JKCL-KABUM-03-GA-072

From Khyentse Lineage - A Tsadra Foundation Project
Revision as of 12:05, 2 December 2021 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

འཇམ་མགོན་རྡོ་རྗེ་འཆང་ལ་གསོལ་བ་འདེབས་པ་ཐུགས་རྗེ་མྱུར་འཇུག་གི་གདུང་དབྱངས།
Wylie title 'jam mgon rdo rje 'chang la gsol ba 'debs pa thugs rje myur 'jug gi gdung dbyangs JKCL-KABUM-03-GA-072.pdf
Location chos kyi blo gros bka' 'bum
Volume 3, Text 72, Pages 255-258 (Folios 1a1 to 2b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People འཇམ་མགོན་ཀོང་སྤྲུལ་ ('jam mgon kong sprul)
Citation 'jam dbyangs mkhyen brtse chos kyi blo gros. 'jam mgon rdo rje 'chang la gsol ba 'debs pa thugs rje myur 'jug gi gdung dbyangs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 255-258. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Colophon

།ཅེས་པའང་མེ་བྱི་ཟླ་བའི་དུས་དྲན་མཆོད་པའི་ཉིན་མི་ཕྱེད་པའི་དད་པ་བརྟན་པོས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་འདིས་ཀྱང་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག།

/ces pa'ang me byi zla ba'i dus dran mchod pa'i nyin mi phyed pa'i dad pa brtan pos chos kyi blo gros pas gsol ba btab pa 'dis kyang ye shes gzigs pa'i byin rlabs myur du 'jug pa'i rgyur gyur cig/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
འཇམ་མགོན་རྡོ་རྗེ་འཆང་ལ་གསོལ་བ་འདེབས་པ་ཐུགས་རྗེ་མྱུར་འཇུག་གི་གདུང་དབྱངས་ཞེས་བྱ་བ་བཞུགས་སོ། །ཀུན་ཁྱབ་སྲིད་ཞིའི་དབང་ཕྱུག་རྣམ་སྣང་མཛད། །དཀྱིལ་འཁོར་རྒྱ་མཚོ་སྤྲོ་དང་བསྡུ་བའི་མགོན། །རྒྱུད་ཀུན་བདག་པོ་རིགས་ལྔའི་སྤྱི་དཔལ་ཆེར། །དཔལ་ལྡན་བླ་མ་དང་པོའི་སངས་རྒྱས་འདུད། །རྡོ་རྗེ་ཆོས་དང་ཀུན་དགའ་བོ་ལ་སོགས། །འཕགས་པའི་ཡུལ་དང་བསིལ་ལྡན་ལྗོངས་ཀུན་ཏུ། །སངས་རྒྱས་བསྟན་པ་རྒྱས་པར་མཛད་པ་ཡི། །སྐྱེ་བའི་ཕྲེང་བ་ངོ་མཚར་བརྒྱུད་ལ་འདུད། །ཁྱད་པར་སྙིགས་དུས་ལྔ་བརྒྱ་ཐ་མ་པའི། །གདུལ་དཀའི་འགྲོ་རྣམས་ཡོངས་སུ་སྐྱོབས་པའི་སླད། །བཻ་རོ་ཙ་ནའི་ཡེ་ཤེས་སྤྲུལ་པའི་སྐུ། །འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པར་འདུད། །བདེན་གསུམ་རྒྱལ་བའི་མདོ་དང་པད་འབྱུང་རྗེའི། །བཀའ་གཏེར་ལུང་གིས་ཡང་ཡང་བསྔགས་པ་བཞིན། །འགྲན་ཟླ་ཀུན་བྲལ་གསང་བདག་མིར་སྣང་བ། །བློ༷་གྲོས༷་མཐ༷འ་ཡ༷ས་ཞབས་ལ་གུས་པས་འདུད། །སྐྱེས་སྦྱངས་ཡོན་ཏན་རིགས་གསུམ་མགོན་དང་མཚུངས། །མཁྱེན་བརྩེ་ནུས་པ་ཕ་མཐའ་ཡས་པའི་གཏེར། །འཆད་རྩོམ་བཀའ་བབས་མདོ་སྔགས་བསྟན་པ་གསལ། །མཚུངས་ཟླ་མ་མཆིས་འཇམ་མགོན་བླ་མར་འདུད། །ཁྱོད་གསུང་ཚིགས་སུ་བཅད་པའི་ཕྲེང་བ་རེས། །མཁས་པའི་ཡི་ག་རང་དབང་མེད་པ་འཕྲོག །ལེགས་བཤད་ཟླ་བྲལ་སྔོན་ཆད་མ་བྱུང་བའི། །གསུང་རབ་རིན་ཆེན་སྒྲོམ་གྱིས་མཛོད་དབྱེར་འདུད། །བསྟན་པའི་འོད་སྣང་ནུབ་རིར་ཕྱོགས་པའི་ཚེ། །བཀའ་གཏེར་མཛོད་ལྔའི་བསྡུ་བ་ཆེན་པོ་ལ། །བླ་མ་ཡི་དམ་མཁའ་འགྲོས་ལུང་བསྟན་བཞིན། །ཟབ་རྒྱས་ཆོས་ཀྱི་སྡུད་པོར་གུས་པས་འདུད། །ཤིང་རྟ་བརྒྱད་དང་བཀའ་ཆེན་བཅུ་ལ་སོགས། །གངས་ལྗོངས་ཆོས་ཀྱི་ཚུལ་ལུགས་ཇི་སྙེད་པ། །གཅིག་ཏུ་འདྲེན་པའི་ཤིང་རྟ་ཆེན་པོ་ནི། །འཛམ་གླིང་མཛེས་པའི་རྒྱན་དུ་གྱུར་ལ་འདུད། །པདྨཱ་ཀ་རས་སྔོན་མེད་ཟབ་གསང་བྱིན། །རྩ་གསུམ་འདུས་པའི་ཆོས་མཛོད་ཆེན་པོ་སོགས། །ངོ་མཚར་བྱིན་བརླབ་རྒྱ་མཚོའི་སྤྲིན་འཕྲོ་བའི། །ཟབ་གསང་གཏེར་གྱི་སྒོ་འཕར་དབྱེ་ལ་འདུད། །པདྨས་རྗེས་བཟུང་པདྨ་གར་གྱི་དབང་། །ཕྲིན་ལས་རབ་འབྱམས་འགྲོ་བ་འདུལ་བའི་མགོན། །ཕྱག་རྗེས་ཟླ་བྲལ་སངས་རྒྱས་སྤྲུལ་པའི་སྐུ། །འཇམ་མགོན་བླ་མའི་ཞབས་ལ་གུས་པས་འདུད། །ཡོན་ཏན་རྒྱ་མཚོ་ཟད་མི་ཤེས་པའི་གཏེར། །ཤེས་བྱ་ཀུན་མཁྱེན་དུས་གསུམ་ས་ལེར་གཟིགས། །རྩོད་བྲལ་མཁས་གྲུབ་རྒྱུ་སྐར་བྱེ་བའི་དབུས། །ཟླ་བ་ལྟར་གསལ་བླ་མ་རྗེ་ལ་འདུད། །ས་བཅུ་ལམ་ལྔའི་བགྲོད་པ་མཐར་སོན་ཅིང་། །བྱང་ཆུབ་ཆེན་པོ་མངོན་དུ་མཛད་ནའང་། །ཚུར་མཐོང་དགེ་བའི་བཤེས་ཀྱིས་རྣམ་རོལ་ནས། །བདག་དང་བདག་འདྲའི་དཔལ་མགོན་མཛད་ལ་འདུད། །མདོར་ན་སངས་རྒྱས་བྱང་སེམས་ཇི་སྙེད་དང་། །ཡོན་ཏན་མཉམ་ཞིང་མཛད་པ་ཕྲིན་ལས་མཉམ། །དེ་འདྲའི་དཔལ་ལྡན་བླ་མ་རྡོ་རྗེ་འཆང་། །དེ་ལ་སྒོ་གསུམ་གུས་པས་ཕྱག་བགྱིའོ། །མཆོད་པ་རྣམ་མང་ཀུན་བཟང་སྤྲིན་ཆེན་བྲེས། །སྡིག་ལྟུང་ཉམས་ཆགས་སྟོབས་བཞིས་གང་གིས་ཁྲུས། །སྐྱེ་འཕགས་དགེ་བ་ཀུན་ལ་བདག་ཡིད་སྤྲོ། །ཟབ་རྒྱས་ཆོས་འཁོར་རྒྱུན་ཆད་མེད་སྟོན་གསོལ། །མྱ་ངན་འདའ་བཞེད་རྟག་པར་བཞུགས་གསོལ་འདེབས། །དུས་གསུམ་དགེ་བསགས་བླ་མེད་བྱང་ཆུབ་བསྔོ། །འགྲོ་རྣམས་མི་གནས་མྱ་ངན་འདས་ཐོབ་ཅིང་། །རྒྱལ་བའི་ཕྲིན་ལས་རྒྱ་མཚོར་དབང་འབྱོར་ཤོག །བདག་ནི་ཚེ་རབས་ཀུན་ཏུ་འཇམ་མགོན་རྗེའི། །ཞབས་མཐིལ་ཚངས་གནས་རྒྱན་དུ་བཀོད་པ་དང་། །གསུང་གི་བདུད་རྩིའི་འཚོ་ཞིང་སྒོ་གསུམ་གྱིས། །དོན་ཡོད་རྣམ་བཞིས་ཁྱོད་མཉེས་བགྱིད་པར་ཤོག །མི་མཉེས་སྐད་ཅིག་ཙམ་ཡང་མི་བྱེད་ཅིང་། །གདམས་ངག་བདུད་རྩིའི་བདག་རྒྱུད་ལེགས་གྲོལ་ནས། །མཁྱེན་ནུས་བརྩེ་བས་འཆད་རྩོད་རྩོམ་པ་སོགས། །གཞན་ཕན་ཕ་མཐའ་ཡས་ལ་སྤྱོད་པར་ཤོག །ཟག་པ་མེད་པའི་ཚུལ་ཁྲིམས་དང་ལྡན་ཞིང་། །ཏིང་འཛིན་ཤེས་རབ་སྒོ་མོ་བྱེ་བ་བརྒྱས། ཆོས་མཛོད་འཛིན་དང་སྤེལ་ལ་མཐུ་ལྡན་ནས། །ཐུབ་བསྟན་མདོ་སྔགས་ཕྱོགས་བཅུར་རྒྱས་པར་ཤོག །བདག་གི་མིང་ཐོས་མཐོང་དང་དྲན་པ་དང་། །གྲིབ་མས་རེག་པའི་སེམས་ཅན་དེ་རྣམས་ཀྱང་། །དཔལ་ལྡན་བླ་མ་འཇམ་མགོན་རིན་པོ་ཆེའི། །རྗེས་བཟུང་ཐར་པའི་ལམ་ལ་ཕྱིན་པར་ཤོག །ཚེ་འདི་ཉིད་ལའང་དངོས་ཞལ་རྨི་ལམ་དུ། །འཇམ་མགོན་དགྱེས་པའི་བྱིན་རླབས་བདུད་རྩི་ནི། །སྙིང་ལ་སིམ་པས་དོན་གཉིས་འབད་མེད་དུ། །སྤྱོད་པའི་སྐལ་བཟང་བདག་གི་ཐོབ་གྱུར་ཅིག །མདོར་ན་དེང་ནས་མགོན་ཁྱོད་སངས་རྒྱས་བར། །རྟག་ཏུ་བསྙེན་ཞིང་མོས་པ་ཆེན་པོ་རུ། །མངོན་འཚང་རྒྱ་ཚེ་འདུས་པ་དང་པོར་གྱུར། །བདེ་གཤེགས་ཉིད་དང་རྣམ་དབྱེར་མེད་གྱུར་ཅིག །ཅེས་པའང་མེ་བྱི་ཟླ་བའི་དུས་དྲན་མཆོད་པའི་ཉིན་མི་ཕྱེད་པའི་དད་པ་བརྟན་པོས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་འདིས་ཀྱང་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག། །
[edit]

