ངེས་པ་དོན་གྱི་མཁས་པ་ཆེན་པོ་ཟེ་ཆེན་པའི་གསུང་རབ་ལ་བསྔགས་པ་བུམ་བའི་གླུ་དབྱངས།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-072
Wylie title nges pa don gyi mkhas pa chen po ze chen pa'i gsung rab la bsngags pa bum ba'i glu dbyangs JKCL-KABUM-02-KHA-072.pdf
Location chos kyi blo gros bka' 'bum
Volume 2, Text 72, Pages 599-600 (Folios 1a1 to 1b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. nges pa don gyi mkhas pa chen po ze chen pa'i gsung rab la bsngags pa bum ba'i glu dbyangs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 599-600. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa

1 Texts in this Section (sde tshan or chos tshan)

[edit]
ངེས་པ་དོན་གྱི་མཁས་པ་ཆེན་པོ་ཟེ་ཆེན་པའི་གསུང་རབ་ལ་བསྔགས་པ་བུམ་བའི་གླུ་དབྱངས་ཞེས་བྱ་བ་བཞུགས། རྡོ་རྗེ་འཆང་དབང་མི་ཡི་གར་སྒྱུར་དྲི་མེད་པདྨ་རྒྱས་པའི་སྤྱན། །ཤེས་རབ་རིན་ཆེན་གསེར་གྱི་ལྡེ་མིག་ཐབས་མཁས་སྤྱོད་པའི་འཛིན་སྟབས་ཀྱིས། །ལེགས་པར་བཟུངས་ནས་དམ་ཆོས་ནོར་བུའི་མཛོད་ཀྱི་སྒོ་འཕར་འབྱེད་པ་ན། །སྔོན་མེད་ལེགས་བཤད་ནོར་བུའི་གྲམ་བུ་ཕྱོགས་འདིར་བརྡལ་བས་མཛེས་པར་བྱས། །ཀྱེ་མ་གངས་རིའི་ལྗོངས་འདི་ན། །མཁས་པའི་སྙན་པ་ཆེས་གྲགས་ཀྱང་། །ཀུན་ལས་འཕགས་པའི་བསྟན་བཅོས་ནི། །ཁྱོད་གསུང་ཁོ་ན་མ་ལགས་སམ། །འཇིག་རྟེན་མགོན་བྱེད་ཚངས་པའི་དབང་། །ཤེས་བྱའི་གནས་རྣམས་རབ་བཀྲ་ཞིང་། །འཇིག་རྟེན་ཕན་བདེ་ཉེ་བར་བསྒྲུབས། །མཐོ་རིས་དཔལ་རྣམས་རྒྱས་པར་བྱེད། །ཡོན་ཏན་ཡོན་ཏན་ཀུན་གྱི་གཙོ། །མཁས་པ་མཁས་པས་ཕྱག་བྱས་ཤིང་། །གྲུབ་པ་གྲུབ་པའི་དབུས་ན་མཐོ། །བཟང་པོ་བཟང་པོའི་སྤྱོད་འཆང་ཁྱོད། །ཉི་མའི་དཀྱིལ་འཁོར་འོད་ཟེར་བརྒྱས། །གླིང་བཞིའི་མུན་པ་ཀུན་སེལ་ཞིང་། །ཁྱེད་གསུང་ལེགས་བཤད་འོད་ཟེར་གྱིས། །འགྲོ་བའི་བློ་གྲོས་མུན་པ་སེལ། །ཚ་ཟེར་ཅན་ནི་རེ་ཞིག་གི། མུན་པ་སེལ་ཡང་ཕྱི་ཕྱིར་འཕེལ། །ཁྱོད་གསུང་སྣང་བས་བློ་ཡི་མུན། །མཐའ་དག་དྲུང་ནས་འཇོམས་པས་འཕགས། །ཟླ་ཤེལ་བདུད་རྩིའི་ཉིང་ཁུ་ནི། །སྐྱེ་རྒུ་དགའ་བར་བྱེད་པའི་གསོས། །སྲིད་པའི་ཚ་གདུང་བཅོམ་མ་ཡིན། །ཚ་བས་ཉེན་ལ་བསིལ་བའི་སྨན། །གང་གི་ལེགས་བཤད་བདུད་རྩི་ནི། །ལྷ་དང་བཅས་པའི་དགའ་སྟོན་ཆེ། །ཉོན་མོངས་རིམས་རྣམས་འཇོམས་བྱེད་ཅིང་། །ཐམས་ཅད་མཁྱེན་པའི་ལང་ཚོ་རྒྱས། །རང་བཟོས་སྟོབས་ཤུགས་རྒྱས་མིན་ཞིང་། །བྲག་ཅའི་སྒྲ་བཞིན་ཟློས་པའང་མིན། །གནད་རྣམས་ཉམ་པར་གྱུར་མིན་པའི། །ཚིག་སྦྱོར་སྡེབས་ལེགས་དོན་གྱིས་ལྕི། །དེ་འདྲའི་ལེགས་གསུང་ཁོ་ན་སྟེ། །ཁྱེད་ཀྱིས་མཁྱེན་གཏེར་ལྷ་དེ་ལས། །འཕྲོག་པ་མིན་ནམ་གང་ཅིའང་རུང་། །རྒྱལ་བའི་བཀའ་དང་མཚུངས་པར་སྔགས། །དེ་ལྟར་རབ་ཏུ་སྔགས་པ་ཡི། །དབྱངས་ཀྱི་རྒྱལ་མོའི་རྒྱུད་མངས་འདི། །དད་གསུམ་སོར་རྩེས་བསྒྲེངས་པ་ལས། །ངག་གི་དབང་ཕྱུག་འགྲུབ་པར་ཤོག ། །།

Footnotes

Other Information