་། དུག་དང་། མཚོན་ཆ་དང་། བསད་ཤ་སྟེར་བ་རྣམས་མ་དག་པའི་སྦྱིན་པར་གསུངས་པས་གཞན་ལ་ཆང་བཙོང་པ་དང་སྦྱིན་པ་ལའང་ཉེས་དམིགས་ཤིན་ཏུ་ཆེ་བས་སྤང་ཞིང་བག་ཡོད་པར་བྱ་བ་གལ་ཆེའོ། །གཉིས་པ་སོ་ཐར་གྱི་སྡོམ་པ་དང་འགལ་བའི་ཚུལ་ནི། དགེ་ཚུལ་སློང་ལྟ་ཅི་སྨོས། དགེ་བསྙེན་གྱི་བསླབ་པ་ལ་ཞུགས་པ་ཙམ་ནས་མྱོས་བྱེད་ཀྱི་བཏུང་བ་སྐྲའི་རྩེ་མོས་བླངས་པའི་ཐིག་པ་གཅིག་ཙམ་ཡང་གནང་བའི་སྐབས་མེད་དེ། སོ་སོ་ཐར་པའི་མདོར། འབྲུའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ་འཐུང་ན་ལྟུང་བྱེད་དོ། །ཞེས་དང་། ཀཱ་རི་ཀཱར་ཡང་། འབྲུ་བཏགས་ཕབ་དང་སྦྱར་བ་ཡི། །བཏུང་བའི་བྱེ་བྲག་འབྲུ་ཡི་ཆང་། །སྡོང་བུ་མེ་ཏོག་འབྲས་བུ་ལས། །སྦྱར་བའི་ཁུ་བ་བཅོས་པའི་ཆང་། །དེས་ནི་མྱོས་པར་འགྱུར་རིགས་དང་། །སྡོམ་བརྩོན་ཕན་འདོད་མི་བཏུང་ངོ་། །དེ་འཐུངས་ནས་ནི་དྲན་ཉམས་ཤིང་། །བརྟུལ་ཞུགས་ལྡན་པ་བག་མེད་འགྱུར། ། བག་མེད་པ་ལས་བརྟུལ་ཞུགས་ཉམས། །དེ་བས་སྟོན་པའི་བཀའ་དྲན་བྱ། །མྱོས་འགྱུར་ཉེས་པ་འཕེལ་འགྱུར་བས། །རྩ་མཆོག་གིས་ཀྱང་མི་བཏུང་ངོ་། །ཞེས་དང་། མདོ་རྩ་བ་ལས། ནད་པས་ཆང་ནི་རྩ་མཆོག་གིས་མི་བཏུང་ངོ་། །ཞེས་དང་། སློབ་དཔོན་ཤཱཀྱ་འོད་ཀྱིས། སྟོན་པས་ང་ལ་ལུང་ནོད་པས་རྩ་མཆོག་གིས་ཀྱང་མི་སྤྱིན་མི་བཏུང་ངོ་ཞེས་བསྟན་པར་བཤད་ཅིང་། ཆང་བསྐོལ་བ་འཐུང་ན་ཉེས་པ་མེད་དམ་སྙམ་ན། ཆང་གི་རོ་དང་ནུས་པ་གཉིས་མེད་ན་ནད་པས་བསྟེན་དུ་རུང་ལ། ཡོད་ན་མི་རུང་བར་གསུངས་སོ། །དེས་ན་སོ་ཐར་གྱི་སྐབས་སུ། ཆང་ནི་ཉེས་པ་ཀུན་གྱི་རྩ་བ་སྟེ། །རྩ་རྩེ་ཙམ་ཡང་བཏུང་བར་མི་བྱའོ། །ཞེས་པ་ལྟར། རྣམ་པ་ཐམས་ཅད་དུ་བཀག་པ་ཡིན་ལ། དེའི་རྒྱུ་མཚན་ཡང་། འཕགས་པ་ཉེས་སྦས་ཀྱིས། མཚམས་མེད་པ་ལྔ་དང་། ལྟུང་བ་རིགས་ལྔ་དང་། ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ། ། ཞེས་བཤད་པ་དང་། རྒྱ་ཆེ་འགྲེལ་ལས། བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་ན་རེ། རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་ཏེ། སྲོག་གཅོད་པ་ལ་སོགས་པ་བཞིན་དུ་ཉེས་པར་སྤྱོད་པའོ་ཞེས་གསུངས་པའི་ཕྱིར་དང་། ངན་སོང་གི་རྒྱུར་བསྟན་པའི་ཕྱིར་དང་། བག་མེད་པའི་གནས་ཀྱི་གཞི་ཡིན་པའི་ཕྱིར་དང་། གཅིག་ཏུ་ངེས་པར་མ་གནང་བ་ཡིན་པའི་ཕྱིར་རོ། །ཞེས་བཤད་པས་སོ། །གསུམ་པ་བྱང་སེམས་ཀྱི་བསླབ་པ་དང་འགལ་བའི་ཚུལ་ནི། འཕགས་པ་སོར་ཕྲེང་ཅན་གྱིས་ཞུས་པའི་མདོ་ལས། གང་བྱི་བོ་དང་། མ་ནིང་དུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཆང་འཐུང་ཞིང་བྱི་བོ་དང་མ་ནིང་འགྱུར་ཏེ། ཤིན་ཏུ་མི་གཙང་བ་འཐུང་པ་ཡིན་ནོ། །ཞེས་སོགས་རྣམ་པ་དུ་མས་སྨད་ཅིང་། ཐེག་ཆེན་གསོ་སྦྱོང་ལས། སྐྱོན་ནི་མང་པོ་ཉེར་བརྟེན་པ། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཞེས་གསུངས་པ་ལྟར་ཆང་ལས་སྐྱོན་བྱུང་བའི་ཚུལ་ཡང་། མདོ་དྲིན་ལན་བསལ་པ་ལས། སངས་རྒྱས་འོད་སྲུང་གི་བསྟན་པའི་གཞུག་ཏུ། དགེ་བསྙེན་ཞིག་གིས་ཆང་འཐུངས་པའི་སྐྱོན་གྱིས་གཞན་གྱི་ཆུང་མ་ལ་འདོད་པས་ལོག་པར་གཡེམ་པ་ཡང་བྱས། ཕ་རོལ་པོའི་བྱ་ཕོ་བརྐུས་ནས་བསད་པ་དང་། གཞན་དག་གིས་ཁྱོད་དེ་ལྟ་བུ་བྱས་ནས་ཅི་བྱེད་བྱས་པས་མ་བྱས་ཟེར་ནས་བརྫུན་ཡང་སྨྲས་པས་རྩ་བ་བཞི་ཀའང་ཆང་ཁོ་ནས་བརླག་པར་བྱས་པར་གསུངས་ཤིང་། གཞན་ཡང་མདོ་དེ་ཉིད་དུ། མདོ་སྡེ་བཀླག་པ་དང་། ཁ་ཏོན་ཏུ་བྱ་བ་ལ་སོགས་པ་ཐམས་ཅད་རེ་ཞིག་འདོར་བར་བྱེད་པས་ཆང་སྤང་བར་བྱའོ། །ཞེས་གསུངས་པ་སོགས་ལུང་རིག་མཐའ་ཡས་པ་སྣང་ཞིང་། མདོར་ན་ཆང་འཐུང་བ་ལ་བརྟེན་ནས་སེམས་ཅན་བློས་སྤངས་པའི་རྩ་ལྟུང་དང་། མཆོད་འོས་དང་སེམས་ཅན་བསླུ་བ་སོགས་ནག་པོའི་ཆོས་བཞིའང་འབད་མེད་དུ་འབྱུང་བའི་ཕྱིར་རྟག་ཏུ་སྤང་བར་བྱ་དགོས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོར་ཡང་། ཆང་དགའ་དགོངས་པ་ཐམས་ཅད་ལ། །རྟག་ཏུ་བག་མེད་སྤྱོད་པར་འགྱུར། ། མཁས་པ་རྣམས་ཀྱིས་སྨད་འགྱུར་ཞིང་། །འདི་དང་གཞན་དུ་རྣམ་པར་རྨོངས། །དེ་བས་སྐྱེས་བུ་མཁས་པ་ཡིས། །ཆང་ལ་དགའ་བ་སྤང་བར་བགྱི། །དེས་ནི་ཡོན་ཏན་འགྲུབ་པར་བགྱི། ། གཞན་དུའང་སྟོན་པར་བགྱིད་པ་ལགས། །ཞེས་དང་། ཡང་དེ་ཉིད་དུ། རྒྱལ་པོ་ཆེན་པོ་ཆང་གི་བཏུང་བ་ནི་དྲན་པ་ཡོངས་སུ་ཉམས་པར་འགྱུར་བའི་རྒྱུ་སྟེ་རྣམ་པ་ཀུན་ཏུ་སྤང་བྱར་གདམས་པ་དང་། གཞན་ཡང་མདོ་སྡེ་མྱང་འདས་སུ། དགེ་སློང་རྣམས་ལ་དངོས་པོ་ལྔ་བྱེད་དུ་མི་གནང་བར་འཆད་དེ། ལྔ་གང་ཞེ་ན། མི་དང་། མཚོན་དང་། ཆང་དང་། ཞོ་དང་། འབྲུ་མར་འཚོང་དུ་མི་གནང་སྟེ། ཞེས་དང་། གནས་ལྔར་འགྲོ་བར་མི་གནང་སྟེ། ལྔ་གང་ཞེ་ན། བཤན་པ་དང་། སྦྲང་འཚོང་མ་དང་། ཆང་འཚོང་མ་དང་། རྒྱལ་པོའི་ཕོ་བྲང་གི་ནང་དང་། རིགས་ངན་གྱི་ཁྱིམ་སྟེ་ལྔའོ། །ཞེས་ཉེས་པའི་རྒྱུར་འགྱུར་བ་ལ་དགོངས་ནས་འགྲོ་བ་ཙམ་ཡང་བཀག་པ་ཡིན་ནོ། ། གསུམ་པ་གསང་སྔགས་ཀྱི་དམ་ཚིག་དང་འགལ་བའི་ཚུལ་ནི། བྱ་རྒྱུད་དཔུང་བཟང་གིས་ཞུས་པ་ལས། ཤ་ཆང་སྒོག་ཙོང་སོགས་རྣམ་པ་ཀུན་ཏུ་སྤང་ཞིང་སྔགས་པས་དཀར་གསུམ་སོགས་ཁ་ཟས་གཙང་མ་ལ་བརྟེན་པར་བཤད་ལ། དོན་ཡོད་ཞགས་པའི་རྒྱུད་ལས། གལ་ཏེ་དེ་ཉིད་འགྲུབ་འདོད་ན། །ཆང་དང་ཤ་དང་ཀུན་དོང་དང་། །འདྲེས་དང་ཟ་འཕྲོ་སོགས་པ་སྤངས། ། ཞེས་དང་། སྤྱོད་རྒྱུད་ལས། ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། ། སེམས་ཅན་གནོད་པར་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །ཞེས་དང་། དཀྱིལ་འཁོར་ཆེན་པོའི་རྒྱུད་ལས། མྱོས་པར་འགྱུར་བའི་བཏུང་བ་རྣམས། །སྦྱིན་པར་མི་བྱ་སྦྱིན་མི་གཞུག ། ཆང་ནི་ཉེས་པ་ཐམས་ཅད་ཀྱི། །རྩ་བ་ཡིན་པར་རྣམ་པར་བཤད། །ཅེས་གསུངས་སོ། །དེ་བཞིན་དུ་རྒྱུད་སྡེ་འོག་མ་གསུམ་ཆར་ལས། ཤ་ཆང་བསྟེན་དུ་མི་རུང་བའི་ཚུལ་མཐའ་ཡས་པ་ཞིག་གསུངས་ཤིང་། དེ་དག་གི་ཆོ་ག་ཉམས་སུ་ལེན་པའི་ཚེ་ཡང་ངེས་པར་གསོ་སྦྱོང་ལ་གནས་པར་བྱ་དགོས་པ་སོགས་སྤྱོད་པ་རྣམ་པར་དག་པ་བསྟེན་དགོས་པར་གསུངས་སོ། །དེར་མ་ཟད་རྣལ་འབྱོར་ཆེན་པོ་ལ་ཞུགས་པའི་གང་ཟག་རྣམས་ཀྱིས་ཤ་ཆང་བསྟེན་དུ་མི་རུང་སྟེ། བླ་མ་ལྔ་བཅུ་པར། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལ་མ་བསྡམས་དང་། ། རང་བསྟོད་བླ་མར་སློབ་མ་ནི། །བློ་བཟང་ལྡན་པས་མི་བྱའོ། །ཞེས་མཚན་ཉིད་འདི་རྣམས་དང་ལྡན་ན་བདུད་རིས་ཀྱི་སློབ་དཔོན་ཡིན་གྱི་གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་མ་ཡིན་པས་བླ་མར་མི་བྱ་བར་གསུངས་པ། མཚན་ཉིད་དེ་དག་གི་དོན་ཡང་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། བརྩེ་མེད་ཤ་ཟ་བ་ལ་གསུངས། །ཁྲོ་བ་དགའ་བར་སྣུན་བྱེད་དང་། །གདུག་པ་ལེགས་པའི་སྐྱེ་བོར་སྡང་། །ཁེངས་པ་ཡེ་ཤེས་སྤངས་པའོ། །ཆགས་པ་ལྷ་ཡི་དཀོར་ལ་སྤྱོད། །མ་བསྡམས་ཤིན་ཏུ་ཆང་འཐུང་བ། །རང་བསྟོད་སྟོང་པ་ཉིད་ལམ་ལ། ། སྨོད་ཅིང་གནོད་པ་བྱེད་པའོ། །ཞེས་སྙིང་རྗེ་མེད་པ་ནི་ཤ་ཟ་བ་དང་། མ་བསྡམས་པ་ནི་ཆང་འཐུང་བ་ལ་བཤད་པའི་ཕྱིར་མཚན་ཉིད་འདི་དག་དང་ལྡན་ན་རྡོ་རྗེ་སློབ་དཔོན་དུ་མི་འགྱུར་བ་ཡིན་ནོ། །དེ་བཞིན་དུ་རྒྱུད་རྡོ་རྗེ་རྩ་མོར། ཕུང་ཁྲོལ་ཀུན་གྱི་རྩ་བ་ནི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཞེས་དང་། མི་གཡོ་བ་གཏུམ་པོའི་རྒྱུད་དུ། སྲོག་ཆགས་བསད་པར་མི་བྱ་ཞིང་། །ཕ་རོལ་ནོར་ནི་འཕྲོག་མི་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་མི་བྱ། །བློ་ལྡན་ཆང་ནི་བཏུང་མི་བྱ། ། འཇིག་རྟེན་སྨོད་པ་སྤང་བར་བྱ། །རབ་གསལ་བསླབ་པའི་གནས་འདི་ནི། །གུས་པ་དང་བཅས་སྤྱད་པར་བྱ། ཞེས་དང་། ཡང་དེ་ཉིད་ལས། མྱོས་བྱེད་ཆང་གི་བཏུང་བ་ནི། །བདག་གིས་གང་དུའང་བཏུང་མི་བྱ། །ཞེས་གསུངས་པ་དང་། དུས་འཁོར་ལས་ཐོག་མའི་བརྟུལ་ཞུགས་ཉེར་ལྔའི་ཡ་གྱལ་གཅིག་ཆང་སྤང་བར་གསུངས་པ་