DKR-KABUM-02-KHA-050-17

From Khyentse Lineage - A Tsadra Foundation Project
Revision as of 16:22, 9 November 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

སྔགས་ཀྱི་སྟོན་པ་རྡོ་རྗེའི་བླ་མ་པདྨ་ཐོད་ཕྲེང་རྩལ་ལ་བསྔགས་པ་ཟབ་དོན་རྡོ་རྗེ་ནཱ་དའི་གླིང་བུ།
Wylie title sngags kyi ston pa rdo rje'i bla ma pad+ma thod phreng rtsal la bsngags pa zab don rdo rje nA da'i gling bu DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 17, Pages 268-269 (Folios 19a1 to 20a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. sngags kyi ston pa rdo rje'i bla ma pad+ma thod phreng rtsal la bsngags pa zab don rdo rje nA da'i gling bu. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 268-269. Delhi: Shechen Publications, 1994.
Genre Verses of Praise - bstod pa

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
སྔགས་ཀྱི་སྟོན་པ་རྡོ་རྗེའི་བླ་མ་པདྨ་ཐོད་ཕྲེང་རྩལ་ལ་བསྔགས་པ་ཟབ་དོན་རྡོ་རྗེ་ནཱ་དའི་གླིང་བུ་ཞེས་བྱ་བ་བཞུགས། ན་མོ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཡེ། བརྟན་གཡོ་ཀུན་ཁྱབ་ཡེ་ཤེས་ནམ་མཁའི་གཟུགས། །འཆི་མེད་དྭངས་མའི་ལང་ཚོས་སྒེག་པའི་དཔྱིད། །རབ་འབྱམས་རྒྱལ་བའི་མཁྱེན་བརྩེའི་སྟོབས་དར་བའི། །མགོན་པོ་མཆོག་ལ་བསྟོད་པའི་མེ་ཏོག་སྤེལ། ༡ །མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་ཡེ་ཤེས་སྐུ། །རབ་འབྱམས་རྒྱལ་བའི་ཞིང་ཁྱབ་ཀུན་ཏུ་འགྲོ། །རང་བྱུང་མཚན་དཔེའི་རྒྱུ་སྐར་དོ་ཤལ་ནི། །སྐྱེ་འཆི་གཞོམ་གཞིག་བྲལ་བའི་དཔལ་ལ་འདུད། ༢ །སྙིང་རྗེའི་སྤྱོད་ཡུལ་དག་བའི་སྤྲིན་ཆེན་ལས། །ཟབ་རྒྱས་ཆོས་ཚུལ་རྒྱ་མཚོའི་གྲུ་ཆར་རྒྱུན། །ཟད་མི་ཤེས་པས་ཕྱོགས་དུས་འགྲོ་རྒྱུད་ཞིང༌། །རྣམ་གྲོལ་སྙེ་མས་འགེངས་པའི་བྱེད་པོ་ཆེ། ༣ །གཅིག་དང་དུ་བྲལ་ཆོས་དབྱིངས་རིན་ཆེན་ཁམས། །སྨྲ་བསམ་བརྗོད་བྲལ་མཁའ་ལ་སྙིང་རྗེའི་ཐུགས། །ནང་གསལ་ཡེ་ཤེས་གཞོན་ནུ་བུམ་པའི་ཀློང༌། །མཉམ་རྗེས་རིས་མེད་བདེ་ཆེན་དགྱེས་པ་ཆེ། ༤ །མི་ཟད་རྒྱན་གྱི་འཁོར་ལོའི་སྒྱུ་འཕྲུལ་གར། །སྲས་བཅས་རྒྱལ་བའི་ཡེ་ཤེས་དོ་རར་རྩེན། །བསམ་གྱིས་མི་ཁྱབ་སྨོན་ལམ་བུམ་བཟང་དུ། །རྫུ་འཕྲུལ་འདུ་འགོད་ངོམས་པ་མེད་པར་སྟོན། ༥ །ཟག་མེད་ཆོས་ཁམས་རྒྱ་མཚོར་དབང་བསྒྱུར་ཀྱང༌། །ཕྲིན་ལས་ནམ་མཁའི་མཐའ་མཉམ་བཀོད་པ་སྟེ། །འདྲེན་པ་ཀུན་ལས་རྨད་བྱུང་ཐུགས་བསྐྱེད་མཐུ། །རྡོ་རྗེའི་གོ་ཆ་ཁྱོད་མཚུངས་གཞན་མ་མཆིས། ༦ །བློ་ལས་འདས་པའི་ཡེ་ཤེས་ཡོན་ཏན་རྡུལ། །དད་པའི་གེ་སར་ཆ་ཙམ་ཕེབས་པས་ཀྱང༌། །ཡིད་ཆེས་ངེས་པའི་ཚོན་བརྒྱ་བཀྲ་བ་ཡི། །མོས་གུས་སྐྱེད་མོའི་ཚལ་མཆོག་དབང་མེད་དར། ༧ །དེ་ཚུལ་བརྗོད་པའི་སྤོབས་པ་ན་ཕྲ་ཡང༌། །བཅོས་མིན་དད་པའི་ཉམས་ཆུང་གསོལ་འདེབས་ངག །ཡབ་གཅིག་སྙན་དུ་གསོན་པས་ཞལ་བཞེས་བཞིན། །ཡེ་ཤེས་སྤྱན་གྱིས་འབབ་སྟེགས་འཆའ་ལ་རེ། ༨ །རིག་སྟོང་དོན་གྱི་དགོངས་པ་གཏད་པའི་མོད། །འཁྲུལ་རྟོག་བྲག་རི་རྡུལ་དུ་མཐར་བྱས་ནས། །ཡེ་ཤེས་གསང་པའི་དབྱིངས་སུ་སྙོམས་ཞུགས་པའི། །དགའ་སྟོན་མངོན་སུམ་སྩོལ་ཅིག་པདྨ་འབྱུང༌། ༩ །ཁྱེད་ཀྱི་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ། །རྡོ་རྗེའི་གཏོར་བླུགས་བཙོ་སྦྱངས་ནུས་པ་ཡིས། །སྒོ་གསུམ་ཆ་མཉམ་མི་ཟད་རྒྱན་འཁོར་གྱི། །ལྟད་མོའི་སྐུ་བཞིའི་གྲོང་ཁྱེར་མཐོང་མཛོད་ཀྱེ། ༡༠ །སྣང་སྲིད་མཁའ་ཁྱབ་ཡེ་ཤེས་སྐུ་རྡོ་རྗེ། །རིག་འཛིན་བླ་མ་འདུས་པའི་དཀྱིལ་འཁོར་དུ། །ལེགས་ཤར་ཡོངས་གྲུབ་ཆེན་པོའི་བསྐྱེད་རིམ་གྱིས། །སྐྱེ་བཞིའི་འཁྲུལ་བའི་བག་ཆགས་དག་གྱུར་ཅིག ༡༡ །རླུང་སྔགས་གཉིས་མེད་རྡོ་རྗེའི་བཟླས་པ་ཡིས། །བསྙེན་སྒྲུབ་རྣམ་བཞིའི་གསེང་ལམ་མཐར་ཕྱིན་པ། །གྲགས་སྟོང་གསུང་གི་རྡོ་རྗེ་ནཱ་དའི་དབྱངས། །ཆོས་ཕུང་བརྒྱད་ཁྲིའི་འཁོར་ལོར་རྫོགས་གྱུར་ཅིག ༡༢ །འཁོར་འདས་ཆོས་ཀུན་རང་རིག་གདོད་མའི་དབྱིངས། །ཡེ་དག་རང་གྲོལ་ཁྱབ་བརྡལ་དགོངས་པའི་ཀློང༌། །མཉམ་རྫེས་རེ་དོགས་བྲལ་བའི་བློ་བྲལ་གྱིས། །གདོད་མའི་རྒྱལ་ཐབས་རྟེན་འདིར་སྨིན་བྱིན་རློབས། ༡༣ །གདོད་ནས་དག་པའི་ཆོས་སྐུ་འོད་མི་འགྱུར། །ཟག་མེད་མཁྱེན་བརྩེའི་ཡོན་ཏན་འོད་སྟོང་གཟིས། །ཕྱོགས་དུས་རབ་འབྱམས་རྒྱལ་བའི་ཡེ་ཤེས་དང༌། །གཉིས་སུ་མེད་པའི་དཔལ་སྟུག་ལ་བསྔགས་པས། ༡༤ །ཕུལ་བྱུང་བསོད་ནམས་དག་པའི་སྤྲིན་དཀར་ཀྱང༌། །དེ་རྗེས་འབྲང་བ་ཆོས་དབྱིངས་མཁར་བྲེས་ཏེ། །ངོ་མཚར་ཡེ་ཤེས་ནམ་མཁའི་གཟུགས་ཅན་ཉིད། །རྫོགས་པར་སྙིང་ལ་སད་པའི་དཔལ་གྱུར་ཅིག ༡༥
[edit]

!___sngags kyi ston pa rdo rje'i bla ma pad+ma thod phreng rtsal la bsngags pa zab don rdo rje nA da'i gling bu zhes bya ba bzhugs/__na mo badz+ra gu ru pad+ma thod phreng rtsal ye/__brtan g.yo kun khyab ye shes nam mkha'i gzugs/__/'chi med dwangs ma'i lang tshos sgeg pa'i dpyid/__/rab 'byams rgyal ba'i mkhyen brtse'i stobs dar ba'i/__/mgon po mchog la bstod pa'i me tog spel/_1_/mkha' khyab mkha' yi rdo rje'i ye shes sku/__/rab 'byams rgyal ba'i zhing khyab kun tu 'gro/__/rang byung mtshan dpe'i rgyu skar do shal ni/__/skye 'chi gzhom gzhig bral ba'i dpal la 'dud/_2_/snying rje'i spyod yul dag ba'i sprin chen las/__/zab rgyas chos tshul rgya mtsho'i gru char rgyun/__/zad mi shes pas phyogs dus 'gro rgyud zhing*/__/rnam grol snye mas 'gengs pa'i byed po che/_3_/gcig dang du bral chos dbyings rin chen khams/__/smra bsam brjod bral mkha' la snying rje'i thugs/___/nang gsal ye shes gzhon nu bum pa'i klong*/__/mnyam rjes ris med bde chen dgyes pa che/_4_/mi zad rgyan gyi 'khor lo'i sgyu 'phrul gar/__/sras bcas rgyal ba'i ye shes do rar rtsen/__/bsam gyis mi khyab smon lam bum bzang du/__/rdzu 'phrul 'du 'god ngoms pa med par ston/_5_/zag med chos khams rgya mtshor dbang bsgyur kyang*/__/phrin las nam mkha'i mtha' mnyam bkod pa ste/__/'dren pa kun las rmad byung thugs bskyed mthu/__/rdo rje'i go cha khyod mtshungs gzhan ma mchis/_6_/blo las 'das pa'i ye shes yon tan rdul/__/dad pa'i ge sar cha tsam phebs pas kyang*/__/yid ches nges pa'i tshon brgya bkra ba yi/__/mos gus skyed mo'i tshal mchog dbang med dar/_7_/de tshul brjod pa'i spobs pa na phra yang*/__/bcos min dad pa'i nyams chung gsol 'debs ngag__/yab gcig snyan du gson pas zhal bzhes bzhin/__/ye shes spyan gyis 'bab stegs 'cha' la re/_8_/rig stong don gyi dgongs pa gtad pa'i mod/__/'khrul rtog brag ri rdul du mthar byas nas/__/ye shes gsang pa'i dbyings su snyoms zhugs pa'i/__/dga' ston mngon sum stsol cig pad+ma 'byung*/_9_/khyed kyi rdo rje bzhi yi dkyil 'khor du/__/rdo rje'i gtor blugs btso sbyangs nus pa yis/__/sgo gsum cha mnyam mi zad rgyan 'khor gyi/__/ltad mo'i sku bzhi'i grong khyer mthong mdzod kye/_10_/snang srid mkha' khyab ye shes sku rdo rje/__/rig 'dzin bla ma 'dus pa'i dkyil 'khor du/__/legs shar yongs grub chen po'i bskyed rim gyis/__/skye bzhi'i 'khrul ba'i bag chags dag gyur cig_11_/rlung sngags gnyis med rdo rje'i bzlas pa yis/__/bsnyen sgrub rnam bzhi'i gseng lam mthar phyin pa/__/grags stong gsung gi rdo rje nA da'i dbyangs/__/chos phung brgyad khri'i 'khor lor rdzogs gyur cig_12_/'khor 'das chos kun rang rig gdod ma'i dbyings/__/ye dag rang grol khyab brdal dgongs pa'i klong*/__/mnyam rdzes re dogs bral ba'i blo bral gyis/__/gdod ma'i rgyal thabs rten 'dir smin byin rlobs/_13_/gdod nas dag pa'i chos sku 'od mi 'gyur/__/zag med mkhyen brtse'i yon tan 'od stong gzis/__/phyogs dus rab 'byams rgyal ba'i ye shes dang*/__/gnyis su med pa'i dpal stug la bsngags pas/_14_/phul byung bsod nams dag pa'i sprin dkar kyang*/__/de rjes 'brang ba chos dbyings mkhar bres te/__/ngo mtshar ye shes nam mkha'i gzugs can nyid/__/rdzogs par snying la sad pa'i dpal gyur cig_15

Footnotes

Other Information