ཨོ་རྒྱན་སངས་རྒྱས་གཉིས་པ་ལ་བསྟོད་པ་དད་གསུམ་སྤྲིན་དཀར་འཛུམ་པའི་ཕོ་ཉ།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-048
Wylie title o rgyan sangs rgyas gnyis pa la bstod pa dad gsum sprin dkar 'dzum pa'i pho nya JKCL-KABUM-02-KHA-048.pdf
Location chos kyi blo gros bka' 'bum
Volume 2, Text 48, Pages 505-507 (Folios 1a1 to 2a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. o rgyan sangs rgyas gnyis pa la bstod pa dad gsum sprin dkar 'dzum pa'i pho nya. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 505-507. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity pad+ma 'byung gnas
Colophon

།ཅེས་པའང་མེ་སྟག་ཟླ་༨ཚེས་༡༨གཟའ་མཆོག་པ་ཝ་སངས་རྒྱུ་སྐར་གྱི་ལྷ་མོ་ནམ་གྲུ་ལ་རྩེན་པའི་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པར་གསོལ་བ་འདེབས་པ་འདི་ཡང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བཛྲ་པ་ཎིའི་ཐུན་བར་ལ་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་མངྒ་ལཾ། །

ces pa'ang me stag zla 8tshes 18gza' mchog pa wa sangs rgyu skar gyi lha mo nam gru la rtsen pa'i dus kyi dge mtshan phun sum tshogs par gsol ba 'debs pa 'di yang 'jam dbyangs blo gros rgya mtshos badz+ra pa Ni'i thun bar la bris pa dge legs mchog tu gyur cig__/sarba mang+ga laM/

1 Texts in this Section (sde tshan or chos tshan)

[edit]
ཨོ་རྒྱན་སངས་རྒྱས་གཉིས་པ་ལ་བསྟོད་པ་དད་གསུམ་སྤྲིན་དཀར་འཛུམ་པའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿངོ་བོ་ཀ་དག་སྟོང་ཆེན་སྤྲོས་དང་བྲལ། །རང་བཞིན་འོད་གསལ་ལྷུན་འབྱམས་མཚོ་སྐྱེས་རྗེ། །རང་རིག་ངོ་བོ་པདྨ་འབྱུང་གནས་ལ། །སྒོ་གསུམ་གུས་པའི་དབྱངས་ཀྱིས་བསྟོད་པར་བགྱི། །བཅུ་དྲུག་བྱེ་བའི་ཆ་ཤས་ཡོངས་རྫོགས་པ། །རབ་དཀར་ཟླ་བ་གསར་པའི་ལང་ཚོ་ལ། །རྗེས་ཆགས་དབང་གི་འོད་དམར་གྱིས་འཁྱུད་པ། །པདྨ་ལས་གྲོལ་བླ་མའི་ཞབས་ལ་འདུད། །རྡོ་རྗེ་ལྟ་བུའི་སྐུ་ནི་འགྱུར་བ་མེད། །མི་ཤིགས་ཚེ་དབང་ལྷུན་གྱིས་གྲུབ་པ་ཡི། །རིགས་ཀྱི་རིག་འཛིན་ཡོངས་ཀྱི་འཁོར་ལོས་བསྒྱུར། །རྒྱལ་ཀུན་སྤྱི་གཟུགས་མཚོ་སྐྱེས་རྡོ་རྗེར་བསྟོད། །འགགས་མེད་གསུང་ནི་ཞིང་ཁམས་ཀུན་ཏུ་ཁྱབ། །སྙན་བརྗིད་ལྷ་ཡི་རོལ་མོ་འབུམ་གྱིས་ཀྱང་། །ཆ་ཤས་ཙམ་ཡང་གཞལ་མིན་མཐའ་ཀླས་པ། །རྡོ་རྗེ་ནཱ་དའི་རང་སྒྲ་ཁྱོད་ལ་བསྟོད། །དབྱངས་གཅིག་བརྗོད་མེད་བརྗོད་པ་ཀུན་གྱི་གཞི། །མཐའ་ཡས་འགྲོ་བའི་བློ་དང་འཚམས་པར་སྟོན། །དགོངས་པ་ལུང་སྟོན་སངས་རྒྱས་ཀུན་གྱི་གསུང་། །གསུང་གི་རྡོ་རྗེ་པདྨ་སཾ་བྷར་བསྟོད། །ཐུགས་ནི་མཁའ་དང་རྒྱ་མཚོ་ནོར་བུ་བཞིན། །ངོ་བོ་འགྱུར་མེད་རྣམ་པ་ཐམས་ཅད་པ། །དེ་བཞིན་གཤེགས་པའི་དགོངས་པར་རོ་གཅིག་པས། །ཟབ་ཞི་སྤྲོས་བྲལ་འོད་གསལ་ཆེན་པོར་བསྟོད། །མཁྱེན་བརྩེའི་ཡེ་ཤེས་ཟང་མཐའ་མེད་པའི་དབྱིངས། །དབྱིངས་ལས་ཡེ་ཤེས་སྣང་བ་རབ་འབྱམས་འཕྲོ། །འཕྲོ་ཡང་ཆོས་ཀྱི་དབྱིངས་ལས་མ་གཡོས་པ། །ཐུགས་ཀྱི་རྡོ་རྗེ་པདྨ་འབྱུང་གནས་བསྟོད། །ཡོན་ཏན་རྒྱལ་བ་ཀུན་དང་མི་ཕྱེད་ཅིང་། །སངས་རྒྱས་རྒྱ་མཚོ་རྣམས་དང་རོ་སྙོམས་པ། །ཞིང་ཁམས་རྒྱ་མཚོ་དུས་གསུམ་ཀུན་ཏུ་ཁྱབ། །བློ་འདས་བསམ་མི་ཁྱབ་པའི་ངོ་བོར་བསྟོད། །རྒྱལ་དང་རྒྱལ་བའི་སྲས་ཀྱི་ཕྲིན་ལས་རྣམས། །གཅིག་བསྡུས་དེ་ཡི་བྱེད་པོར་མངའ་དབང་རྫོགས། །གདུལ་དཀའ་འདུལ་མཛད་ཕྲིན་ལས་ཁྱད་པར་འཕགས། །ཨོ་རྒྱན་མ་ཧཱ་གུ་རུ་གུས་པས་བསྟོད། །འཛམ་གླིང་སྤྱི་དང་བོད་ཁམས་འགྲོ་བའི་སྐྱབས། །ཁྱད་པར་བདག་གི་སྐྱབས་གཅིག་པདྨ་འབྱུང་། །ཐུགས་རྗེས་བདག་ལ་བརྩེ་བས་དགོངས་སུ་གསོལ། །འབྲལ་མེད་སྙིང་གི་དབུས་སུ་བཞུགས་ནས་ཀྱང་། །ཟབ་དོན་ཉི་མ་བརྒྱ་ཕྲག་སྙིང་ལ་འཆར། །མཁྱེན་ནུས་བརྩེ་བ་གུ་རུ་ཉིད་དང་མཉམ། །སྟོབས་དཔལ་འཆོལ་བའི་ཁྲོ་རྒྱལ་ཆེན་པོ་དང་། །དབྱེར་མེད་གསང་གསུམ་བདག་གིས་འགྲུབ་པར་ཤོག །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །སྔ་འགྱུར་སྙིང་པོའི་བསྟན་དང་བསྟན་འཛིན་འཕེལ། །བོད་ཁམས་དུས་ཀྱི་རྒུད་པ་ཀུན་ཞི་ནས། །དོན་གཉིས་དགའ་སྟོན་མཆོག་ཏུ་རྒྱས་པར་ཤོག །ཅེས་པའང་མེ་སྟག་ཟླ་༨ཚེས་༡༨གཟའ་མཆོག་པ་ཝ་སངས་རྒྱུ་སྐར་གྱི་ལྷ་མོ་ནམ་གྲུ་ལ་རྩེན་པའི་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པར་གསོལ་བ་འདེབས་པ་འདི་ཡང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བཛྲ་པ་ཎིའི་ཐུན་བར་ལ་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་མངྒ་ལཾ། ། །།

Footnotes

Other Information