དང་། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལས། སྔགས་པ་ཆང་གིས་ཉམས་འགྱུར་ཞིང་། །འདོད་པ་ལ་བརྐམ་འཁྲིག་པར་བྱེད། ། གར་བྱེད་དེ་བཞིན་དགོད་པ་དང་། །འཐབ་མོ་ལ་སྤྲོ་རྣམ་པར་འཁྲུལ། །སྨོད་ཅིང་ཉམས་པར་བྱེད་པས་ཀྱང་། །དམྱལ་བ་ངུ་འབོད་དུ་འཚེད་འགྱུར། །རྣལ་འབྱོར་མ་ཀུན་ཁྲོས་པ་དང་། ། སྡིག་པས་དམྱལ་བར་འགྲོ་འགྱུར་ཞིང་། །དེ་ལ་ནད་དང་མྱ་ངན་འཇིགས། །རྣམ་འཚེ་འཇིགས་སུ་རུང་བ་འབྱུང་། །བླ་མ་ལ་འཁུ་བླ་མར་སྨོད། །སེམས་ཅན་འཁུ་ལ་སྦྱིན་མི་བྱ། །བདུད་རྩི་དང་ནི་དུག་དེ་ཉིད། །དངོས་གྲུབ་སྒྲུབ་པ་འབྲས་བུ་མེད། །འདི་དག་སྔོན་གྱི་སངས་རྒྱས་ཀྱིས། ། སྔགས་པས་སྤང་བར་བྱ་བར་གསུངས། །ཞེས་གསུངས་པ་སོགས་བླ་མེད་ཀྱི་རྒྱུད་དགོངས་པ་ཅན་མ་ཡིན་པའི་སྒྲ་ཇི་བཞིན་པ་རྣམས་ལས་མྱོས་བྱེད་ཀྱི་བཏུང་བ་རྣམ་པ་ཐམས་ཅད་དུ་བཀག་པར་མཛད་དོ། །སྔགས་བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་གསང་དབང་བསྐུར་བ་དང་ཚོགས་ཀྱི་འཁོར་ལོའི་དུས་སུ་ཤ་ཆང་ལ་ལོངས་སྤྱོད་པར་བཤད་པ་ནི་གསང་བའི་གནས་སུ་ནུས་པ་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་དམ་ཚིག་གི་སྤྱོད་པ་ཚུལ་བཞིན་དུ་སྤྱོད་པ་ལ་དགོངས་པ་ཡིན་ཏེ། དེའང་ཆང་བཏུང་པར་ནུས་པའི་རྣལ་འབྱོར་པ་ནི་བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པས་གང་འཐུང་ཐམས་ཅད་བདུད་རྩིར་བསྒྱུར་ནུས་པས་དུག་ཧ་ལ་ནག་པོས་ཀྱང་གནོད་པར་མི་ནུས་ཤིང་། སླར་བདུད་རྩིར་འགྱུར་བ་སྟེ། ནཱ་རོ་པ་ལ་མི་རྒོད་རྣམས་ཀྱིས་ཆུ་ཁྲི་ཕུལ་བ་བདུད་རྩིར་བསྒྱུར་ནས་གསོལ་བ་དང་། ཇི་ཙམ་བཏུང་ཡང་མྱོས་པར་མི་འགྱུར་བ་བིརྺ་པ་ལྟ་བུ་རྣམས་ཏེ། དེ་ལྟ་བུའི་གྲུབ་པ་ཐོབ་པའི་རྣམ་འབྱོར་པ་རྣམས་ཀྱིས་གནས་ཉི་ཤུ་རྩ་བཞི་ལ་སོགས་པ་ཕུན་སུམ་ཚོགས་པར་དུས་བཟང་པོ་ལ་དཔའ་བོ་དང་དཔའ་མོ་རྣམས་མཆོད་པའི་དོན་དུ་ཚོགས་ཀྱི་འཁོར་ལོ་ལ་བདུད་