'jam mgon rdo rje 'chang la gsol ba 'debs pa thugs rje myur 'jug gi gdung dbyangs zhes bya ba bzhugs so/____/kun khyab srid zhi'i dbang phyug rnam snang mdzad/____/dkyil 'khor rgya mtsho spro dang bsdu ba'i mgon/____/rgyud kun bdag po rigs lnga'i spyi dpal cher/____/dpal ldan bla ma dang po'i sangs rgyas 'dud/____/rdo rje chos dang kun dga' bo la sogs/____/'phags pa'i yul dang bsil ldan ljongs kun tu/____/sangs rgyas bstan pa rgyas par mdzad pa yi/____/skye ba'i phreng ba ngo mtshar brgyud la 'dud/____/khyad par snyigs dus lnga brgya tha ma pa'i/____/gdul dka'i 'gro rnams yongs su skyobs pa'i slad/____/bai ro tsa na'i ye shes sprul pa'i sku/____/'chi med bstan gnyis g.yung drung gling par 'dud/____/bden gsum rgyal ba'i mdo dang pad 'byung rje'i/____/bka' gter lung gis yang yang bsngags pa bzhin/____/'gran zla kun bral gsang bdag mir snang ba/____/bloX grosaX mthaX' yaXs zhabs la gus pas 'dud/____/skyes sbyangs yon tan rigs gsum mgon dang mtshungs/____/mkhyen brtse nus pa pha mtha' yas pa'i gter/____/'chad rtsom bka' babs mdo sngags bstan pa gsal/____/mtshungs zla ma mchis 'jam mgon bla mar 'dud/____/khyod gsung tshigs su bcad pa'i phreng ba res/____/mkhas pa'i yi ga rang dbang med pa 'phrog__/legs bshad zla bral sngon chad ma byung ba'i/____/gsung rab rin chen sgrom gyis mdzod dbyer 'dud/____/bstan pa'i 'od snang nub rir phyogs pa'i tshe/____/bka' gter mdzod lnga'i bsdu ba chen po la/____/bla ma yi dam mkha' 'gros lung bstan bzhin/____/zab rgyas chos kyi sdud por gus pas 'dud/____/shing rta brgyad dang bka' chen bcu la sogs/____/gangs ljongs chos kyi tshul lugs ji snyed pa/____/gcig tu 'dren pa'i shing rta chen po ni/____/'dzam gling mdzes pa'i rgyan du gyur la 'dud/____/pad+mA ka ras sngon med zab gsang byin/____/rtsa gsum 'dus pa'i chos mdzod chen po sogs/____/ngo mtshar byin brlab rgya mtsho'i sprin 'phro ba'i/____/zab gsang gter gyi sgo 'phar dbye la 'dud/____/pad+mas rjes bzung pad+ma gar gyi dbang /____/phrin las rab 'byams 'gro ba 'dul ba'i mgon/____/phyag rjes zla bral sangs rgyas sprul pa'i sku/____/'jam mgon bla ma'i zhabs la gus pas 'dud/____/yon tan rgya mtsho zad mi shes pa'i gter/____/shes bya kun mkhyen dus gsum sa ler gzigs/____/rtsod bral mkhas grub rgyu skar bye ba'i dbus/____/zla ba ltar gsal bla ma rje la 'dud/____/sa bcu lam lnga'i bgrod pa mthar son cing /____/byang chub chen po mngon du mdzad na'ang /____/tshur mthong dge ba'i bshes kyis rnam rol nas/____/bdag dang bdag 'dra'i dpal mgon mdzad la 'dud/____/mdor na sangs rgyas byang sems ji snyed dang /____/yon tan mnyam zhing mdzad pa phrin las mnyam/____/de 'dra'i dpal ldan bla ma rdo rje 'chang /____/de la sgo gsum gus pas phyag bgyi'o/____/mchod pa rnam mang kun bzang sprin chen bres/____/sdig ltung nyams chags stobs bzhis gang gis khrus/____/skye 'phags dge ba kun la bdag yid spro/____/zab rgyas chos 'khor rgyun chad med ston gsol/____/mya ngan 'da' bzhed rtag par bzhugs gsol 'debs/____/dus gsum dge bsags bla med byang chub bsngo/____/'gro rnams mi gnas mya ngan 'das thob cing /____/rgyal ba'i phrin las rgya mtshor dbang 'byor shog__/bdag ni tshe rabs kun tu 'jam mgon rje'i/____/zhabs mthil tshangs gnas rgyan du bkod pa dang /____/gsung gi bdud rtsi'i 'tsho zhing sgo gsum gyis/____/don yod rnam bzhis khyod mnyes bgyid par shog__/mi mnyes skad cig tsam yang mi byed cing /____/gdams ngag bdud rtsi'i bdag rgyud legs grol nas/____/mkhyen nus brtse bas 'chad rtsod rtsom pa sogs/____/gzhan phan pha mtha' yas la spyod par shog__/zag pa med pa'i tshul khrims dang ldan zhing /____/ting 'dzin shes rab sgo mo bye ba brgyas/__chos mdzod 'dzin dang spel la mthu ldan nas/____/thub bstan mdo sngags phyogs bcur rgyas par shog__/bdag gi ming thos mthong dang dran pa dang /____/grib mas reg pa'i sems can de rnams kyang /____/dpal ldan bla ma 'jam mgon rin po che'i/____/rjes bzung thar pa'i lam la phyin par shog__/tshe 'di nyid la'ang dngos zhal rmi lam du/____/'jam mgon dgyes pa'i byin rlabs bdud rtsi ni/____/snying la sim pas don gnyis 'bad med du/____/spyod pa'i skal bzang bdag gi thob gyur cig__/mdor na deng nas mgon khyod sangs rgyas bar/____/rtag tu bsnyen zhing mos pa chen po ru/____/mngon 'tshang rgya tshe 'dus pa dang por gyur/____/bde gshegs nyid dang rnam dbyer med gyur cig__/ces pa'ang me byi zla ba'i dus dran mchod pa'i nyin mi phyed pa'i dad pa brtan pos chos kyi blo gros pas gsol ba btab pa 'dis kyang ye shes gzigs pa'i byin rlabs myur du 'jug pa'i rgyur gyur cig/__/__

Footnotes

Other Information