རྩི་ལྔ་དང་ཆང་དང་ཤ་ལྔ་ལ་སོགས་པའི་བཟའ་བ་རྣམས་སྦྱངས་རྟོགས་སྦར་གསུམ་གྱིས་བདུད་རྩིར་དངོས་སུ་བསྒྱུར་ནས་ལོངས་སྤྱད་པ་མ་གཏོགས་བསྐྱེད་རྫོགས་ལ་བརྟན་པ་ཐོབ་ནས་ཆང་བདུད་རྩིར་སྒྱུར་བའི་ནུས་པ་ཕྲ་མོ་ཙམ་ལྟ་ཅི། སེམས་སྐད་ཅིག་ཀྱང་མི་གནས་པར་རྣམ་རྟོག་གི་གཞན་དབང་དུ་ཤོར་ནས་ཆང་ཕོར་བ་གང་ཙམ་གྱིས་ལུས་སེམས་མྱོས་པར་འགྱུར་བ་དེ་དག་གིས་ནི་སྔགས་བླ་མེད་ལ་ཁག་བསྙད་ནས་ཆང་བཏུང་ན་ངེས་པར་དམྱལ་བར་འགྲོ་བ་ལས་ཐུན་མོང་གི་དངོས་གྲུབ་ཕྲ་མོ་ཙམ་ཡང་མི་ཐོབ་པོ། །དེས་ན་སྔགས་བླ་མེད་དུ་ཞུགས་པའི་རྣལ་འབྱོར་པ་ཡིན་ཡང་ནུས་པ་མ་ཐོབ་པར་ཆང་བག་མེད་དུ་སྤྱོད་པར་མ་གནང་ཞིང་། རབ་བྱུང་ལ་དབང་དང་ཚོགས་འཁོར་གྱི་དུས་བླ་མས་བྱིན་ན་བླ་མ་དམ་ཚིག་ཉམས་ཤིང་འཐུང་བ་པོ་སྡོམ་པ་ཉམས་པར་བདེ་མཆོག་སྟོད་འགྲེལ་ལས་གསུངས་སོ། །གལ་ཏེ་རབ་བྱུང་གི་བླ་སློབ་ཆང་ལ་སྤྱོད་པའི་ནུས་པ་ཐོབ་ན་རབ་བྱུང་གི་ཆས་མཐའ་དག་མཁན་སློབ་ལ་ཕུལ་ནས་རྣལ་འབྱོར་པའི་ཆས་སུ་ཞུགས་པར་བྱ་སྟེ། སློབ་དཔོན་ཞི་བ་ལྷས་ཆང་གསོལ་བ་དང་། བིརྺ་པ་ཆང་གསོལ་བའི་གཏམ་རྒྱུད་ལས་ཤེས་པར་བྱའོ། །དེས་ན་དེང་སང་རབ་བྱུང་གི་སྡོམ་པ་ནི་དངོས་སུ་འབོག་ཏུ་ཡོད་པས་སེར་མོ་བ་ཐམས་ཅད་སྡོམ་ལྡན་ཡིན་པ་གཞིར་བཞག་གི་ཐོག །སྔགས་བླ་མེད་ཀྱི་གསང་དབང་དང་ཚོགས་ཀྱི་འཁོར་ལོ་རྣམས་ནི་རྗེས་མཐུན་ལས་དངོས་སུ་ནུས་པ་སུའང་མེད་པས་དེ་དག་ལ་བསྙད་བཞག་ནས་ཤ་ཆང་བག་མེད་དུ་སྤྱོད་ན་སྡོམ་པ་དམ་ཚིག་ཉམས་པ་ལས་དངོས་གྲུབ་ཀྱི་རྒྱུར་མི་འགྲོ་བ་ལ་དགོངས་ནས་རྗེ་བཙུན་ས་སྐྱ་པཎ་ཆེན་སོགས་ཀྱིས་གསང་དབང་གི་རྫས་ཆང་ངམ་སྦྲང་ངམ་ཞོ་གང་རུང་གི་ཐིག་ལེ་ཙམ་ཞིག་ལྕེ་ལ་བཞག་པར་གསུངས་པ་དང་། ཚོགས་ཀྱི་འཁོར་ལོའི་དུས་སུ་ཤ་ཆང་ལ་སོགས་པ་གཏོར་མ་ལ་འབུལ། སྡོམ་བརྩོན་རྣམས་ཀྱིས་བདུད་རྩི་རིལ་བུ་བཟའ་བའི་དམ་ཚིག་ཏུ་བསྟེན་པའམ། ཚོགས་ཆང་ཐིག་པ་ལྕེ་ལ་མྱོང་བ་ཙམ་བྱ་བར་གསུངས་སོ། །མདོར་ན་སློབ་དཔོན་དཔའ་བོའི་ཞལ་ནས། ཆང་འཐུང་བ་ནི། ཉེས་པ་དུ་མ་འབྱུང་ཞིང་ཤིན་ཏུ་མ་རུང་བར་འགྱུར་བའི་ཕྱིར། དགེ་བ་རྣམས་ནི་གཞན་དག་ཀྱང་འདི་ལས་ཟློག་པར་བྱེད་ན། བདག་ཉིད་ལྟ་སྨོས་ཀྱང་ཅི་དགོས། ཞེས་དང་། ཆང་ཞིམ་དག་ལ་དགའ་བའི་མི། །ཤི་ནས་གནོད་སྦྱིན་མ་རུང་པ། །ཆེན་པོ་དག་ཏུ་སྐྱེ་པར་འགྱུར། །ཞེས་སོགས་གསུངས་པས་ད་ལྟ་མི་ལུས་རིན་པོ་ཆེ་ཐོབ་ཅིང་དམ་པའི་ཆོས་དང་མཇལ་བའི་སྐལ་པ་བཟང་པོ་དང་ལྡན་པ་ཞིག །ཤི་ནས་འདྲེ་གདོན་དོ་ཟླ་མེད་པ་ཞིག་ཏུ་སྐྱེས་ནས་སེམས་ཅན་མང་པོའི་སྲོག་དབུགས་བསྡུས་ཏེ་དེའི་ཚེ་འཕོས་ནས་ཐར་དུས་མེད་པའི་དམྱལ་བ་ངུ་འབོད་ལ་སོགས་པ་སྡུག་བསྔལ་དོས་དྲག་པ་མྱོང་བར་འགྱུར་ན་དེ་ལས་བྱ་བ་ཉེས་ཚབ་ཆེ་བ་ཅི་ཡོད་པས། ཁོང་པའི་ནང་དྲན་པ་ཡོད་པ་དག་གིས་གནས་སྐབས་མཐར་ཐུག་གི་ཉེས་པ་ཐམས་ཅད་ཀྱི་འབྱུང་གནས། ལྟུང་བའི་སྒོ་བཞི་གཅིག་ཆར་དུ་འབྱེད་པའི་ལྡེའི་མིག །འདི་ཕྱིའི་དགེ་ལེགས་ཐམས་ཅད་འཇོམས་པར་བྱེད་པའི་དགྲ་མ་རུང་པ་ལྟ་བུ་མྱོས་བྱེད་ཆང་གི་བཏུང་བ་སྤངས་ནས་སྡིག་མེད་ཀྱི་ཁ་ཟས་བཟང་པོས་ལུས་འཚོ་བར་བྱའོ། །ལྔ་པ་ཆང་འཐུང་བ་སྤངས་པའི་ཕན་ཡོན་ནི། གོང་གི་ཉེས་པ་རྣམས་ལས་ལྡོག་པའི་ཡོན་ཏན་མཐའ་དག་དང་ལྡན་པ་ཡིན་ལ། ཚུལ་ཁྲིམས་ལྔའི་ཕན་ཡོན་བསྟན་པའི་མདོ་ལས། ཆང་འཐུང་བ་ནི་སྤངས་པ་ཡིས། ། སྐྱེས་པའམ་ནི་བུད་མེད་ནི། །ཐོབ་སྟེ་དེ་ཡི་ཕན་ཡོན་ནི། སུམ་ཅུ་རྩ་དྲུག་མི་དམན་པར། །འདས་ དང་མ་འོངས་པ་ཡི་དུས། །ད་ལྟར་བྱུང་བ་ཅུང་ཟད་དུ། །མྱུར་དུ་ཤེས་པར་འགྱུར་བ་དང་། ། རྟག་ཏུ་དྲན་པ་གནས་པ་དང་། །དེ་ནི་སྨྱོ་བར་མི་འགྱུར་ཞིང་། །ཁྱད་པར་འཕགས་པའི་ཤེས་རབ་དང་། །མི་རྨོངས་པ་དང་བག་ཡོད་དང་། །ཚིག་ནི་ཤིན་ཏུ་གསལ་བ་དང་། །ངོ་ཚ་ཤེས་ཤིང་ཚིག་ནི་གསལ། །དེ་ནི་ལོག་པར་སྨྲ་མི་འགྱུར། །ཕྲ་མ་དང་ནི་ཚིག་རྩུབ་མེད། །དོན་མེད་པ་ལ་མི་སྨོད་ཅིང་། །ཉིན་དང་མཚན་དུ་དེ་བཞིན་དུ། །བྱས་པ་ཤེས་ཤིང་བྱས་པ་ཚོར། །འདོད་མེད་གཏོང་དང་ཚུལ་ཁྲིམས་ལྡན། །ཁྲོ་བ་མེད་ཅིང་ཚིག་ནི་དྲང་། །འཇིགས་པ་མེད་ཅིང་རྣམ་པར་མཁས། །ངོ་ཚ་ཁྲེལ་ཡོད་ཕུན་སུམ་ཚོགས། །འཇིགས་པ་དང་ནི་དོགས་པ་མེད། །ཡིད་གཞུང་ཐོས་པ་འཛིན་པ་དང་། །དོན་ཡོད་སྐྱེ་བོ་མང་ནང་མཁས། །ཆང་གི་བཏུང་བ་སྤངས་པ་ཡིས། །

སྐྱེས་པའམ་ནི་བུད་མེད་ཀྱིས། །ཕན་ཡོན་འདི་རྣམས་མྱོང་བར་འགྱུར། །ལྷ་རྣམས་དང་ནི་མི་རྣམས་སུ། །དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་ཏུ་བདེ་འགྲོ་མཐོ་རིས་ལྷའི་འཇིག་རྟེན་དང་མཐོ་རིས་སུ་སྐྱེའོ། །ཞེས་སྤྱིར་བཤད་ལ། བྱེ་བྲག་སྡོམ་པ་གསུམ་པོའི་བཅས་པ་ལས་མ་འདས་པས་སྡོམ་ལྡན་དང་དམ་ཚིག་ཅན་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ་ས་དང་ལམ་གྱི་མངོན་རྟོགས་རིམ་གྱིས་རྫོགས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་འཐོབ་པར་འགྱུར་རོ། །སྙིགས་མའི་དུས་འདིར་ཆོས་མིན་སྤྱོད་པ་མང་། །དེ་ཡིས་ཐུབ་བསྟན་མྱུར་དུ་འཇིག་པར་བྱེད། །བདུད་ཀྱིས་བྱིན་བརླབས་སྐྱོན་ལ་ཡོན་ཏན་བཟུང་། །རྒྱལ་བའི་བཀའ་ལ་བདེན་པར་འཛིན་པ་དཀོན། །དེས་ན་འདི་འདྲས་གཞན་ལ་ཕན་དཀའ་ཡང་། །དམ་པ་རྣམས་ཀྱི་གསུང་བཞིན་བསྒྲུབས་པའི་མཐུས། །སྐྱེ་བོ་དུ་མ་ངན་འགྲོའི་ལམ་ལས་ཟློག །ཐར་པའི་དགའ་ཚལ་མཆོག་ཏུ་འཁྲིད་ནུས་ཤོག །ཅེས་པ་འདིའང་གཞན་ཕན་ལྷག་པའི་ཐུགས་ལྡན་གྱི་དམ་པ། སྡེ་བཞི་དགེ་བཅུའི་ཆོས་སྲིད་ཀྱི་མདུན་ན་འདོན་ཆེན་པོ་གཉེར་པདྨ་ལེགས་གྲུབ་ནས་སྔོན་འགྲོའི་ཁྲིད་ཡིག་གི་ཆ་ལག་ཏུ་འདི་ལྟ་བུ་ཞིག་དགོས་ཞེས་གསུང་བསྐུལ་ནན་བསྐྱར་གནང་བ་ལྟར། ཤྲཱི་ཨ་བུ་ཧྲལ་པོས་བཀའ་དང་བསྟན་བཅོས་ཀྱི་གཞུང་བཟང་རྣམས་ལས་བཏུས་པའོ། །ཕྱི་མོའི་ཞུ་དག་ཀྱང་ཀུ་སཱ་ལི་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་དེ་བཱི་ཀོ་ཊིའི་ཡང་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།